ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

༢༠༡༤ ལོའི་ཀྲུང་གོའི་སློབ་གསོའི་ཁྱབ་ཁོངས་ཀྱི་དོན་ཆེན་ལྔ།

2014-12-25 བཀྲ་རྒྱལ།
གནད་བསྡུས།   ༢༠༡༤ལོར་རང་རྒྱལ་གྱིས་སློབ་གྲྭ་ཆུང་འབྲིང་རིམ་པའི་དགེ་རྒན་གྱི་ལས་གནས་བརྗེ་རེས་དང་མཐོ་རྒྱུགས་བཅོས་སྒྱུར་ལ་སོགས་པའི་སློབ་གསོའི་བཅོས་སྒྱུར་གཏིང་ཟབ་སྤེལ།
དོན་དང་པོ།  མཐོ་རྒྱུགས་བཅོས་སྒྱུར་གྱི་ལས་དོན་སྤེལ་བ། 
  ད་ལོའི་ཟླ ༩ པར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱུགས་ལེན་སློབ་བསྡུའི་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་སྤེལ་སྐོར་གྱི་བསམ་འཆར》པར་འགྲེམས་གནང་།    ཧྲང་ཧའེ་དང་ཀྲེ་ཅང་གིས་སྔ་གཞུག་ཏུ་མཐོ་རྒྱུགས་ཕྱོགས་བསྡུས་བཅོས་སྒྱུར་གྱི་ཚོད་ལྟའི་ལས་དོན་སྤེལ།  ཟླ ༡༢ པའི་ཚེས ༡༦ ཉིན།  སློབ་གསོ་པུའུ་ཡིས《མཐོ་འབྲིང་དཀྱུས་མའི་སྦྱངས་ཚན་ཆུ་ཚད་རྒྱུགས་ལེན་སྐོར་གྱི་ལག་བསྟར་བསམ་འཆར》དང《མཐོ་འབྲིང་དཀྱུས་མའི་སློབ་མའི་ཕྱོགས་བསྡུས་སྤུས་ཚད་དཔྱད་འཇོག་བསམ་འཆར》སོགས་སྲིད་ཇུས་འཐུས་ཚང་སྤྱི་བསྒྲགས་གནང་ནས། “བསླབ་གཞི་ཡོངས་ལ་ཁྱབ་པ”དང“རིགས་དགར་ནས་བརྟག་དཔྱད”རིག་ཚན་དང་རྩིས་ཚན་མི་དབྱེ་བ“གོ་སྐབས་ཐེངས་གཉིས་སྤྲོད་པ”“སྤྱི་བསྒྲགས་ནན་མོ་བྱེད་པ”སོགས་ཀྱི་བྱེད་ཐབས་གསལ་པོར་བཏོན་ནས།   མཐོ་རྒྱུགས་སུ“རྒྱུགས་གཅིག་གིས་མི་ཚེ་ཐག་གཅོད་པའི”བྱེད་ཕྱོགས་རྩ་བའི་སྟེང་ནས་ཐག་གཅོད་བྱེད་འགོ་བརྩམས།
དོན་གཉིས་པ།  མཐོ་རྒྱུགས་ལ་སྐར་གྲངས་སྣོན་རྒྱུ་ཇེ་ཉུང་བཏང་པ།
  ཉེ་ལམ་སློབ་གསོ་པུའུ་སོགས་སྡེ་ཚན་ལྔས《མཐོ་རྒྱུགས་ལ་སྐར་གྲངས་སྣོན་པའི་རྣམ་གྲངས་དང་བསྡུར་ཚད་སྔར་བས་ཇེ་ཉུང་དུ་གཏོང་རྒྱུ་དང་ཚད་ལྡན་དུ་གཏོང་པའི་སྐོར་གྱི་བསམ་འཆར》གསལ་པོར་བཏོན་ཡོད་དེ།  ༢༠༡༥ ལོའི་ཟླ ༡ པོའི་ཚེས ༡ ཉིན་ནས་བཟུང་།  ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་མ་དང་བསམ་བློའི་ཆབ་སྲིད་ཀུན་སྤྱོད་འབུར་དུ་ཐོན་མཁན་དང་བྱས་རྗེས་ཅན།   ཚན་རྩལ་སོགས་ཀྱི་འགྲན་རྩོད་གཟེངས་རྟགས་ཐོབ་མཁན།   ལུས་རྩལ་འགྲན་བསྡུར་གལ་ཆེན་གྱི་གཟེངས་རྟགས་ཐོབ་མཁན།   རིམ་པ་གཉིས་པའི་ལུས་རྩལ་པའི་གཅིག་གྱུར་ཚད་ལེན་ཚད་ལྡན་ཅན་སོགས་རྒྱལ་ཡོངས་རང་བཞིན་གྱི་སྐར་གྲངས་སྣོན་རྒྱུ་མེད་པར་བྱས།
དོན་གསུམ་པ།  དགེ་རྒན་གྱི“ཀུན་སྤྱོད་ཚད་གཞི”གཏན་འཁེལ་གནང་པ།
