ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

དབྱིན་ཇིའི་སློབ་གྲྭ་ཞིག་གིས་སློབ་ཆུང་སློབ་མར་བསྐུར་བའི་འཕྲིན་ཞིག

2014-12-15 ཀླུ་མོ་སྐྱིད།
  རྒྱུགས་འབྲས་ཀྱིས་ཡོད་ཚད་ཐག་གཅོད་པའི་གཙོ་རྒྱུག་སློབ་གསོའི་ཁ་དབུགས་ཀྱི་འོག་ཏུ། བོད་ཁུལ་གྱི་ཁྱིམ་བདག་དང་དགེ་རྒན། སློབ་མ་དག་གིས་ཡོད་ཚད་ནི་རྒྱུགས་འབྲས་བཟང་ངན་ཀྱི་སྟེང་ནས་མཚོན་ཐུབ་པར་ཡིད་ཆེས་ཏེ་སློབ་གསོའི་ཁ་དབུགས་གནོན་ཤུགས་ཅན་དང་། སློབ་མར་ཡིད་ཆེས་ཀྱིས་དབུལ་བ། རྒྱུགས་འབྲས་མི་ལེགས་པའི་ཚེ་འཚོ་བར་རེ་བས་སྟོང་བ་ཡི་གྲས་སུ་བགྲང་བ་སོགས་བྱས་དང་བྱེད་བཞིན་པ་ནི་དེང་སྐབས་སྤྱི་ཚོགས་ཀྱི་སློབ་གསོར་བཟུང་བའི་སྣང་ཚུལ་དུ་གྲུབ་ཡོད་པ་ནི། སློབ་གསོ་ལ་དོ་སྣང་བྱེད་མཁན་དང་སློབ་གསོའི་བྱ་གཞག་གཉེར་མཁན་རྣམས་ཀྱི་མིག་མདུན་དུ་ལྷགས་པའི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པས་ན།འདིར་དབྱིན་ཇིའི་རྒྱལ་ཁབ་ཀྱི་སློབ་ཆུང་གི་དགེ་རྒན་ཞིག་གིས་སློབ་མར་རྒྱུགས་འབྲས་དང་སྦྲགས་འཕྲིན་ཞིག་བསྐུར་བ་ང་ཚོ་རང་ཉིད་ཀྱི་སློབ་གསོར་ཕྱིར་མིག་བལྟ་སྐབས་ཀྱི་མིག་དཔེར་འགྱུར་བའི་སྨོན་པ་དང་བཅས་འགོད་པར་བྱའོ།
 
  སྙིང་ཉེ་བའི་སློབ་གྲོགས་ལགས། ཁྱེད་རང་གི་རྒྱུགས་འབྲས་ཡིག་ཟམ་གྱི་འབྲེལ་མཐུད་དུ་བསྐུར་ཡོད། གཟའ་འཁོར་འདིར་ཁྱེད་ཀྱིས་འབད་པ་ལྷོད་མེད་བྱས་པར་ང་ཚོ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཡིན་ནའང་། ང་ཚོའི་བསམ་པར་རྒྱུགས་འབྲས་འདི་དག་གིས་ཁྱེད་རང་སོ་སོ་ནི་ཁྱད་ཆོས་ཡོད་པའི་མི་རང་ག་བ་མ་ཡིན་པ་མཚོན་མི་ཐུབ། རྒྱུ་མཚན་ནི་རྒྱུགས་ཤོག་ཕུད་མཁན་དག་ནི་ཁྱེད་ཀྱི་ཁྱིམ་མི་དང་། དགེ་རྒན་ནང་བཞིན་སློབ་མ་སོ་སོའི་གནས་ཚུལ་ལ་གསལ་ཆ་མེད་པས་སོ།།
  ཁོ་ཚོས་སློབ་མ་མང་ཆེ་ཤོས་ཀྱིས་སྐད་རིགས་གཉིས་བཤད་ཤེས་པ་དང་། རོལ་མོའི་ལག་ཆ་འདྲ་མིན་དཀྲོལ་ཤེས་པ། བྲོ་གར་འཁྲབ་ཤེས་པ། རི་མོ་འབྲི་ཤེས་པ་བཅས་ཤེས་མེད། དེ་མ་ཟད། ཁྱེད་ཀྱི་དགོད་སྒྲ་རེ་རེས་གྲོགས་པོ་དག་ལ་ཡིད་དུ་འོང་བའི་ཉིན་མོ་རེ་རེ་བསྐྱལ་འོངས་པ་དང་། ཁྱེད་ཀྱིས་སྙན་ངག་དང་གླུ་ཚིག་འབྲི་བ་མ་ཟད། ལུས་རྩལ་སྦྱོང་བ་དང་ཐུན་མོང་གི་ལུས་རྩལ་དུ་ཞུགས་པ་དང་། ཁྱེད་ཀྱིས་སྐབས་རེར་སྤུན་ཆུང་ལ་གཉོར་སྐྱོང་ལེགས་པོ་བྱེད་བཞིན་པ་ཤེས་མེད། ཁྱེད་རང་ཡུལ་ལྗོངས་ལྟ་ན་སྡུག་པར་ལྟ་སྐོར་ཏུ་བསྐྱོད་མྱོང་བ་དང་ཁྱེད་ཀྱིས་གཏམ་རྒྱུད་ཡག་པོ་བཤད་ཤེས་པ།ཁྱེད་རང་ཁྱིམ་མི་དང་གྲོགས་པོའི་ལྷན་དུ་འདུག་རྒྱུར་དགའ་བ་ཤེས་མེད།ཁོ་ཚོས་ཁྱེད་ནི་ཡིད་ཆེས་ཆོག་མཁན་དང་། མི་བཟང་པོ། བསམ་བློ་ཅན་ཡིན་པ་ལས་གཞན་ཁྱེད་ཀྱིས་ཉིན་རེར་འབད་པ་ལྷོད་མེད་སྒོས་ཡར་ཐོན་ཅན་གྱི་མི་ཞིག་བྱེད་བཞིན་པ་ཤེས་མེད།
  སྐར་འབྲས་འདི་དག་གིས་ཁྱེད་ཀྱི་དོན་དག་ཟུར་ཙམ་མ་གཏོགས་ཡོད་ཚད་གཏན་ནས་སྟོན་ཐུབ་མེད།དེ་བས་རང་ཉིད་ཀྱི་རྒྱུགས་འབྲས་ལ་དགའ་སྤྲོ་སྐྱེས་པ་དང་ལ་རྒྱ་རུ་འཛིན་བཞིན་དོན་དངོས་སུ་མི་སྤྱང་གྲུང་ལྡན་པ་ཞིག་བྱེད་པར་ཐབས་ལམ་སྣ་མང་ཡོད་པ་ཡིད་ནས་མ་བརྗེད་ཅིག(རྩོམ་འགན་པ། སྒྲོལ་ཚེ)
འབྲེལ་ཡོད་རྩོམ་ཡིག