ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ཁྱིམ་གྱི་སྒོ་འགྲམ་གྱི“ནང་སའི་བོད་ལྗོངས་འཛིན་གྲྭ”

2015-04-13
   དེང་རབས་ཀྱི་སློབ་གཉེར་མཐུན་རྐྱེན་དང་སྤུས་ལེགས་ཀྱི་དགེ་རྒན་ཐོན་ཁུངས་འཛོམས་པ་སོགས་སློབ་གཉེར་སྤུས་ཚད་གཞན་ལས་ལེགས་པའི་ནང་སའི་བོད་ལྗོངས་འཛིན་གྲྭ་ནི་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཕྲུག་དང་ཁྱིམ་བདག་མང་པོ་ཞིག་གི“སྨོན་ཡུལ”དུ་གྱུར་ཞིང་། ད་ཆ་ལྷ་སར་བཙུགས་ནས་ལོ་གཅིག་ལས་མ་སོང་བའི་སློབ་གྲྭ་ཞིག་གིས“ཁྱིམ་གྱི་སྒོ་འགྲམ་དུ་ནང་སའི་འཛིན་གྲྭ་གཉེར་རྒྱུའི”རེ་བ་བཏོན་པར་བརྟེན། ཉེ་དུས་གསར་འགོད་པས་ཅང་སུའུ་ཞིང་ཆེན་གྱིས་རོགས་སྐྲུན་བྱས་པའི་ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་དུ་གནས་ཚུལ་ངོ་མ་ཅི་ཡིན་ཤེས་རྟོགས་བྱེད་དུ་བསྐྱོད་པ་ཡིན།
   དེང་རབས་ཀྱི་མཐུན་རྐྱེན་ནང་ས་དང་འགྲན་ཆོག་རིན་ཡོད་པ།
   “གློག་རྡུལ་ལེབ་མོ”སློབ་ཁང་མི་རེ་ངོ་རེར་ཡོད་པ།
   བོད་བཟོའི་ཉམས་འགྱུར་ལྡན་པའི་སློབ་ཕྲུག་ཉལ་ཁང་དག་ས་མཐོའི་ཉི་འོད་འོག་བཀྲག་མདངས་ལྷག་པར་ཆེ། “འདི་ནི་ཕྱོགས་བསྡུས་སློབ་ཁང་ཡིན། དེ་ནི་ཐང་ཆེན་ཡིན། རྒྱབ་དེ་ནི་སློབ་ཕྲུག་བུ་མོའི་ཉལ་ཁང་ཡིན”ཞེས་ཅང་སུའུ་ནས་ཡོང་བའི་སློབ་སྤྱི་ལི་མིང་ཧྲེང་གིས་གསར་འགོད་པ་དང་མཉམ་དུ་སློབ་གྲྭར་སྐོར་བ་རྒྱག་བཞིན་དུ་སྤོབས་པ་ཆེན་པོས་དེ་ལྟར་བཤད།
   ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ནི་ན་ནིང་ཟླ་8པར་དངོས་སུ་སློབ་འགོ་ཚུགས་ནས་སྔོན་མའི་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པའི་རྨང་གཞིའི་ཐོག་དམའ་རིམ་སློབ་འབྲིང་པུའུ་ཞིག་འཕར་མ་བརྒྱབ་ཡོད། སློབ་གྲྭ་དེར་ས་ཁྱོན་མུའུ་214ཡོད་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་47878.28ཟིན་པར་ཁྱོན་མ་འཇོག་སྒོར་དུང་ཕྱུར་2.63བཏང་ཡོད། “དེ་ནི་སྐབས་དེ་དུས་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་གྲྭ་ཨང་དང་པོ་དེ་ཡིན”ཞེས་ལི་མིང་ཧྲེང་གིས་བཤད།
   ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་གྱི་རྫས་འགྱུར་ཚོད་ལྟ་ཁང་ལ་སླེབས་སྐབས། རྫས་འགྱུར་དགེ་རྒན་ཀྲང་ཡིང་ཕིང་གིས་རྫས་ནཱ་དང་ཆུ་བསྡེབས་ནས་རྫས་འགྱུར་གྱི་འགྱུར་བ་ཇི་འདྲ་འགྲོ་བ་སྟོན་བཞིན་འདུག དེའི་བརྒྱུད་རིམ་ཆ་ཚང་གློག་རྡུལ་ལེབ་མོའི་ཐོག་སྟོན་པའི་སྐབས། འགག་གནད་ཐུག་སྐབས་ཀྲང་ཡིང་ཕིང་གིས་སྟོན་མཚམས་བཞག་སྟེ་གློག་རྡུལ་ལེབ་མོའི་ཐོག་སྤྱི་འགྲོས་འབྲི་བ་མཐོང་བྱུང་། ཁོང་གིས“གློག་རྡུལ་ལེབ་མོ་དེ་ནི་ད་བར་རྒྱལ་ཡོངས་སུ་ཆེས་སྔོན་ཐོན་གྱི་སྒྲ་སྙན་གྱི་སྨྱན་སྦྱོར་ལྡན་པའི་སློབ་ཁྲིད་སྒྲིག་ཆས་ཤིག་ཡིན”སྤྱིར་བཏང་གི་སྒྲ་སྙན་གྱི་སྨྱན་སྦྱོར་དང་མི་འདྲ་བར་དགེ་རྒན་དང་སློབ་ཕྲུག་ཚོས་ཐད་ཀར་དེའི་ཐོག་ཡི་གེ་འབྲི་བ་དང་རྟགས་བརྒྱབ་ཆོག་ཅེས་བཤད།
   མཐོ་རིམ་སློབ་འབྲིང་ལོ་རིམ་གཉིས་པའི་སློབ་ཕྲུག་ཕུར་བུ་སྔོན་མ་ནང་སའི་བོད་ལྗོངས་སློབ་འབྲིང་དུ་གཏོགས་པའི་ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་གྲོང་ཁྱེར་སློབ་འབྲིང་བརྒྱད་པར་དམའ་རིམ་འཛིན་གྲྭ་འགྲིམས་མྱོང་ཡོད། ཁོ་བོའི་ངོས་ནས་བརྗོད་ན། སློབ་ཚན་གློག་རྡུལ་ལེབ་མོའི་ཐོག་ཁྲིད་པ་སྣང་ཚུལ་གསར་པ་ཞིག་ལགས། ཁོ་བོས“སློབ་དེབ་ནང་འཁོད་པ་དག་དོན་སྤྱི་ཙམ་ལས་མི་འཆར་ཡང་གློག་རྡུལ་ལེབ་མོས་དེ་དག་མཐོང་ཆོས་སུ་གྱུར་པ་དང་ཞིབ་ཕྲ་བསྟན་ཐུབ་ཀྱི་འདུག”ཅེས་སྦ་གསང་མེད་པར་བཤད་པ་དང་། ཡང་ཁོང་གིས་ང་ལ་བག་ཆགས་ཆེ་ཤོས་བྱུང་བ་ནི་ས་གཤིས་སློབ་ཚན་ཡིན། གློག་རྡུལ་ལེབ་མོ་ཡོད་པའི་དབང་གིས“ཡི་གེའི་བསྟན་དོན་ལ་གོ་བ་ལེན་རྒྱུར་དཀའ་ངལ་དེ་ཙམ་མིན་འདུག”ཅེས་བཤད།
   སྒྲ་ཕབ་སྟོན་ཁང་དུ་སྒྲ་དང་། འོད། གཟུགས་བརྙན་བཅས་འབུར་གཟུགས་སུ་སྟོན་པའི་ལོ་རྒྱུས་དང་ས་གཤིས་ཀྱི་ནུས་མང་སློབ་ཁང་ནང་དེང་རབས་ཀྱི་སློབ་ཁང་མང་པོ་ཡོད་པ་དག་བོད་དང་ལྷ་སར་ཡིན་པ་བསམ་བློ་ཐོངས་དཀའ། “དེང་རབས་ཅན་གྱི་མཐུན་རྐྱེན་ངོས་ནས་བཤད་ཚེ། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ནི་བོད་ནས་རྩེ་གྲ་ཡིན་ལ་ཅང་སུའུ་ལའང་དང་པོའི་གྲས་ཡིན་པ་སྨོས་ཅི་དགོས”ཞེས་ལི་མིང་ཧྲེང་གིས་བཤད།
   སྔོན་ཐོན་སློབ་གཉེར་བྱེད་སྟངས་དང་ས་གནས་ཀྱི་སློབ་མའི་དོན་དངོས་ཟུང་འབྲེལ་བྱས་པ།
   “སློབ་མའི་བབ་དང་བསྟུན་ནས་སློབ་ཁྲིད་བྱ་རྒྱུ”གཙོ་བོར་བཟུང་ནས་སློབ་ཕྲུག་གི་སློབ་སྦྱོང་ཡག་ཏུ་གཏོང་རྒྱུ་འཚོལ་ཞིབ་བྱས་པ།
   གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་གི་སློབ་སྤྱི་དང་། སློབ་ཁྲིད་ཀྱི་སློབ་སྤྱི་གཞོན་པ། སློབ་དོན་འགན་འཛིན། སློབ་དཔྱོད་འགན་འཛིན་བཅས་ཚང་མ་སློབ་གསོ་དར་རྒྱས་ཆེ་བའི་ཅང་སུའུ་ཞིང་ཆེན་ནན་ཐུང་གྲོང་ཁྱེར་དང་དབྱང་ཀྲོའུ་གྲོང་ཁྱེར་ནས་ཡོང་བ་ཤ་སྟག་ཡིན། སློབ་གྲྭ་དེར་སློབ་ཚན་འཁྲིད་མཁན་དགེ་རྒན་226ཡོད་པའི་ཁྲོད་ཅང་སུའུ་ནས་བོད་སྐྱོར་དུ་མངགས་པའི་དགེ་རྒན་50ཡོད་པ་དང་དེའི་ནང་སློབ་འབྲིང་གི་མཐོ་རིམ་དགེ་རྒན་19དང་རིམ་པ་དང་པོའི་དགེ་རྒན་31ཡོད་པ་རེད།
   ལྷ་ས་ཅང་སུའུ་ཚོད་ལྟའི་སློབ་འབྲིང་ལ་སློབ་ཕྲུག་2350ཡོད་པའི་ཁྲོད་90%ཡན་བོད་རིགས་སློབ་ཕྲུག་ཡིན། “བོད་ཀྱི་སློབ་ཕྲུག་ལ་རང་རང་གི་ཁྱད་ཆོས་ལྡན་པས་ཆ་རྐྱེན་གང་ས་ཅི་ཐད་ནས་ནང་སའི་སློབ་ཕྲུག་དང་འདྲ་གི་མེད”ཅེས་ལི་མིང་ཧྲེང་གིས་གསར་འགོད་པར་བཤད་ཅིང་། ཁོང་གིས་སློབ་གྲྭའི་སློབ་ཁྲིད་བྱེད་སྟངས་ནི་བོད་སྐྱོར་དགེ་རྒན་གྱི་སྔོན་ཐོན་སློབ་གཉེར་བྱེད་སྟངས་དང་ས་གནས་ཀྱི་སློབ་ཕྲུག་ཚོའི་དོན་དངོས་ཟུང་འབྲེལ་བྱ་རྒྱུ་དེ་ཡིན་ཞེས་བཤད།
