ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ནངས་སྔ་ལངས་བྱས་པའི་དགེ་མཚན།

2019-10-21 སྣང་རྡོས་བསྒྲིགས།
    འཛམ་གླིང་སྟེང་གི་དབང་གྲགས་ཆེ་བའི་རིག་གཞུང་ལས་ཁུངས་འགས། བདེ་ཐང་སྐོར་གྱི་ལས་གཞི་དུ་མར་ཞིབ་འཇུག་བྱས་རྗེས། ཞོགས་པར་སྔ་ལངས་བྱས་ན་གཤམ་གྱི་དགེ་མཚན་འདི་དག་ཡོད་པ་བདེན་དཔང་བྱས།
    གཅིག རྣམ་རིག་གསལ་ཞིང་ལུས་པོ་བདེ་བ།
    ཞིབ་འཇུག་ལས་ཤེས་པ་ལྟར་ན། ནངས་སྔ་ལངས་བྱེད་མཁན་ཚོ་དུས་རྒྱུན་མལ་ལས་ལངས་ཚད་མགྱོགས་ལ་རྣམ་རིག་གསལ་བས། བློ་རིག་སྒྲིམ་དགོས་པའི་བྱ་བ་སྟེ་སློབ་སྦྱོང་སོགས་ལ་མྱུར་དུ་རིག་པ་བསྒྲིམས་ནས་འཇུག་ཐུབ་པར་མ་ཟད། ལས་ཀར་ཞུགས་སྐབས་ངལ་དུབ་ཀྱི་རྣམ་པ་མེད་ལ། བྱ་བའི་ལས་ཆོད་ཀྱང་གཞན་ལས་བཟང་བ་རེད།
    གཉིས། སློབ་སྦྱོང་གི་སྦྱང་འབྲས་འབུར་དུ་ཐོན་པ།
    ཨ་མེ་རི་ཁའི་ཏུ་ཁི་ས་སི་སློབ་ཆེན(德克萨斯大学)གྱིས་ཞིབ་འཇུག་བྱས་ཏེ་ཤེས་པ་ལྟར་ན། ནངས་སྔ་ལངས་བྱེད་རྒྱུར་དགའ་བའི་སློབ་ཆེན་སློབ་མ་དག་གི་སྦྱང་འབྲས་ནི་ཞག་གང་བོར་མི་གཉིད་པའི་སློབ་མ་དག་གི་སྦྱང་འབྲས་ལས་ལྡབ་གཅིག་གིས་བཟང་བ་རེད། རྒྱུ་མཚན་ནི་ནངས་སྔ་ལངས་བྱེད་རྒྱུར་དགའ་བའི་སློབ་མ་ཚོར་རང་གི་འཚོ་བར་འཆར་གཞི་ཡོད་པ་དང་བཀོད་སྒྲིག་ལྡན་ལ། དུས་ཐོག་ཏུ་སློབ་ཐུན་ལ་ཞུགས་པ་དང་། རང་འགུལ་སྒོས་སློབ་སྦྱོང་བྱེད་པར་མཁས་པར་མ་ཟད། ཞག་གང་པོར་མི་གཉིད་པའི་སློབ་མ་ལས་ལུས་ཕུང་ཡང་བདེ་ཐང་རེད།
    གསུམ། བྱ་བ་སྒྲུབ་སྐབས་ཞིབ་ཚགས་ཡིན་ལ་བྱ་བར་འགན་འཁྲི་ལྡན།
    ཞིབ་འཇུག་ལས་ཤེས་པ་ལྟར་ན། ནངས་སྔ་ལངས་བྱེད་རྒྱུར་དགའ་བའི་མིའི་རིག་པ་དྭངས་ཤིང་གསལ་ལ། བྱ་བ་གང་དང་འཕྲད་རུང་ཞིབ་ཚགས་ངང་ཐག་གཅོད་བྱེད་མཁས་པར་མ་ཟད། བྱ་བ་སྒྲུབ་སྐབས་གཞན་ལས་ཡིད་ཆེས་དང་སྙིང་སྟོབས་ལྡན་པས། ཁོ་ཚོའི་བྱ་བའི་ལས་ཆོད་ཧ་ཅང་མཐོ་ལ། རྩ་འཛུགས་ཀྱི་རང་བཞིན་ལྡན་པས་ལས་ཀར་ཁ་ཕྱོགས་གསལ་པོ་ཡོད།
