ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

འཛམ་གླིང་གི་རི་དྭགས་གསའ་ཡི་ཉིན་མོ།

2019-10-24 སྣང་རྡོས་བསྒྲིགས།
 
རྫ་ཆུའི་འགོ་ཁུངས་ཀྱི་རི་དྭགས་གསའི་པར་རིས་ཁྱབ་སྤེལ་བྱས།

        ཟླ10པའི་ཚེས23ཉིན་ནི་འཛམ་གླིང་གི་གསའ་ཡི་ཉིན་མོ་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་གཞུང་ཕྱོགས་དང་རང་བྱུང་སྲུང་སྐྱོབ་ལྟེ་གནས་ཀྱིས་ཉེ་བའི་ལོ་ཤས་རིང་ཁྱབ་སྤེལ་བྱས་པའི་རྫ་ཆུའི་འགོ་ཁུངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཚོད་ཞིབ་བྱེད་པའི་སྐབས་སུ་དམར་ཕྱིའི་པར་མིག་ཏུ་རི་དྭགས་གསའ་ཡི་གཟུགས་བརྙན་མངོན། 

        རི་དྭགས་གསའ་ལ“ས་བབ་མཐོ་བའི་སྣོད་བཅུད་མ་ལག་བདེ་ཐང་ཡིན་མིན་གྱི་རླུང་གནོན་དཔྱད་ཆས”ཞེས་བརྗོད་སྲོལ་ཡོད་ཅིང་། 1996ལོའི《ཀྲུང་གོའི་སྟོངས་ཉེན་སྲོག་ཆགས་ཀྱི་རྒྱབ་ཤ་དམར་པོའི་དེབ》ཀྱི་ནང་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་གྲས་སུ་བཞག་ཡོད་པ་དང་། མིག་སྔར་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་རི་དྭགས་གསའི་ཁྱབ་རྒྱ་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་ལ། དེའི་འཚོ་གནས་བྱ་ཡུལ་གྱི་ཁྱབ་རྒྱས60%ཟིན་ཡོད་པ་རེད། 

        ཉེ་བའི་ལོ་ཤས་རིང་གཙང་གསུམ་འབྱུང་ཡུལ་དུ། རི་དྭགས་གསའ་ནི་སྔོན་ཆད་མཐོང་དཀོན་པའི་སྲོག་ཆགས་རིགས་ཡིན་ཡང་ད་ལྟ་ཡང་ཡང་དུ་མཐོང་ཐུབ་པ་ཞིག་སྟེ། དམར་ཕྱིའི་པར་ཆས་ལས་གསའ་ཡིས་སྐབས་འགར་འཁྲིག་པ་སྤྱོད་པ་དང་ཕྲུ་གུ་འཁྲིད་པའམ་ཡང་ན་འཆམ་འཆམ་བྱེད་པ། མཚམས་རེར་གྲོང་ཁྱེར་དང་གྲོང་རྡལ་གྱི་ཉེ་འགྲམ་དུ་རྒྱུ་བ་དང་། གཞན་བརྙན་ལམ་རང་ཉིད་ཀྱི་ས་ཁོངས་ལ་མཚོན་རྟགས་རྒྱག་པ་སོགས་ཀྱི་སྣང་བརྙན་མཐོང་ཐུབ་པ་མ་ཟད། ས་གནས་འབྲོག་དམངས་ཀྱིས་རྨས་སྐྱོན་ཕོག་པའི་གསའ་ལ་རོགས་སྐྱོར་བྱེད་པའི་གནས་ཚུལ་ཡང་མི་ཉུང་བ་མཐོང་རྒྱུ་ཡོད། 

        ལོ་ངོ་མང་པོའི་རིང་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་རི་དྭགས་གསའ་ལ་ཚོད་ཞིབ་ཚད་ལེན་བྱས་པ་བརྒྱུད། མིག་སྔར་ཐོག་མའི་ཚོད་དཔག་བྱས་པ་ལྟར་ན་རི་དྭགས་གསའ་ཡི་གྲངས་འབོར1000ཡན་ལ་སླེབས་ཤིང་། གོ་ལ་ཧྲིལ་པོའི་གསའ་འདུས་སྡོད་ཆེ་ཤོས་ཀྱི་ས་ཁུལ་ཡིན་པ་དང་། དེའི་ནང་རྫ་ཆུའི་འགོ་ཁུངས་ཀྱི་ས་ཁུལ་ཁོ་ནར་གསའ300ལྷག་ཙམ་ཡོད་པ་རེད། 

        ཉེ་བའི་སྐབས་གཉིས་ཀྱི་གོ་ལ་ཧྲིལ་པོའི་རི་དྭགས་གསའ་ཡི་དབུ་ཚོགས་སྟེང་། གཙང་གསུམ་འབྱུང་ཡུལ་ས་ཁུལ་ནི་བསྟུད་མར་རིག་གཞུང་ལས་རིགས་ཀྱིས་འཛམ་གླིང་ཐོག་རི་དྭགས་གསའ་འདུས་སྡོད་བྱེད་ཚད་མང་ཤོས་དང་། རིགས་དང་གྲངས་འབོར་འཕར་ཚད་མགྱོགས་ཤོས་ཀྱི་ས་ཁོངས་ཤིག་ཡིན་པ་ཁས་ལེན་ཐོབ་ཡོད། 

        ཉེ་སྔོན། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ(IUCN)གྱིས་རི་དྭགས་གསའ་ཡི་འཚོ་གནས་ཀྱི་གནས་ཚུལ་དེ“སྟོངས་ཉེན”ནས“ཉེན་ཁར”བཅོས་སྒྲིག་བྱས་པ་དེའི་སྟེང་ནས། སྐྱེ་དངོས་འདིའི་རིགས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་2500ཡན་སྐྱེ་འཕེལ་ཐུབ་པ་གསལ་བཤད་བྱས་ཡོད་པ་དང་། འདས་ཟིན་པའི་ལོ16ནང་སྲོག་ཆགས་འདིའི་རིགས་ཀྱི་གྲངས་འབོར་ཉུང་དུ་ཕྱིན་ནས་བསྡོམས་འབོར་གྱི20%མན་ལ་ཇེ་ཉུང་དུ་སོང་ཡོད། 

        རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས་གཙང་གསུམ་འབྱུང་ཡུལ་གྱི་ལས་གཞིའི་རྣམ་གྲངས་ཀྱི་ཀྲུའུ་རེན་ཀྲའོ་ཞང་གིས་ “‘IUCNདམར་པོའི་མིང་གཞུང’ཁོ་ན་ནི་ང་ཚོས་རི་དྭགས་གསའ་ལ་སྲུང་སྐྱོང་བྱེད་པའི་རྒྱུ་མཚན་མ་ཡིན་པར། རི་དྭགས་གསའ་ལ་སྲུང་སྐྱོབ་བྱེད་པའི་སྲོག་ཤིང་ནི་ང་ཚོས་མཉམ་གཅིག་ཏུ་རི་དྭགས་གསའ་དང་མིའི་རིགས་བར་ཕན་ཚུན་མཉམ་གནས་བྱེད་རྒྱུ་དེ་ཡིན་ཟེར། 

        མིག་སྔར། མི་དང་རི་དྭགས་ཀྱི་འགལ་ཟླ་ཇེ་ཆེ་དང་གཟན་ཟས་ཆད་པ། ལྐོག་རྔོན་རྒྱག་པ། དབྱར་རྩྭ་དགུན་འབུ་འཐུ་སྐབས་མིའི་རིགས་ཀྱིས་བཟོས་པའི་འགལ་རྐྱེན། ཁྱི་ལྡོམ་གྱིས་འཁྱེར་ཡོང་བའི་ནད་ཡམས་མཆེད་པ། གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་འཚོ་སྡོད་ས་རྒྱ་ཇེ་ཆུང་དུ་ཕྱིན་པ་བཅས་ནི། རི་དྭགས་གསའ་ལ་ཐེབས་པའི་གཙང་གསུམ་འབྱུང་ཡུལ་ས་ཁུལ་དུ་གནས་པའི་མི་མངོན་པའི་འཇིགས་སྐུལ་ཤ་སྟག་རེད།

       2015ལོ་ནས་བཟུང་རྫ་སྟོད་རྫོང་གཞུང་ཕྱོགས་དང་རང་བྱུང་སྲུང་སྐྱོབ་ལྟེ་གནས་གཉིས་ཀྱིས་མཉམ་སྒྲུབ་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཚོད་ཞིབ་ཚད་ལེན་ལས་དོན་སྤེལ་ཞིང་། མིག་སྔར་དམར་ཕྱིའི་པར་ཆས100ཙམ་བཙུགས་ནས། འབྲོག་པ་མི41ལ་གསོ་སྦྱོང་བྱས་པས། ས་ཁོངས་དེའི་ནང་དུ་ཉུང་མཐར་ཡང་རི་དྭགས་གསའ་རྐྱང་པ 24དང་གཟིག་ཁྲ་རྐྱང་པ7ཡོད་པ་ལྟ་ཞིབ་ཚད་ལེན་བྱས་ཡོད་པ་རེད།
འབྲེལ་ཡོད་རྩོམ་ཡིག