  ༢༠༡༤ ལོའི་ཟླ ༡༠ པར།  སློབ་གསོ་པུའུ་ཡིས《མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་ཀུན་སྤྱོད་འཛུགས་བསྐྲུན་གྱི་ཡུན་རིང་སྒྲིག་གཞི་འཐུས་ཚང་དུ་གཏོང་པའི་བསམ་འཆར》བསྒྲགས་པར།   སློབ་མར་འདོད་སྲེད་སློང་མཁན་དང་སློབ་མ་དང་ལུས་འབྲེལ་འབྱུང་མཁན།   ཚན་ཞིབ་ལས་དོན་ཁྲོད་གཡོ་ཇུས་རྫུན་བཟོ་གནང་མཁན།   དཔྱད་རྩོམ་རྐུ་འབྲི་དང་གཞན་གྱི་རིག་གཞུང་གྲུབ་འབྲས་སྒེར་འཛིན་བཟོ་བཅོས་རྒྱག་མཁན།  ཁྲིམས་འགལ་ལྟར་ཚན་ཞིབ་མ་དངུལ་བེད་སྤྱོད་དང་།     རིག་གཞུང་ཐོན་ཁུངས།  རིག་གཞུང་ཤུགས་རྐྱེན་བེད་སྤྱོད་གཏོང་པ་སྔོན་འགོག་དང་།  སློབ་མ་དང་ཁྱིམ་བདག་གི་འབུལ་དངོས་དང་འབུལ་དངུལ་སོགས་རྒྱུ་ནོར་ལེན་པ་བཅས་ཐད་མཐོ་རིམ་སློབ་གྲྭའི་དགེ་རྒན་ལ་ཉེན་བརྡ་རང་བཞིན་གྱི་ཚད་ཐིག་བདུན་གཏན་འཁེལ་གནང་།
དོན་བཞི་པ།   དགེ་རྒན་གྱི་ལས་གནས་བརྗེ་རེས་ཇེ་མགྱོགས་སུ་བཏང་པ།
  ད་ལོའི་ཟླ ༩ པར།   སློབ་གསོ་པུའུ་སོགས་སྡེ་ཁག་ལྔས་མཉམ་འབྲེལ་སྒོས《རྫོང(ས་ཁུལ)ས་ཁོངས་ཀྱི་འོས་འགན་སློབ་གྲྭའི་སློབ་གཙོ་དང་དགེ་རྒན་བརྗེ་རེས་སྐུལ་འདེད་སྐོར་གྱི་བསམ་འཆར》བཏོན་པར།  གྲོང་བརྡལ་སློབ་གྲྭ་དང་།  སློབ་གྲྭ་སྤུས་ལེགས་ཀྱིས་ལོ་རེར་དགེ་རྒན་བརྗེ་རེས་ཀྱི་བསྡུར་ཚད་ཀྱིས་བརྗེ་རེས་ཆ་རྐྱེན་ལོངས་པའི་དགེ་རྒན་ཡོངས་ཀྱི་བརྒྱ་ཆའི་བཅུ་ལས་མི་ཉུང་བ་ཡོང་དགོས་པ་དང་།   དེའི་ཁྲོད།  རྐང་འཛིན་དགེ་རྒན་བརྗེ་རེས་ཀྱི་ཚད་བརྗེ་རེས་སྤྱི་གྲངས་ཀྱི་བརྒྱ་ཆའི་ཉི་ཤུ་ལས་མི་ཉུང་བ།   ལོ་ངོ ༣ ནས ༥ ཡི་རིང(རྫོང)ས་ཁུལ་གྱི་སློབ་གཙོ་དང་དགེ་རྒན་བརྗེ་རེས་ལས་དོན་དེ་ལམ་ལུགས་ཅན་དང་རྒྱུན་ལྡན་ཅན་དུ་བཏང་ནས་ནས་དགེ་རྒན་གྱི་ཐོན་ཁུངས་སྙོམས་སྒྲིག་གནང་དགོས།
དོན་ལྔ་བ།   སློབ་རའི་རྐང་རྩེད་སྤོ་ལོར་ཤུགས་སྣོན་བྱེད་པ།
  རྐང་རྩེད་སྤོ་ལོ་དེ་སློབ་མའི་ཕྱོགས་བསྡུས་སྤུས་ཚད་དཔྱད་འཇོག་དུ་ཚུད་རྒྱུ་དང་།  རྐང་རྩེད་སྤོ་ལོ་ནི་ལུས་རྩལ་སློབ་ཚན་གྱི་ངེས་ཁྲིད་བསླབ་གཞིར་བདམས་རྒྱུ།  ནུས་ཤུགས་ཡོད་རྒུས་སློབ་རའི་རྐང་རྩེད་སྤོ་ལོ་མཐོར་འདེགས་གཏོང་རྒྱུ་གནད་དུ་འཛིན་རྒྱུ་སྟེ།   གཅིག་ནི་སློབ་གསོ་དང་ལུས་རྩལ་གཅིག་གྱུར་སྒོས་བཀོད་སྒྲིག་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་ཡོང་རྒྱུ་དང་།  མ་དངུལ་དང་ས་ཁུལ།  དགེ་རྒན་གྱི་དཔུང་སྡེ་བཅས་ལ་ཐོད་བརྒལ་གཏོང་དགོས།  གཉིས་ནི་སློབ་རའི་ལུས་རྩལ་ལ་བཅོས་སྒྱུུར་གཏོང་པ།  སློབ་མ་རྣམས་ཀྱི་རྐང་རྩེད་སྤོ་ལོ་སོགས་རྣམ་གྲངས་རེ་གཉིས་ནི་ཚེ་གང་བོའི་ལུས་རྩལ་དགའ་ཕྱོགས་སུ་ཆགས་པར་བྱས་ནས་ལུས་རྩལ་གྱི་རྨང་གཞིའི་ནུས་པ་འདོན་སྤེལ་གང་ལེགས་གནང་དགོས།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག