ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ཕྲུ་གུས་སྦྱོང་ཚན་དུས་ཐོག་ལ་འབྲི་ཐུབ་པའི་ཐབས་ཤེས། ཁྱིམ་བདག་གིས་ངེས་པར་དུ་ཀློག་དགོས།

2019-10-24 སྣང་རྡོས་བསྒྲིགས།
 
      དང་པོ། བྱིས་པས་སྦྱོང་ཚན་འབྲི་བཞིན་པའི་སྐབས་སུ་ཁྱེད་ཀྱིས་ཅི་ཞིག་བྱེད་བཞིན་ཡོད།
      ནོར་འཁྲུལ་གྱི་བྱེད་སྟངས་ནི། རང་གིས་བརྙན་འཕྲིན་ལྟ་ཞོར་དུ་ཕྲུ་གུར་ལྟ་སྐུལ་བྱེད་པ་དང་།  མགྱོགས་པོ་བྱོས།  སྦྱོང་ཚན་བྲིས། བརྙན་འཕྲིན་ལྟ་མི་ཆོག སློབ་སྦྱོང་ཡག་པོ་བྱོས་ཞེས་བཤད་པ་དེ་ཡིན། མཇུག་འབྲས་ནི་ཕྲུ་གུ་སེམས་མི་དགའ་ནས། ཁྱོད་ཀྱིས་བརྙན་འཕྲིན་ལྟ་ཆོག་པ་དང་། ངས་བལྟ་མི་ཆོག་པ་གང་ཡིན་བསམ་རྒྱུ་རེད། ཡང་དག་པའི་བྱེད་སྟངས་ནི། ཁྱིམ་བདག་གིས་ཕྲུ་གུ་དང་མཉམ་དུ་དཔེ་ཆར་ལྟ་བ་ལས་བྱིས་པར་བར་ཆད་མི་བཟོ་བ་དང་། ཁྱིམ་ཚང་གི་སློབ་སྦྱོང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་པ་དེ་ཡིན། དེ་ལྟར་བྱས་ན་ཕྲུ་གུ་སྦྱོང་ཚན་འབྲི་སྐབས་སེམས་པ་ལྷིང་འཇགས་དང་། སློབ་སྦྱོང་བྱེད་པའི་བསམ་པ་ལྡན་ཐུབ།
      གཉིས་པ། ཕྲུ་གུ་ཉལ་རན་དུས། སྦྱོང་ཚན་ད་དུང་འབྲི་ཚར་མེད་ན། ཁྱེད་ཀྱིས་གང་འདྲ་བྱེད།
      ནོར་འཁྲུལ་གྱི་བྱེད་སྟངས་ནི། ཕྲུ་གུར་ཁྱོད་ཀྱིས་ང་ལ་ཁོང་ཁྲོ་བསླངས་འདོད་པ་ཡིན་ནམ། ད་རུང་ཚར་མེད་དོན་ཅི་རེད། ངས་ལྟ་སྲུང་བྱས་ཏེ་འདུག་ཆོག་ཅེས་དེ་ལྟར་གཤེ་གཤེ་བཏང་ན། མཇུག་འབྲས་ནི་ཕྲུ་གུ་བྲེལ་བ་མི་ལངས་བ་དང་།  ཀ་ཀོར་བྱས་ཏེ་སྡོད་རྒྱུ་རེད། ཡང་དག་པའི་བྱེད་སྟངས་ནི།  གཟབ་ནན་དང་ལྷིང་འཇགས་ཀྱི་སྒོ་ནས་ཕྲུ་གུར་སྦྱོང་ཚན་འབྲི་རྒྱུ་ནི་ཁྱོད་རང་ཉིད་ཀྱི་བྱ་བ་ཡིན་པས། ཁྱོད་ཀྱིས་རང་ཉིད་ཀྱི་བྱ་བར་འགན་ཁུར་དགོས། བྲིས་མ་ཚར་ན་འབྲི་མི་དགོས། སང་ཉིན་རང་ཉིད་སློབ་གྲྭར་སོང་ནས་དགེ་རྒན་ལ་གསལ་བཤད་བྱོས་ཞེས་ཟེར་དགོས། དེ་འདྲ་བྱེད་ན། ཕྲུ་གུ་ཚོས་རང་ཉིད་ཀྱི་ནོར་འཁྲུལ་ཤེས་པ་དང་། འགྱོད་པ་སྐྱེས་ནས། རྗེས་སུ་སྦྱོང་ཚན་དུས་ཐོག་འབྲི་དགོས་པའི་བསམ་བློ་ཡོད་སྲིད།
      གསུམ་པ། ཕྲུ་གུས་བརྙན་འཕྲིན་ལྟ་ནས་བསྡད་པའམ་། གཉིད་ཉལ་བའི་དུས་ཚོད་སླེབས་ཀྱང་མི་ཉལ་བ་ཡང་ན་སྦྱོང་ཚན་མི་འབྲི་བ་ཡིན་ན། ཁྱེད་ཀྱིས་གང་འདྲ་བྱེད།
      ནོར་འཁྲུལ་གྱི་བྱེད་སྟངས་ནི། ཁོང་ཁྲོ་ལངས་ནས་བརྙན་འཕྲིན་གྱི་གློག་གསོད་པ་དང་། སྐད་མཐོན་པོས་ཕྲུ་གུར་སྦྱོང་ཚན་འབྲི་ཞིག་དང་ཉོལ་ཞིག་ཟེར་ནས་གཤེ་གཤེ་གཏོང་བ་དེ་ཡིན། མཇུག་འབྲས་ནི་ཕྲུ་གུ་སེམས་མི་དགའ་ནས་བུད་འགྲོ སེམས་སུ་ཁྱོད་ལ་སྡང་བ་དང་། ཁྱོད་ནི་རྒྱལ་པོ་གཏུམ་པོ་ཞིག་དང་མཚུངས་བསམ་རྒྱུ་རེད། ཡང་དག་པའི་བྱེད་སྟངས་ནི།  ཁ་འཇམ་ཚིག་འཇམ་ངང་ཕྲུ་གུར་བཤད་རྒྱུར། ཁྱོད་ཀྱིས་སྦྱོང་ཚན་འབྲི་རན་འདུག གལ་ཏེ་འབྲི་མ་ཚར་ན་ཆོག་གམ། ཁྱོད་ཀྱིས་ད་དུང་ཅི་ཙམ་བལྟ་འདོད། ཕྲུ་གུས་ངས་ད་དུང་སྐར་མ་བཅུ་བལྟ་ན་ཆོག་གམ་ཟེར་དུས། ཁྱིམ་བདག་གིས་ཁ་དན་ཚིག་ལ་གནས་པ་དང་། དུས་ཚོད་ལ་སླེབས་ཚེ་བརྙན་འཕྲིན་གྱི་གློག་གསོད་དགོས་ཅེས་བཤད། དེ་འདྲ་བྱེད་ན་དུས་ཚོད་སླེབས་ཚེ། ཕྲུ་གུས་རང་འགུལ་ངང་བརྙན་འཕྲིན་གྱི་གློག་གསོད་རྒྱུ་རེད།
      བཞི་པ། ཕྲུ་གུས་རྒྱུགས་མ་འཕྲོད་ན། ཁྱེད་ཀྱིས་རྒྱུགས་འབྲས་མཐོང་རྗེས་ཇི་ལྟར་བྱེད།
      ནོར་འཁྲུལ་གྱི་བྱེད་སྟངས་ནི། ཕྲུ་གུར། ཁྱོད་ཀྱིས་ལྟོས་དང་། སྐར་མ་འདི་འདྲ་ཞིག་བླངས་ན་ཁྱོད་ངོ་མི་ཚའམ། ཁྱོད་ཀྱིས་མི་གཞན་པར་ལྟོས་དང་། ངོ་མ་བླུན་པོ་རེད་ཅེས་གཤེ་གཤེ་གཏོང་བ་དང་། ཐ་ན་ཕྲུ་གུར་གཅར་རྡུང་བྱས་པ་དེ་རེད། དེའི་མཇུག་འབྲས་ནི་ཕྲུ་གུའི་སེམས་ཕམ་པ་མ་ཟད། ད་དུང་སེམས་ནང་ང་ངོ་མ་བླུན་པོ་རེད། སློབ་སྦྱོང་ཅི་འདྲ་བྱས་ཀྱང་། མཇུག་འབྲས་ཡག་པོ་མི་འདུག་ཅེས་བསམ་རྒྱུ་རེད། ཡང་དག་པའི་བྱེད་སྟངས་ནི། ཕྲུ་གུར། ངས་ཁྱོད་ཀྱང་སེམས་སྐྱིད་པོ་མེད་པ་ཤེས་ཀྱི་ཡོད། ཐེངས་གཅིག་ལ་རྒྱུགས་ཡག་པོ་མ་འཕྲོད་པ་དེས་གང་ཡང་མཚོན་མི་ཐུབ། འགག་རྩ་ནི་ང་ཚོས་རྒྱུགས་ཡག་པོ་མ་འཕྲོད་པའི་རྒྱུ་རྐྱེན་གང་ཡིན་འཚོལ་དགོས་པ་དང་དེ་ནས་ཐག་གཅོད་བྱས་ན་འགྲིག ངས་ཁྱོད་དང་མཉམ་དུ་དབྱེ་ཞིབ་བྱེད། ང་ཁྱོད་ལ་ཡིད་ཆེས་ཡོད། ཐེངས་རྗེས་མར་ཡར་ཐོན་ཡོང་ངེས་རེད་ཅེས་སེམས་གསོ་བཏང་ན། དེའི་མཇུག་འབྲས་ནི་ཕྲུ་གུས་ནན་ཏན་ངང་རྒྱུ་རྐྱེན་འཚོལ་བ་མ་ཟད། ད་དུང་སེམས་སུ་ངས་འབད་པ་བྱས་ནས་ཕ་མའི་རེ་བ་སྟོང་ཟད་དུ་གཏོང་མི་ཉན་བསམ་རྒྱུ་རེད། 
      ལྔ་པ། ཁྱིམ་བདག་ཚོགས་འདུའི་ཐོག་དགེ་རྒན་གྱིས་ཕྲུ་གུར་སྐྱོན་བརྗོད་བྱས་ན། ཁྱེད་ཀྱིས་གང་འདྲ་བྱེད།
      ནོར་འཁྲུལ་གྱི་བྱེད་སྟངས་ནི། ཁྱིམ་དུ་སླེབས་རྗེས། ཕྲུ་གུར་གཤེ་གཤེ་གཏོང་བ་དང་། ད་དུང་ཕྲུ་གུར་གཅར་རྡུང་དང་སྡིགས་མོ་བྱས་པ་དེ་ཡིན། མཇུག་འབྲས་ནི་ཕྲུ་གུས་རང་ལ་ཡིད་ཆེས་གང་ཡང་མེད་པ་ཆགས་པའམ་ཡང་ན་གཤེ་གཤེ་དང་ཉེས་རྡུང་ཕོག་དོགས་ནས། སྐད་ཆ་ཤོད་མི་ཕོད་པའམ་རྫུན་བཤད་ནས་ཕ་མར་སྐད་ཆ་དྲང་པོ་ཤོད་མི་ཕོད་པར་གྱུར་སྲིད། ཡང་དག་པའི་བྱེད་སྟངས་ནི། དང་པོ་ཕྲུ་གུའི་བཟང་ཆ་དེ་བཤད་པ་དང་དེ་རྗེས་མི་འདང་སར་དབྱེ་ཞིབ་བྱེད་ཅིང་། ཐེངས་རྗེས་མར་ཡར་ཐོན་ཡོང་བའི་ཡིད་ཆེས་ཡོད་ཅེས་སྐུལ་མ་གཏོང་དགོས།  དེའི་མཇུག་འབྲས་ནི་ཁྱེད་ཀྱི་བསམ་ཡུལ་ལས་འདས་པའི་གྲུབ་འབྲས་བཟང་པོ་ཐོབ་ངེས།
      དྲུག་པ། ཕྲུ་གུའི་དྲི་བར་ལན་རྒྱག་མ་ཤེས་ན། ཁྱེད་ཀྱིས་གང་འདྲ་བྱེད།
      ནོར་འཁྲུལ་གྱི་བྱེད་སྟངས་ནི། མི་འདོད་པའི་རྣམ་འགྱུར་སྟོན་ནས། ད་འདི་ཚོ་འདྲི་མ་ཡོང་། སློབ་སྦྱོང་ཡག་པོ་བྱོས། བསམ་བློ་མང་པོ་གཏོང་དགོས་མ་རེད་ཅེས་བཤད་པ་དེ་ཡིན། དེའི་མཇུག་འབྲས་ནི། ཕྲུ་གུའི་སེམས་ནང་། སློབ་སྦྱོང་རྐྱང་རྐྱང་ཟེར་ནས་སུན་པ་ལ་ཨང་། མ་དྲིས་ན་མི་འདྲི་བསམ་ནས། ཕྱིན་ཆད་དཀའ་གནད་འཕྲད་སྐབས་ཞིབ་ཅིང་ཕྲ་བར་རྟོགས་འདོད་མི་བྱེད་པ་དེ་ཡིན། ཡང་དག་པའི་བྱེད་སྟངས་ནི། སྤྲོ་བ་ཆེན་པོའི་ངང་ཕྲུ་གུར་རང་གིས་དྲི་བ་ཁག་པོ་དེ་འདྲ་ཞིག་དྲིས་པ་ནི་རང་གིས་བསམ་བློ་ཡག་པོ་གཏོང་ཡོད་པའི་རྟགས་རེད། འོན་ཀྱང་ངས་ཀྱང་ཤེས་ཀྱི་མི་འདུག ང་གཉིས་མཉམ་དུ་དྲིས་ལན་འཚོལ་ཡོང་ཞེས་ཕྲུ་གུ་དང་མཉམ་དུ་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཡིན། དེའི་མཇུག་འབྲས་ནི། ཕྲུ་གུའི་སེམས་སུ་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་། ཕྱིས་སུ་གནད་དོན་འཕྲད་ཚེ་སྙིང་རུས་ཆེན་པོས་ཞིབ་འཇུག་བྱས་ནས་གསལ་པོ་རྟོགས་པ་བྱེད་ཐུབ།
      བདུན་པ། ཕྲུ་གུར་ཅི་ལྟར་འབོད་ཀྱང་མ་ལངས་ན། ཁྱེད་ཀྱིས་གང་འདྲ་བྱེད།
      ནོར་འཁྲུལ་གྱི་བྱེད་སྟངས་ནི། ཁོང་ཁྲོ་ལངས་ཏེ། ཁྱོད་ད་དུང་མི་ལངས་པ་གང་ཡིན། རྗེས་སུ་ལུས་རྒྱུ་རེད་ཅེས་གཤེ་གཤེ་གཏོང་བ་དང་ཐ་ན་ཕྲུ་གུར་ཉེས་རྡུང་གཏོང་བ་དེ་ཡིན། དེའི་མཇུག་འབྲས་ནི་འབྲས་བུ་གང་ཡང་མི་ཐོན་པར་ཐེངས་རྗེས་མར་སྔར་བཞིན་ཡིན་སྲིད། ཡང་དག་པའི་བྱེད་སྟངས་ནི། སེམས་རྣལ་དུ་ཕབ་ནས་ཕྲུ་གུར། ངས་ཁྱོད་ཐེངས་གཅིག་འབོད་ཆོག གལ་ཏེ་ཁྱོད་མ་ལངས་ན། རྗེས་སུ་ལུས་ནས་གཤེ་གཤེ་རག་རྒྱུ་རེད། འདི་ནི་ཁྱོད་རང་གི་དོན་རེད། ཁྱོད་རང་གིས་ཐག་གཅོད་བྱེད་དགོས་ཞེས་བཤད་པ་དེ་ཡིན། དེ་འདྲ་བྱས་ན་རྗེས་མར་དུས་ཐོག་ཏུ་ལངས་རྒྱུ་རེད། ནད་བསྟུན་སྨན་སྤྲོད་བྱས་ཚེ་གཞི་ནས་སྨན་འཁེལ་ནད་སེལ་ཐུབ་པ་བཞིན། ཁྱིམ་བདག་གིས་ཕྲུ་གུའི་གནས་ཚུལ་དངོས་ལ་གཞིགས་ནས་སྣོད་བསྟུན་སློབ་ཁྲིད་བྱེད་དགོས། སློབ་སྦྱོང་གི་གོམས་གཤིས་བཟང་པོ་དང་ཡང་དག་པའི་སློབ་གསོའི་བྱེད་ཐབས་ཡོད་ན། ཕྲུ་གུའི་སློབ་སྦྱོང་གི་ཆུ་ཚད་སྔར་ལས་ཇེ་མཐོར་འགྲོ་ཐུབ།
འབྲེལ་ཡོད་རྩོམ་ཡིག