ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

ཆུང་འབྲིང་སློབ་མའི་རྩོམ་འབྲིའི་ནུས་པ་གསོ་སྐྱོང་བྱེད་ཐབས།

2020-05-13 གཟུངས་སྐྱབས་རྒྱལ།

        དང་པོ།  རྩོམ་འབྲིའི་གལ་ཆེན་རང་བཞིན།  
        རྩོམ་པ་ནི་མཁས་པའི་བྱ་བ་རྣམ་གསུམ་གྱི་ཡ་གྱལ་དང་། སྐད་ཡིག་གི་ཆུ་ཚད་དང་ནུས་པ་མཚོན་བྱེད་ཀྱི་ཐབས་ལམ་ཉག་ཅིག་ཡིན་པས། ལས་ཆེན་པོ་ཞིག་ལེགས་འགྲུབ་འབྱུང་བར་ཆུང་ངུ་ནས་མགོ་རྩོམ་དགོས་པ་ཇི་བཞིན་ཆུང་འབྲིང་སློབ་མ་དག་རྩོམ་ཡིག་འབྲི་སྦྱོང་གི་ཕྱོགས་སུ་འཁྲིད་དགོས་པ་སྐད་ཡིག་སློབ་ཁྲིད་ཀྱི་འགན་འཁྲི་གཙོ་བོར་གྱུར་ཡོད། རང་ཅག་གི་ཆུང་འབྲིང་སློབ་མར་བསླབ་གཞི་ལས་རྩོམ་ཡིག་སློབ་ཁྲིད་བྱེད་ཐབས་ཀྱི་ཁྲིད་གཞི་ཡན་གར་བ་ཞིག་མེད་ལ། སྔོན་ཐོན་མི་རིགས་གཞན་ལྟ་བུའི་ཡིད་ཀྱི་དང་བ་འདྲེན་པའི་བསླབ་ཕྱིའི་དེབ་ཀྱིས་དབུལ་བས། བསླབ་དེབ་ངོས་ཀྱི་རྩོམ་ཡིག་དག་བསླབས་པ་དང་། བཀླགས་པ། ཁྲིད་པ་ཁོ་ནས་སློབ་མ་རྣམས་རྩོམ་ཡིག་འབྲི་སྦྱོང་གི་ལས་སུ་འཇུག་ཁག་པ་སྟེ། མགོ་ཇི་ལྟར་གཟུག་པ་དང་། བར་ཇི་ལྟར་བསྐྱེད་པ། མཇུག་ཇི་ལྟར་བསྡུ་བ་སོགས་ལ་གསལ་ཁ་ཆེ་ལ་འཆར་སྒོ་སྐྱེད་ནུས་པའི་ཐབས་ལམ་ཞིག་བསྩལ་དུ་མེད་ན། ཅི་ཞིག་འབྲི་བ་དང་ཇི་ལྟར་འབྲི་བ་སོགས་ལ་ཆུང་འབྲིང་སློབ་མ་དག་གིས་མནོ་བསམ་གཏོང་མི་ནུས་པ་དང་། རྒྱུགས་གཞི་གཙོ་རྒྱུགས་སུ་གྱུར་པའི་སློབ་གསོའི་ཁ་ཕྱོགས་འོག ཆུང་འབྲིང་སློབ་མ་རྣམས་ལ་སྦྱང་བྱ་དང་ལས་བྱ་སོགས་གཏོས་ཆེ་ལ་མང་དྲགས་པས། བསླབ་ཕྱིའི་དཔེ་ཀློག་གི་དུས་ཚོད་དཀོན་པ་སོགས་ནི་རང་ཅག་གི་མིག་མཐོང་ལག་ཟིན་དུ་གྱུར་པའི་གནད་དོན་ཞིག་ཏུ་འཁུམས་ཡོད། ཁོ་ཚོའི་སེམས་སུ་དོན་གང་ཞིག་བརྗོད་འདོད་ཀྱི་བརྗོད་བྱ་གསལ་བོར་གནས་ན་ཡང་ཚིག་གི་ཕྲེང་བར་བརྒྱུས་ཏེ་ཡི་གེའི་ལམ་ནས་མངོན་མ་ནུས་པར་ལུས་ཡོད། དེ་བས། ཆུང་འབྲིང་སློབ་མར་རྩོམ་ཡིག་འབྲི་སྦྱོང་ཐད་ཀྱི་ཐབས་ལམ་མཛུབ་སྟོན་བྱས་ཏེ། རྩོམ་ཡིག་འབྲི་བའི་ལས་ལ་ནན་ཏན་གྱིས་འཇུག་པར་བྱེད་རྒྱུ་ནི་མིག་སྔའི་སྐད་ཡིག་སློབ་ཁྲིད་ཀྱི་གྲུབ་ཆ་གཙོ་བོར་གྱུར་ཡོད། 
        གཉིས་པ། སྐད་ཆའི་ནུས་པ་གསོ་སྐྱོང་བྱེད་པ། 
        སྤྱི་ཚོགས་ཁོར་ཡུག་གི་འགྱུར་བའམ་རིག་གནས་སྣ་མང་གི་བརྡབ་གསིག་སོགས་ཕྱི་རྐྱེན་དང་། ཕ་སྐད་སློབ་གསོ་ལ་གཙིགས་ཆེན་ནམ་ཁྱིམ་ཚང་སློབ་གསོ་ལ་དོ་སྣང་མི་བྱེད་པ་དང་། སློབ་གྲྭའི་སློབ་གསོ་ལ་གོ་བསྐོན་བློ་འགུགས་ཀྱི་ཐབས་ཀྱིས་ཕོངས་པ་སོགས་ནང་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཆུང་འབྲིང་སློབ་མ་མང་ཆེ་བས་གོ་རིམ་གསལ་ཞིང་བརྗོད་བྱ་འབུར་དུ་ཐོན་པའི་རྩོམ་ཡིག་ལེགས་པོ་ཞིག་འབྲི་ནུས་པ་ལྟ་ཅི། དེ་ལས་ལྡོག་སྟེ་སྐད་ཆ་ཕུང་གསུམ་པ་ཞིག་ལས། ཕ་སྐད་དག་མོའི་ལམ་ནས་ཁ་བརྡ་འཐུས་ཚང་བ་ཞིག་ཀྱང་བྱེད་ཁག་པོར་གྱུར་ཡོད། དེའི་སྟབས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་མས་རྩོམ་ཡིག་འབྲི་བའི་ནུས་པ་ལོ་རེ་བཞིན་མར་འགྲིབ་བཞིན་ཡོད། གནད་དོན་འདི་དག་ཐག་གཅོད་བྱེད་པ་ལ་ང་ཚོས་རྒྱུགས་གཞི་ལ་ཁ་ཕྱོགས་ཏེ། སྦྱང་གཞི་བློར་འཛིན་ཙམ་གྱིས་མི་འཁྱོང་བས་རྩོམ་ཡིག་འབྲི་སྦྱོང་གི་ཕྱོགས་སུ་འཁྲིད་རྒྱུ་ནི་ཧ་ཅང་གལ་ཆེ་བ་སྟེ། རྩོམ་ཡིག་ནི་གཞུང་ལུགས་སློབ་ཁྲིད་ཙམ་མ་ཡིན་པར་ལག་ལེན་སྦྱོང་བརྡར་གྱི་སློབ་ཁྲིད་ཅིག་ཡིན་ཞིང་། རྩོམ་ཡིག་ལའང་ངག་རྩོམ་དང་ཡིག་རྩོམ་རིགས་གཉིས་ཀྱི་དབྱེ་བ་ཡོད། དེ་བས་ཐོག་མར་ཆུང་འབྲིང་སློབ་མ་དག་གིས་སྐད་ཆ་གཙང་ཞིང་དག་པ་ཞིག་འཆད་པར་ཤུགས་སྣོན་དགོས། སློབ་མར་ངག་ཐོག་ནས་མྱོང་ཚོར་གླེང་དུ་འཇུག་དགོས་ཤིང་། དགོད་གཏམ་དང་གནའ་གཏམ་འཆད་དུ་འཇུག་པ་དང་། རང་ཉིད་ངོ་སྤྲོད་དང་རྩོམ་ཡིག་སྐྱོར་ཀློག་བྱེད་དུ་འཇུག་དགོས། ངག་རྩོམ་གྱིས་ཡིག་རྩོམ་འབྲི་བར་རྨང་གཞི་བརྟན་པོ་འཇོག་ནུས་པས། ངག་རྩོམ་ནི་ཡིག་རྩོམ་གྱི་རྨང་གཞི་དང་སྐད་ཆ་ནི་རྩོམ་ཡིག་གི་ལག་ཆ་ཡིན། དེ་བས། ཆུང་འབྲིང་སློབ་མའི་རྩོམ་འབྲིའི་ནུས་པ་གོང་འཕེལ་དུ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ནི་སྐད་ཆའི་ནུས་པ་གསོ་སྐྱོང་བྱེད་རྒྱུ་དེ་ཡིན། 
        གསུམ་པ། ལྟ་ཀློག་བྱས་ཏེ་ཐོས་པ་བསྐྱེད་པ། 
        “ལྗང་མྱུག་སྐྱེ་བ་ལ་ཆུ་ལུད་དྲོད་གསུམ་འཛོམ་དགོས་པ་བཞིན“དུ་ཆུང་འབྲིང་སློབ་མའི་རྩོམ་འབྲིའི་ནུས་པ་གོང་དུ་སྤེལ་བར་ཡང་ལྟ་ཀློག་གི་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་མཁོ་སྤྲོད་བྱེད་དགོས་ཏེ། “འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་གཞི།  །དང་པོ་ཉིད་ནས་འདི་ལ་འབད་པ་གཅེས“ཞེས་པ་ལྟར། སྐད་ཡིག་སློབ་ཁྲིད་ཀྱི་སྐབས་འབྲི་ཀློག་གཉིས་ལ་འབད་པ་བྱེད་རྒྱུ་གལ་ཆེ། ལྷག་པར་དུ་རྩོམ་འབྲིའི་ནུས་པ་མཐོ་རུ་འདེགས་པར་ཆར་བ་ཆུ་གྲོགས་དང་ཉི་མ་མེ་གྲོགས་ལྟ་བུའི་ནུས་པ་ཐོན་པ་ལ་དཔེ་ཀློག་བྱས་ཏེ་ཐོས་པ་རྒྱ་བསྐྱེད་བྱེད་རྒྱུ་ལས་ལྷག་པ་མེད་དེ། “དཔེ་དེབ་ཁྲི་ཕྲག་བཀླགས་གྱུར་ན། སྨྱུག་ཁ་ལྷ་ཡིས་བསྒྱུར་དང་མཚུངས“ཞེས་གསུངས་པ་ལྟ་བུའོ། ། 
        རྩོམ་ཡིག་ནི་སྤྱི་ཚོགས་འཚོ་བའི་ཁྲོད་དགའ་སྐྱོ་ཆགས་སྡང་གི་ཚོར་བ་ལས་བྱུང་བ་ཡིན་ལ། སློབ་གྲྭ་ཆུང་འབྲིང་གི་སློབ་མར་སྤྱི་ཚོགས་འཚོ་བའི་ཉམས་མྱོང་གིས་ཕོངས་པས། ཁོ་ཚོའི་རྩོམ་འབྲིའི་བློ་སྒོ་འབྱེད་པའི་ལྡེ་མིག་ནི་ལྟ་ཀློག་ཡིན། གཞན་གྱིས་བྲིས་པའི་རྩོམ་ཡིག་ལ་ལྟ་ཀློག་གང་མང་བྱས་ཚེ། རང་གི་རྩོམ་ཡིག་འབྲི་དུས་ཁ་ཕྱོགས་རྙེད་ཐུབ། ལྟ་ཀློག་བྱེད་པའི་གོ་རིམ་ཁྲོད་དུ། སློབ་མར་གང་ལྟ་བར་བྱ་བའི་རྩོམ་མམ་དཔེ་དེབ་དེ་ལས་ཚིག་དང་ཐ་སྙད། དཔེ་ཆོས། གཏམ་དཔེ། ལེགས་བཤད་སོགས་རང་ལ་ཉེ་བར་མཁོ་བ་དག་ཟིན་བྲིས་སུ་འདེབས་རྒྱུར་གོམས་པར་བྱེད་པ་དང་། དེ་དག་བཀོལ་སྤྱོད་སྒོས་རང་གིས་བཀླགས་པའི་རྩོམ་དེར་ལད་འབྲི་བྱེད་པར་སྐུལ་ལྕག་དང་ཁྲིད་སྟོན་གནང་ཚེ། གཅིག་ནས་ཆུང་འབྲིང་སློབ་མའི་རྩོམ་ཡིག་འབྲི་བར་མིང་ཚིག་མང་བོ་ཞིག་གསོག་འཇོག་བྱེད་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་སློབ་མའི་སྐད་ཡིག་གི་ཆུ་ཚད་གོམ་གང་མདུན་སྤོས་ཀྱིས་མཐོར་འདེགས་འབྱུང་ཐུབ་ལ། རྐྱེན་དེ་དག་འཛོམས་ཚེ། སློབ་མའི་རྩོམ་འབྲིའི་ནུས་པ་རང་བཞིན་གྱིས་མཐོ་རུ་འགྲོ་ངེས། 
        བཞི་པ། མིང་ཚིག་གསོག་འཇོག་དང་བཀོལ་སྤྱོད། 
        ཆུ་ཕྲན་མང་བོས་གཙང་པོ་དང་། ཐིགས་པ་བསགས་པའི་རྒྱ་མཚོ་ལྟར་དུ། མིང་ཚིག་ཡི་གེ་ཇི་སྙེད་བསགས་ཏེ་རྩོམ་ཡིག་གྲུབ་དགོས་པས། ཆུང་འབྲིང་སློབ་མས་ལྟ་ཀློག་བྱེད་དུས། ནེ་ཙོས་མ་ཎི་འདོན་པ་ལྟར་ཁ་ནས་ཤར་མར་བཏོན་པ་ཙམ་གྱིས་མི་ཆོག་པར། ལྟ་ཀློག་གི་སྐབས་སུ་ཚིག་དོན་གཉིས་ཀྱི་གནད་འཛིན་དགོས་ཤིང་། སྒོས་སུ་རྗོད་བྱེད་ཚིག་གི་སྦྱོར་བ་སྤེལ་ཐབས་དང་། རྒྱན་སྤུད་སྟངས། ཉམས་འདོན་ཐབས། འགྱུར་བ་མཚོན་ཐབས། གསལ་བྱེད་ཀྱི་དཔེ་འདྲེན་པ་དང་། རྒྱབ་རྟེན་གྱི་ལུང་དྲངས་པ། གཏན་ཚིགས་ཀྱི་རིགས་པས་སྒྲུབ་ཐབས་སོགས་ལ་ཞིབ་ཏུ་བལྟས་ཏེ། རང་ནུས་ཅི་ལྕོགས་སྒོས་དེ་རིགས་ཟིན་བྲིས་སུ་འགོད་དགོས། དཔེར་ན། མིག་གི་ཉམས་ལ་རིག་རིག་ལྟ་དང་སྡང་མིག་བགྲད་པ་དང་། མགོ་བོའི་ཉམས་ལ་དགའ་ཀྲོག་ཀྲོག་དང་དབུ་ལྕོག་ལྕོག  གདོང་གི་ཉམས་ལ་འཛུམ་མུལ་མུལ་དང་ཁ་གཉེར་སྣ་གཉེར། སྐྲ་ལ་གྱེན་དུ་གཟེངས་དང་ཐུར་ལ་དཔྱངས། ལུས་ཀྱི་ཉམས་ལ་འདར་ལྕུག་ལྕུག་དང་གཉའ་སྒུར་སྒུར། ཨུ་ཚུགས་བྱེད་པ་ལ་གཡག་སྣ་ཁུ་ཚུར་དང་རྡོ་ཆག་བཙན་སྒྲིག  བརྟག་དཔྱད་མེད་པ་ལ་ཆུ་སྣ་གར་ཁྲིད་དང་རི་བོང་ཅལ་འདྲོགས། གོ་བ་མེད་པ་ལ་ཀོ་གྱོང་ལག་མཉེས་དང་སྤྱང་ཀིར་ཆོས་བཤད། བརྩོན་པ་བྱེད་པ་ལ་གཉིད་ཆག་ཟས་བརྗེད་དང་དཀའ་སྤྱད་སྡུག་རུས། འགྱུར་བ་མེད་པ་ལ་རྡོ་བརྐོས་རི་མོ་དང་རི་རྒྱལ་ལྷུན་པོ། འཛེམ་པ་མེད་པ་ལ་རང་སྲོག་ཕངས་མེད་དང་དཔའ་ངར་ཞུམ་མེད། མཛའ་བ་ལ་ངང་བ་མཚོ་ནང་དང་འོ་ཆུ་དབྱེར་མེད། སྡང་བ་ལ་སོ་ནང་གི་སྲིན་འབུ་དང་མིག་ནང་གི་ཚེར་མ། འཕེལ་རྒྱས་སྟོན་པ་ལ་ཉ་གང་ཟླ་བ་དང་དབྱར་མཚོ་རྒྱས་པ། སྙིང་བོ་སྟོན་པ་ལ་མར་གྱི་ཉིང་ཁུ་དང་གསེར་གྱི་ཞུན་མ། རྒྱ་ཆེ་བ་ལ་མུ་མཐའ་མེད་པ་དང་གཞལ་དུ་མེད་པ། མང་བ་ལ་ཐང་མར་བརྡལ་པ་དང་ཚོམ་བུར་བཀྲ་བ། གཉིས་ཀ་ཉམས་པ་ལ་མཛོ་སྦྲེལ་གཡང་ལྷུང་། རང་དབང་གིས་འཚོ་བ་ལ་རང་དགར་རྩེན་པ་དང་ཅི་དགར་རོལ་བ། འཚོ་བ་རྒྱས་པ་ལ་ཕུན་སུམ་ཚོགས་པ་དང་གྱ་ནོམ་པ། གྲལ་སྒྲིག་པ་ལ་ཚར་དུ་དངར་བ་དང་བསྟར་ལ་བརྒྱུས་པ། དོན་དངོས་བརྗོད་པ་ལ་མིག་མཐོང་ལག་ཟིན་ལྟ་བུས་མཚོན་པའི་མིང་ཚིག་ལྟ་ཀློག་གི་གོ་རིམ་ནས་འཚོལ་ཞིབ་བྱས་ཏེ། ཟིན་བྲིས་སུ་འགོད་པ་དང་དེ་རྩོམ་ཡིག་ཏུ་བེད་སྤྱོད་གཏོང་བར་ཁྲིད་སྟོན་གནང་ཚེ། ཆུང་འབྲིང་སློབ་མས་མིང་ཚིག་ཡི་གེ་ཇི་སྙེད་ཅིག་གསོག་འཇོག་བྱེད་ཐུབ་པ་དང་། དེ་ལྟར་རྒྱུན་བསྐྱངས་ཚེ་རྩོམ་འབྲིའི་ནུས་པའང་མཐོ་རུ་འདེགས་ཐུབ།      
མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
འབྲེལ་ཡོད་རྩོམ་ཡིག