   བོད་སྐྱོར་དགེ་རྒན་དང་ས་གནས་ཀྱི་དགེ་རྒན་དབར་ཕན་ཚུན་མཉམ་འགུལ་ཡང་ཡང་བྱེད་ཀྱི་ཡོད། སློབ་གྲྭས་གཟའ་འཁོར་རེར་སློབ་དཔྱོད་བྱེད་སྒོ་སྤེལ་བའི་ནང་ཚང་མས་ཕན་ཚུན་སློབ་ཚན་ཉན་པ་དང་དཔྱད་བརྗོད་བྱས་ཏེ་ལེགས་པའི་ཆ་གླེང་ལ་མི་འདང་བའི་སྐྱོན་ཡང་འདོན་གྱི་ཡོད། བོད་རིགས་དགེ་རྒན་ཚོའི་མིག་རྒྱང་རིང་དུ་བཏང་སྟེ་སྔོན་ཐོན་གྱི་སློབ་ཁྲིད་བྱེད་སྟངས་དང་ལེན་ཐུབ་ཆེད། ན་ནིང་སློབ་གྲྭས་བོད་རིགས་དགེ་རྒན་20ལ་ཉེ་བ་ཁག་གཉིས་བྱས་ཏེ་ཅང་སུའུ་ནན་ཐུང་དང་དབྱང་ཀྲོའུ་སོགས་ཀྱི་སྙན་གྲགས་ཆེ་བའི་སློབ་འབྲིང་ལ་སྤེལ་རེས་སློབ་སྦྱོང་བྱེད་པར་བཏང་ཞིང་། སློབ་ཁྲིད་དོ་དམ་མཁན་སློབ་སྤྱི་གཞོན་པ་ཐང་ཝུའེ་ཡིས་སྤེལ་རེས་དང་འབྲེལ་འདྲེས་ཁྲོད་སློབ་གྲྭའི་སློབ་ཁྲིད་ཀྱི་སྤུས་ཚད་ལ་ངོ་བོའི་ཐོག་ནས་འགྱུར་ལྡོག་འགྲོ་བཞིན་ཡོད་ཅེས་མྱོང་ཚོར་ཟབ་མོས་བཤད།
   “སློབ་ཁྲིད་དེང་རབས་ཅན་དང་ཚན་ཁག་བསྡུ་སྒྲིལ་བྱེད་པར་མི་འདང་བའི་ཆ་ཡོད་ལ་སློབ་ཕྲུག་གི་ཆ་འཕྲིན་བསྡུ་ལེན་གྱི་ནུས་པ་མུ་མཐུད་མཐོ་རུ་གཏོང་དགོས”ཞེས་ལི་མིང་ཧྲེང་གིས་དེ་ལྟར་བཤད་ཅིང་། ཁོང་གིས་དེང་རབས་ཀྱི་ལག་རྩལ་དང་སློབ་གྲྭའི་ལས་ཀ་ཟུང་འབྲེལ་གྱི་ཕན་ནུས་ཡག་ཤོས་ཐོན་རྒྱུ་འབད་པ་ཆེན་པོས་འཚོལ་ཞིབ་བྱེད་པ་དང་ཆབས་ཅིག་ལག་ལེན་ནང་སློབ་མའི་ཆ་འཕྲིན་བསྡུ་ནུས་བྱང་ཚད་སྐྱེད་སྲིང་བྱ་རྒྱུ་ནི་སློབ་གྲྭའི་གོམ་སྟབས་རྗེས་མའི་འབད་བརྩོན་གྱི་ཁ་ཕྱོགས་ཡིན། ང་ཚོའི་དམིགས་ས་ནི་ཁྱིམ་གྱི་སྒོ་འགྲམ་དུ་ནང་སའི་བོད་ལྗོངས་འཛིན་གྲྭ་ཡོད་པ་བྱས་ནས་ས་གནས་དེ་གའི་ཕྲུ་གུ་རྣམས་སྒོ་ཁ་ནས་ཆེས་སྤུས་ལེགས་ཀྱི་སློབ་གསོ་ཐོབ་པ་བྱ་རྒྱུ་དེ་ཡིན་ཞེས་བཤད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག