ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

བྱིས་པའི་ཁ་ཟས་ཀྱི་བདེ་སྲུང་།

2019-10-21 སྣང་རྡོས་བསྒྲིགས།
    དང་པོ་བྱིས་པ་རློན་ནུའི་སྐབས་སུ་ཨ་མའི་ནུ་ཞོ་ནི་བྱིས་པའི་ཁ་ཟས་མཆོག་ཏུ་གྱུར་བ་ཞིག་ཡིན་ཞིང་། ཨ་མའི་ནུ་ཞོའི་ནང་དུ་འཚོ་བཅུད་ཀྱི་གྲུབ་ཆ་དང་ནད་འགོག་གི་རྒྱུ་ཆ་མང་པོ་འདུས་ཡོད་པས་བྱིས་པའི་ནད་འགོག་གི་ནུས་པ་ཇེ་ཆེ་དང་ལུས་ཁམས་འཚར་ལོངས་ཡོང་རྒྱུར་ཁ་ཟས་གཞན་གྱིས་ཚབ་བྱེད་མི་ནུས་པའི་ཕན་ནུས་ལྡན་ཡོད། དེ་བཞིན་ཨ་མའི་ནུ་ཞོ་ཡིས་བྱིས་པའི་རིག་སྟོབས་འཚར་ལོངས་དང་། ཟས་ཀྱི་ཡི་ག་འབྱེད་ཅིང་། ཁོག་པ་བཤལ་བ་སོགས་ཀྱི་ནད་མི་འབྱུང་བ་སོགས་བདེ་ཐང་གི་ཕན་ཐོགས་ཆེན་པོ་ཡོད་ལ་ནུ་མ་ནུ་བའི་སྐབས་སུ་ཁ་དང་རྐན། ལྕེ་བཅས་འགུལ་བ་དེས་སྐད་ཆ་ཤོད་པའི་ནུས་པ་སྐྱེད་བསྲིང་དང་སོ་གྲལ་དག་པོར་སྐྱེ་བ་སོགས་ཀྱི་ཕན་འབྲས་ཀྱང་ཐོན་ཡོད།
    གཉིས་པ་དེང་སྐབས་ཁྱིམ་བདག་མང་པོ་ཞིག་གིས་བྱིས་པའི་འཚོ་བཅུད་ཁ་གསབ་བྱས་པ་ཇི་ལྟར་མང་ན་དེ་ལྟར་བཟང་བར་འདོད་དེ་འཚོ་བཅུད་གང་བཟང་གང་ལེགས་སྟེར་བཞིན་ཡོད། འོན་ཀྱང་དོན་དངོས་ཐོག་འཚོ་བཅུད་ཚད་ལས་བརྒལ་ན་ཕན་པ་མེད་པ་དཔེར་ན། འཚོ་བཅུད་ཀ་པ་མང་དྲགས་ན་ལུས་ཀྱི་སྐྱི་པགས་ནད་དེ་སྐྱི་པགས་ལ་ཟ་འཕྲུག་ལངས་པ་དང་། ཟས་ལ་ཞེན་ཁ་ལོག་པ། ཕོ་བ་དང་མགོ་བོ་ན་བ། སྐྱུགས་མེར་ལངས་པ་དང་སྐྱུག་པ་སོགས་ཀྱི་ནད་རྟགས་འབྱུང་སྲིད་ཅིང་། འཚོ་བཅུད་མང་དྲགས་ན་ད་དུང་ཚ་རྒྱག་པ་དང་ཁོག་པ་བཤལ་བ། ལུས་སྟེང་གི་རུས་པ་སྙི་མོའི་རིགས་ལ་གནོད་པ་ཆེན་པོ་བྱེད་པ། གཅིན་པ་སྤྲི་དཀར་ཅན་དང་མཁལ་མར་གནོད་པ་ཐེབས་པ་སོགས་བྱེད་ངེས། དེ་བཞིན་འཚོ་བཅུད་ག་པ་མང་དྲགས་ན་ཕོ་བ་ན་བ་དང་ཁོག་པ་བཤལ་བ་སོགས་ཀྱི་ནད་འབྱུང་བ་ཡིན་པས་འཚོ་བཅུད་དོ་སྙོམ་ཡོང་བར་བྱེད་རྒྱུ་ཧ་ཅང་གལ་ཆེ།
      གསུམ་པ། ཀའེ་ཁ་གསབ་བྱེད་དགོས་པར་འོ་མའི་རིགས་ནི་ཆེས་བཟང་བའི་ཀའེ་ཐོན་ཁུངས་ཡིན་ཞིང་། དེ་ཡང་ཨ་མའི་འོ་མ་ཡག་ཤོས་དང་དེ་ནས་འབྲི་དང་བ་མོའི་འོ་མ་བཟང་ལ། ཀའེ་ཁ་གསབ་བྱེད་སྐབས་འཚོ་བཅུད་ང་པ་ཡང་འོས་འཚམ་གྱིས་ཁ་སྣོན་བྱེད་དགོས་ཤིང་། དེ་ལྟར་བྱས་ན་ཕོ་བ་དང་རྒྱུ་མ་སོགས་འཇུ་བྱེད་མ་ལག་ལ་ནུས་པ་ཆེན་པོ་ཐོན་ཐུབ་པས་རབ་ཡིན་ན་ཉིན་ལྟར་བྱིས་པའི་མིག་ལ་ཐད་ཀར་ཉི་ཟོད་མི་ཕོག་པའི་རྨང་གཞིའི་སྟེང་། ཕྱི་རུ་ཉི་མར་བསྟན་ན་འཚོ་བཅུད་ང་པ་ཁ་སྣོན་བྱེད་ཐུབ་ཅིང་དེ་ཡང་ཤེལ་སྒོས་བར་མ་བཅད་པར་ཐད་ཀར་ཉི་ཟོད་འཕྲོ་བ་བྱེད་དགོས། བྱིས་པ་རློན་ནུའི་ཕོ་བའི་ཆུ་སྐྱུར་ལྟོས་བཅས་ཀྱིས་དམའ་བ་ཡིན་པས་ཀའེ་འདེམས་སྐབས་རྒུན་འབྲུམ་སྐྱུར་ཀའེ་དང་འོ་སྐྱུར་ཀའེ་སོགས་འདེམས་དགོས། ཚྭ་མང་བའི་ཟས་རིགས་དང་སྣུམ་མང་བའི་རིགས་ཀྱི་སྤྲི་དཀར་འདུས་ཚད་མཐོ་བའི་ཟས་རིགས་དཔེར་ན། སྣུམ་བཙོས་ཟས་རིགས་དང་། བྱ་ཤ་སྲེག་མ། ཞོག་ཁོག མཚོ་འབུ་སོགས་དང་། ལིན་མང་པའི་ཟས་རིགས་དཔེར་ན་སྐོམ་ཆུའི་རིགས་དང་ཁུ་ནག་བཅས་ཀྱང་མ་འཐུང་ན་བཟང་།
འབྲེལ་ཡོད་རྩོམ་ཡིག