ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

མཐོ་འབྲིང་གི་སྡེ་ལས་བོད་ཀྱི་སློབ་གསོ་མཐོང་བ།

2015-04-29

མཐོ་འབྲིང་གི་སྡེ་ཡི་སློབ་གསོ་མཐོང་བ་ལ། ཐོག་མར་སྐུ་ཞབས་རྨེ་རུ་ཡུལ་ལྷ་ཐར་ལགས་ཀྱིས་བཤད་ཡོད་པའི་སྐད་ཆ་ཞིག་གིས་གླེང་སློང་བྱས་ན། ད་གཟོད་ས་གནས་སོ་སོའི་མཐོ་འབྲིང་སྐོར་གྱི་སློབ་གསོའི་སློབ་སྒྲུབ་ཀྱི་ཁ་ཕྱོགས་གསལ་བོར་མཐོང་ཐུབ་ངེས་རེད་འདོད། ཁོ་བོས་བཤད་པ་ལྟར། ༼བོད་ཀྱི་སློབ་ཆེན་སློབ་མ་དག་གི་ཆུ་ཚད་ཀྱང་ལོ་རེ་ལས་ལོ་རེར་ཇེ་སྡུག་ཇེ་ཞན་དུ་འགྲོ་བཞིན་པ་མིག་མཐོང་ལག་ཟིན་ཡིན་ལ། སྤྱི་ཚོགས་སྟེང་སློབ་ཆེན་ལ་བཏོན་པའི་རེ་བ་ཇེ་མཐོ་དང་བསམ་འཆར་ཇེ་མང་ཡིན་པ་བདེན་པར་གྲུབ་རུང་། ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་ནི། སློབ་ཆེན་དུ་ཐོན་པའི་སློབ་མ་དག་གི་རྨང་གཞིའི་ཆུ་ཚད༼བོད་ཡིག་ཆེད་ལས་ལྟ་བུར་མ་མཐའ་ཡང་སུམ་རྟགས་དག་གསུམ་ལ་བྱང་ཚད་ངེས་ཅན་ཡོད་དགོས་པ༽ངེས་པར་དུ་སློབ་འབྲིང་སྐབས་ཐག་གིས་གཅོད་དགོས་པ་ལ། དེང་གི་གནས་ཚུལ་ལ་བལྟས་ན་ཐག་གིས་བཅད་མེད་པའི་ཚད་ནི་བརྒྱ་ཆའི་བརྒྱད་ཅུའི་ཡན་ལ་སླེབས་འདུག་པ་ཚང་མས་ཤེས་གསལ་ལྟར་ཡིན་པས། སློབ་ཆེན་དགེ་རྒན་དག་གིས་སློབ་ཆེན་སློབ་མ་དག་ལ་སྔར་བཞིན་རྨང་གཞིའི་ཤེས་བྱ་འཁྲིད་རྒྱུ་ཡིན་ནམ་ཆེད་ལས་འཇོན་ཐང་འཁྲིད་རྒྱུ་ཡིན་པ་ཐག་གིས་མི་ཆོད། གལ་ཏེ་རྨང་གཞིའི་ཤེས་བྱ་གཙོར་བཟུང་བ་ཡིན་ན་སྤྱི་ཚོགས་སྟེང་སློབ་ཆེན་ནས་ཐོན་པའི་སློབ་མར་ཆེད་ལས་འཇོན་ཐང་ཅི་ཡང་མེད་པའི་སྡུག་དམེ་འདོན་ངེས་ལ། རྨང་གཞིར་ཁ་ཡ་མ་བྱས་པར་ཆེད་ལས་གཙོར་བཟུང་བ་ཡིན་ན། སློབ་མ་འདི་དག་ལ་ཡར་སྐྱེད་ཆེན་པོ་འབྱུང་རྒྱུ་ཕར་ཞོག་ར་མིན་ལུག་མིན་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁའང་ཆེ་བ་རེད།༽ཁོ་བོས་ད་དུང༼བོད་ཁུལ་གྱི་རྨང་གཞིའི་སློབ་གསོས་དོན་དངོས་སུ་རྨང་གཞི་གང་ཞིག་འཁྲིད་ཀྱིན་ཡོད་པར་དོགས་པ་མི་ཟ་རང་དབང་མེད་པར་གྱུར།༽གོང་གི་ཚིག་འདི་དག་ལས་གཙོ་བོ་མཐོ་འབྲིང་སྐབས་ཀྱི་སློབ་གསོའི་ངོ་གདོང་དམར་རྗེན་བྱས་པ་མ་ཟད། བོད་ཁུལ་གྱི་རྨང་གཞིའི་སློབ་གསོའི་ངོ་བོའང་དམར་རྗེན་དུ་བསྟན་ཡོད་པ་རེད།དེ་བས་དོན་འདི་ནི་ངོ་མ་རེད། གཙོ་བོ་བོད་ཁུལ་གྱི་མཐོ་འབྲིང་སློབ་མའི་ཤེས་བྱའི་ཆུ་ཚད་དང་། བསམ་བློའི་རྒྱུ་སྤུས་བཅས་ནི་ལོ་རེ་ནས་ལོ་རེར་ཇེ་ཞན་དུ་འགྲོ་བཞིན་པ་རེད། འདི་ལས་བོད་མི་རིགས་ཀྱི་མ་འོངས་བའི་ལས་དབང་ནི་ཡར་རྒྱས་དང་ཕུགས་བསམ་མེད་པའི་ལམ་བུ་ཞིག་ཏུ་སྙེགས་འགོ་བརྩམས་པའི་དན་རྟགས་ཀྱང་རེད། ང་ཚོས་བཤད་པའི་རྨང་གཞི་སློབ་གསོ་ནི་འོས་འགན་ཞིག་ཏུ་བརྩི་བ་ལས་རྒྱུ་སྤུས་ལ་མཐོང་ཆེན་མི་བྱེད་པའི་སློབ་གསོ་ཞིག་ཏུ་གྱུར་ཡོད་པ་འདྲ། དེ་མིན་ད་དུང་རྨང་གཞི་སློབ་གསོ་ནི་ལག་ལེན་དང་ཟུང་འབྲེལ་མི་བྱེད་པར་ཁ་བཤད་རྐྱང་བ་ཙམ་གྱིས་བསྒྲུབ་ཐུབ་པའི་ལྟ་བ་ཞིག་ཀྱང་ཆགས་ཡོད་པ་འདྲ།དེར་བརྟེན་རྨང་གཞི་སློབ་གསོ་ནི་སྨུག་ཀློང་ཁྲོད་ཀྱི་མགྲོན་པོ་ནང་བཞིན་རང་ཉིད་འགྲོ་སའི་ཁ་ཕྱོགས་དེ་རྩ་བ་ནས་རྙེད་ཀྱི་མེད་པ་རེད།དེ་ལས་རིམ་བཞིན་དམའ་འབྲིང་དང་མཐོ་འབྲིང་བརྒྱུད་པ་ལས་རྩེ་སྦོམ་གཏིང་ཕྲའི་རྣམ་པ་རུ་གྱུར་བས། མཐོ་འབྲིང་གི་སློབ་གསོ་གཙོ་བོ་སློབ་ཆེན་དུ་རྒྱུགས་འཕྲོད་དགོས་པའི་དམིགས་ཡུལ་ཁོ་ནའི་སློབ་གསོ་རུ་བཟུང་བ་ལས། སློབ་མ་དེ་རྨང་གཞི་སློབ་གསོ་དང་བསམ་བློའི་རྒྱུ་སྤུས་ཁག་ཐེག་ཡོང་བར་མི་བྱེད་པར་ཅི་ལྟར་བྱས་ཏེ་སློབ་ཆེན་སློབ་གྲྭ་ཞིག་ཏུ་རྫོངས་ཅི་ཐུབ་བྱེད་པའི་དམིགས་བྱ་གཅིག་པུ་སེམས་སུ་བཅངས་པ་ལས།ད་སྐབས་ཀྱི་རྨང་གཞི་ཤེས་བྱ་མེད་པའི་སློབ་ཆེན་པའི་སྡེ་འདི་བྱུང་བ་རེད། དེ་དང་བསྟུན་ནས་མཐོ་འབྲིང་གི་སློབ་མ་རྣམས་ཀྱིས་ཀྱང་རང་གི་རྒྱུད་ལ་ཡོན་ཏན་ཤེས་བྱ་འབྱོར་དགོས་པའི་འདུ་ཤེས་དེ་རྩ་བ་ནས་བོར་ཏེ། ནམ་རྒྱུན་སློབ་གྲྭ་ནས་འགྲོ་ཐབས་འདུག་ཐབས་དང་། མཐོ་རྒྱུགས་ཀྱི་སྐབས་སུ་རྣམ་པ་སྣ་མང་གི་བྱ་ཐབས་འཐེན་ན་རྒྱུགས་འཕྲོད་པའི་དམིགས་རིམ་དེ་གཅིག་པུ་སེམས་སུ་སྒོམ་པ་ལས། དེང་སྐབས་ཀྱི་བོད་ལ་ཆེད་ལས་འཇོན་ཐང་མི་སྣ་ཆད་ལྷག་ཏུ་བྱུང་བའི་སྣང་ཚུལ་འདི་བྱུང་བ་མ་ཡིན་ནམ། ས་ཁུལ་སོ་སོས་སློབ་གསོ་སྡེ་ཁག་དང་། སློབ་གསོ་ཤ་ཞེན་ཆེ་བའི་མི་སྣ་དག་གིས་མཐོ་འབྲིང་སློབ་མ་དག་གི་རྨང་གཞི་ཤེས་བྱ་མི་སྦྱངས་བ་དང་། བསམ་བློའི་རྒྱུ་སྤུས་ཇེ་ཞན་ནས་ཇེ་ཞན་དུ་འགྱུར་བའི་སྣང་ཚུལ་ཛ་དྲག་ཅན་འདི་དག་ལ་བསམ་པའི་སྟེང་ནས་སྒྱུར་བཅོས་བྱེད་འདོད་ཀྱི་རྣམ་འགྱུར་དང་། ཁ་བཤད་རྐྱང་བ་མིན་པའི་སློབ་གསོའི་ཐབས་ལམ་ཡག་པོ་ཞིག་བཙལ་བའི་ཕྱོགས་སུ་བློ་ཁ་འཁོར་བ་དང་། མི་རིགས་ཀྱི་སློབ་གསོའི་འགན་འཁྲིའི་ཕྲག་ཏུ་ཁུར་མཁན་རྣམ་པར་གསལ་འདེབས་ཀྱིས་དྲིལ་ཆུང་ཞིག་རྡུང་རན་ལ་སླེབས་འདུག དེ་མིན་པར་ད་དུང་མུ་མཐུད་དུ་འདི་ལྟར་རང་མགོ་རང་གིས་གཡོགས་ཏེ། ནམ་རྒྱུན་ཚུལ་འཆོས་དང་། རྫུ་བགགཡོ་ཟོལ་བཅས་ཀྱི་ཐབས་ལམ་གཅིག་པུར་མགོ་འཁོར་ནས། གཙོ་བོ་གྲངས་ཚད་ལ་རེ་བཅོལ་དང་། ཕྱི་རྫིག་ནང་སྟོང་གི་ལས་གཅིག་པུར་མགོ་འཁོར་ནས་བསྡད་ཚེ།མི་འགྱངས་བར་བོད་ཁུལ་ནས་སློབ་ཆུང་མཐར་ཕྱིན་ཚེ།རྨང་གཞི་གཙོར་མི་འཛིན་པར་སློབ་ཆེན་དུ་སྐྱེལ་བའི་སྲོལ་ཀའང་ཆགས་པར་སྙམ། དེང་གི་མཐོ་འབྲིང་གི་སྡེ་ལ་མིག་བཤེར་ཐེངས་གཅིག་བྱས་ཚེ། ཀུན་གྱིས་སེམས་སུ་ཚ་བེར་བེར་གྱི་ཚོར་སྣང་ཞིག་སྟེར་ཁོ་ཐག་ཡིན་ངེས། རྒྱུ་མཚན་ནི་རང་གི་ས་གནས་ཀྱི་སྡེ་ལ་ཁ་ཕྱོགས་ཏེ་བཤད་ན། གཅིག་ནས་མཐོ་འབྲིང་སློབ་མའི་བསམ་པ་དག་གཙང་མིན་པར། འཇིག་རྟེན་མི་ཁྱིམ་གྱི་འཚོ་བར་ཁ་ཕྱོགས་པར་ཤུགས་ཆེ་བ་ལས། མི་རང་ཉིད་ཀྱི་རྒྱུད་ལ་རིག་གནས་ཤེས་བྱ་སྣ་གཅིག་པུ་ཞིག་འབྱོར་བར་ལྟ་མཁན་ཆེས་ཉུང་བ་དང་།དེ་ལས་ལྡོག་སྟེ་ཕྱི་ཚུལ་གྱི་འགྲན་རྩོད་ལ་ཁ་ཕྱོགས་ཏེ་དཔེར་ན། ཕྱི་རྫིག་ནང་སྟོང་བྱེད་པའི་རྫིགས་ཉམས་སྟོན་པར་དགའ་བ། ཕོ་མོ་ལུས་འབྲེལ་བྱེད་པའི་སྦྱོར་བའི་ལས་ཀར་ཞུགས་འདོད་ཆེ་བ། དེང་རབས་ཀྱི་ཁྱད་ཆོས་གཙིགས་སུ་འཛིན་པར་དགའ་བ་བྱེད་པ་ལས། སློབ་སྦྱོང་གི་ཕྱོགས་ནས་འགྲན་རྩོད་བྱེད་པའི་ལྟ་བ་རང་ཤུགས་ཀྱིས་ཉམས་ཡོད་པ་རེད། གཉིས་ནས་བསམ་པའི་སྤུས་ཚད་དང་། གཤིས་རྒྱུད་ཡ་རབས་གཞུང་དྲང་གི་ལས་ལ་ཕྱོགས་མཁན་ཉིན་དཀར་གྱི་སྐར་མ་བཞིན་དཀོན་པའི་གནས་སུ་གྱུར་དང་འགྱུར་བཞིན་འདུག་ལ། སློབ་རྭ་ནས་སློབ་མ་སུ་ཞིག་མ་རབས་ཕྲ་ཚགས་ཀྱི་ལས་ལ་ཞུགས་མཁན་ཡིན་ན། དགེ་སློབ་ཀུན་གྱིས་དེ་ལ་ཡིད་སྨོན་སྐྱེས་པའི་བསམ་ཚུལ་དང་འདོད་བློ་སྟོན་པ་ལས། སློབ་མ་གང་ཞིག་སློབ་སྦྱོང་ལ་བཟང་བ་དང་། ནམ་རྒྱུན་སྤྱོད་ལམ་ཞི་དུལ་ཡིན་ལ། མི་ཀུན་འགྲིག་དང་ཡ་རབས་ཚུལ་མཐུན་ཅན་དེ་དག་ནི་སློབ་གྲྭ་ན་དགེ་སློབ་ཀུན་གྱི་མིག་ལམ་ན་ཆེས་ཆུང་བ་དང་། མཐོང་ཆེན་མི་བྱེད་པའི་གནས་སུ་འགྱུར་བའི་སྣང་ཚུལ་ཡང་ཡོད་པ་རྣ་བས་གསོས་སུ་ཐོས་མྱོང་། བཤད་ན་རྫོགས་རྒྱུ་མེད་པའི་སྡུག་གཏམ་འདི་རེ་ཞིག་མཚམས་བཞག་སྟེ་རང་ཁ་གསེར་གྱི་སྒོ་མོ། རང་སྲོག་གཅོད་པའི་སྟ་རེ་རུ་མི་འགྱུར་བའི་ཆེད་དུ་རང་ཁ་ལ་ལྕགས་ཟྭ་གྲུ་བཞི་ཞིག་བསྣར་ནས་མཇུག་སྡོམ་པ་ཡིན་ནོ། །

འབྲེལ་ཡོད་རྩོམ་ཡིག