    བཞི། ལས་ཆོད་གཞན་ལས་མཐོ་བ།
    ཞག་གང་པོར་མི་གཉིད་པའི་མི་དག་ཉིན་དཀར་གཉིད་དེ་རྨི་ལམ་ལ་འགྲིམ་པའི་སྐབས་སུ། ནངས་སྔ་ལངས་བྱེད་རྒྱུར་དགའ་བའི་མི་རྣམས་ཀྱིས་ཞོགས་པར་ལུས་སྦྱང་བྱེད་པ་དང་། ཞོགས་ཟས་བཟའ་བ་སོགས་ཀྱི་བྱ་བ་མང་པོ་ཞིག་སྔ་ས་ནས་བསྒྲུབས་ཚར་ཏེ། ཉིན་དེར་ངེས་པར་སྒྲུབ་དགོས་པའི་བྱ་བ་གལ་ཆེན་དག་འགོར་འགྱངས་མེད་པར་ལག་བསྟར་བྱེད་མགོ་རྩོམ་བཞིན་ཡོད།
    ལྔ། སེམས་ཁམས་སྐྱིད་པ།
   ཁ་ན་ཏའི་ཏོ་ལུན་ཏོ(加拿大多伦多)སློབ་ཆེན་གྱི་ཞིབ་འཇུག་མི་སྣས་ཤེས་པ་ལྟར་ན། ལོ་ཚོད་གང་གི་སྐབས་ཡིན་རུང་། ནངས་སྔ་ལངས་བྱས་ན་སེམས་ཁམས་སྔར་ལས་སྐྱིད་པོ་ཡོང་བར་མ་ཟད། རང་ཉིད་ལ་བདེ་ཐང་གི་ཚོར་སྣང་གསར་བ་བྱུང་སྟེ། བདེ་ཐང་གི་འདུ་ཤེས་གཞན་ལས་ཇེ་དྲག་ཏུ་འགྲོ་ཐུབ།
    དྲུག སེམས་ནད་མི་འབྱུང་བ།
    ཞིབ་འཇུག་ལས་ཤེས་པ་ལྟར་ན། ནངས་སྔ་ལངས་བྱེད་རྒྱུར་དགའ་བའི་མི་རྣམས་ཀྱིས་བྱ་བ་སྒྲུབ་པར་གོ་རིམ་ལྡན་པ་དང་། སྔོན་ནས་གྲ་སྒྲིག་ལེགས་པོ་བྱས་ཡོད་པའི་དབང་གིས་བྱ་བ་ཅི་ཞིག་སྒྲུབ་རུང་བྲེལ་འཚུབ་མེད་པར་སྒྲུབ་ཀྱིན་ཡོད། དེའི་ཕྱིར་ནམ་རྒྱུན་སེམས་ཁམས་དྭངས་ལ་སྤྲོ་སྐྱིད་ལྡན། དེ་ལས་ལྡོག་སྟེ་ཞག་གང་བོར་མི་གཉིད་པའི་མི་རྣམས་ལ་སེམས་མི་སྐྱིད་པ་སོགས་སེམས་ནད་ཀྱི་ནད་རྟགས་མང་པོ་མངོན་པ་རེད།
    བདུན། ཀུན་དང་མཐུན་ཞིང་མི་ཚེར་དོན་སྙིང་ལྡན་པ།
    ཞི་ཉི་སློབ་ཆེན(悉尼大学)གྱི་སེམས་ཁམས་རིག་པའི་སྡེ་ཁག་གི་ཞིབ་འཇུག་ཅིག་ལས་ཤེས་པ་ལྟར་ན། ནངས་སྔ་ལངས་བྱེད་རྒྱུར་དགའ་བའི་མི་རྣམས་སྤྱིར་བཏང་གིས་ཀུན་མཐུན་ཡིན། ཞོགས་པའི་དུས་ཚོད་ལ་དམ་འཛིན་བྱེད་ཤེས་པའི་མི་དེས་རང་གི་མི་ཚེ་ལའང་འཆར་གཞི་བཟོ་བ་དང་དམ་འཛིན་བྱེད་ངེས་པས་མི་ཚེའི་དོན་སྙིང་རྙེད་ཐུབ། །
འབྲེལ་ཡོད་རྩོམ་ཡིག