རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་ཚེས་26ཉིན་སྤྱི་བསྒྲགས་སྤེལ་བར། ལག་ཁྱེར་ཁ་པར་གྱི་བཤེར་ཆས་ལས་དྲ་རྒྱ་རུ་ནང་དོན་དགོས་མིན་སྣ་ཚོགས་བརྒྱུད་སྤེལ་བྱས་པའི་ཟང་ཟིང་གི་སྣང་ཚུལ་ཐག་གཅོད་བྱ་ཆེད། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་ཉིན་དེ་ནས་བཟུང་ལག་ཁྱེར་ཁ་པར་གྱི་བཤེར་ཆས་ལ་ཆེད་དོན་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུ་རེད། ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་ཆེད་དོན་ཕྱོགས་བསྡུས་བཅོས་སྒྲིག་དང་ལྟ་སྐུལ་མཛུབ་ཁྲིད་ཀྱིས་དག་ཐེར་བྱས་ནས། ཤུགས་རྐྱེན་ཅུང་ཆེ་བའི་བཤེར་ཆས་8དག་ཐེར་གྱི་མིང་ཐོ་ཁག་དང་པོའི་ནང་དུ་བཅུག་ནས་གཙོ་གནད་དུ་བཟུང་སྟེ་བཅོས་སྒྲིག་བྱ་རྒྱུ་ཡིན་ཞིང་། དེ་དག་ནི་UCདང་། QQ ཧྭ་ཝུའེ། 360 སོའུ་ཀུའུ། ཞའོ་སྨི། vivoOPPOབཅས་རེད།
ཐེངས་འདིའི་དག་ཐེར་དུ་བྱེད་ཐབས་སྣ་མང་དང་བཀོད་པ་འདྲ་མིན་ལ་བརྟེན་ནས། གནད་དོན་ཆེན་པོ་གསུམ་ཐག་གཅོད་བྱ་རྒྱུ་སྟེ། གཅིག་ནས“སྒེར་གྱི་སྨྱན་སྦྱོར”གྱིས་སྒྲིག་འགལ་ངང་འཚོལ་བསྡུ་རྩོམ་སྒྲིག་བྱས་པའི་གསར་འགྱུར་དང་ཆ་འཕྲིན་དཔེར་ན་དཔལ་འབྱོར་དམངས་འཚོའི་སྲིད་ཇུས་འཁྱོག་བཤད་དང་། “གོ་ཐོས་ཙམ་གྱི་གསར་འགྱུར” (小道消息)འགྲེམ་སྤེལ་བྱེད་པ། དཀྲོག་གཏམ་བརྒྱུད་བསྒྲགས། འཕྲིན་རྙིང་འུད་སྒྲོག་བཅས་བྱས་ནས“གསར་འགྱུར”བཟོ་བ་དང་། གཉིས་ནས་“ཁ་བྱང་ཆེན་པོའི” རྩོམ་ཡིག་སྤེལ་བ་དཔེར་ན་འུད་སྒྲོག་དང་། “ངུ་འབོད” “སྐྱོ་མདོག་གིས་མིག་དབང་འགུག་པ། ”མིང་བརྫུས་འུད་སྒྲོག་སོགས་ལྟ་བུ་དང་། གསུམ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་གི་ལྟ་བ་དང་འགལ་བའི་ཆ་འཕྲིན་མི་ལེགས་པ་ཁྱབ་བསྒྲགས་བྱེད་པ་དཔེར་ན་མ་རབས་ཐ་ཤལ་གྱི་པར་རིས་དང་བརྙན་བརྒྱུད་བསྒྲགས་དང་མི་སྣ་གྲགས་ཅན་གྱི་གསང་དོན་སོགས་འུད་སྒྲོག་བྱེད་པ་ལྟ་བུ་ཡིན།
ཐེངས་འདིའི་ཕྱོགས་བསྡུས་བཅོས་སྒྲིག་དང་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་ཀྱིས་ལག་ཁྱེར་ཁ་པར་གྱི་བཤེར་ཆས་ལ་དག་ཐེར་གྱི་བླང་བྱ་དང་ཞིབ་ཕྲའི་ཚད་གཞི་ཁ་གསལ་བཏོན་ཡོད། ཚད་གཞི་དེར་“སྒེར་གྱི་སྨྱན་སྦྱོར”གྱིས་སྒྲིག་འགལ་ངང་འཚོལ་སྒྲིག་བྱས་པའི་གསར་འགྱུར་དང་ཆ་འཕྲིན་སྤེལ་མི་ཆོག་པ་དང་། PUSHལྡེམ་ཁུང་དུ་“སྒེར་གྱི་སྨྱན་སྦྱོར”གྱིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་སྣ་ཚོགས་ཁྱབ་སྤེལ་བྱེད་མི་ཆོག་པ། ལུང་ཚིག་ལོག་འདྲེན་དང་། འུད་བརྗོད་རྫུན་མ། རྒོལ་རྡུང་དམའ་འབེབས། ཐོས་པ་ཙམ་གྱིས་སྐྱི་གཡའ་བ་སོགས་ཀྱི་ཁ་བྱང་སྤྱད་ནས་བརྗོད་གཞི་རྫུན་བཟོ་བྱས་མི་ཆོག་པ། གཟུགས་མེད་གྲིབ་བཟོ་དང་། གཏམ་རྙིང་བསྐྱར་བཤུ། མཐུད་སྦྱོར་སོགས་ཆ་འཕྲིན་རྫུན་མ་ཁྱབ་བསྒྲགས་བྱེད་མི་ཆོག་པ། མ་རབས་ཐ་ཤལ་དང་ཁྲག་དྲི་བྲོ་བའི་ཆ་འཕྲིན་ངན་པ་སོགས་ཁྱབ་བསྒྲགས་བྱེད་མི་ཆོག་པ་སོགས་གཏན་འབེབས་བྱས་ཡོད།
རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཟླ་10ཚེས་27ཉིན་ནས་ཟླ་11ཚེས་9ཉིན་བར། ལག་ཁྱེར་ཁ་པར་གྱི་བཤེར་ཆས་ཁག་གིས་གནད་དོན་གྱི་གསལ་ཐོ་དང་ཞིབ་བསྡུར་བྱས་ཏེ་རང་བཤེར་དག་ཐེར་གཏིང་ཟབ་བྱེད་དགོས་པ་དང་། གཅིག་ཤེས་ཀུན་གྲོལ་གྱིས་སྒྲིག་འགལ་ཆ་འཕྲིན་ཕྱོགས་ཡོངས་ནས་གཙང་བཤེར་བྱེད་པ་དང་། “སྒེར་གྱི་སྨྱན་སྦྱོར་”ལ་དོ་དམ་ནན་པོ་བྱེད་པ། དེ་དང་ཆབས་ཅིག་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་འཁྲིའི་ལམ་ལུགས་དང་ནང་དོན་ཞིབ་དཔྱད་དོ་དམ་གྱི་སྒྲིག་ལམ་ཚད་ལྡན་དང་འཐུས་ཚང་དུ་བཏང་སྟེ། ལམ་ལུགས་ཀྱི་ངོས་ནས་བྱེད་ཐབས་ནུས་ཅན་སྤྱད་ནས་དྲ་ཐོག་ཁྱབ་སྤེལ་གྱི་སྒྲིག་ལམ་དཀྲུག་ཤིང་རྒྱག་པའི་གནད་དོན་གཏན་འགོག་བྱེད་དགོས་ཅེས་ནན་བཤད་བྱས་ཡོད།
རང་བཤེར་དག་ཐེར་ཡོ་བསྲང་མཇུག་སྒྲིལ་རྗེས། དྲ་འཕྲིན་སྡེ་ཚན་གྱིས་རང་བཤེར་དག་ཐེར་བྱས་ཚུལ་ལ་ཞིབ་བཤེར་དང་དཔྱད་དཔོག་བྱས་ནས་ད་དུང་ཡང་གནད་དོན་ཡོད་སའི་བཤེར་ཆས་ལ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་རེད།