ཕྱི་རྒྱལ་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་འཇིག་རྟེན་འཕུར་སྐྱོད་ལས་ཁུངས་(NASA)ཀྱིས་གཟའ་ཟླ་བའི་ཉིན་གསལ་བསྒྲགས་སྤེལ་ཏེ། ཁོང་ཚོའི་སྙོམས་རྒྱུག་བང་རིམ་གྱི་དམར་ཕྱིའི་གནམ་དཔྱད་སྟེགས་བུས་(བསྡུས་མིང་ལ་SOFIAཟེར་)ཐེངས་དང་པོར་ཟླ་བའི་གོ་ལའི་ཉི་འོད་འཕྲོ་སར་ཆུ་ཡོད་པ་གསར་རྙེད་བྱུང་བ་ཁྱབ་བསྒྲགས་བྱས་འདུག་ལ། འདི་ནི་མིའི་རིགས་ཀྱི་ཐོག་དང་པོར་ཟླ་བའི་གོ་ལའི་ཉི་འོད་འཕྲོ་གནས་སུ་ཆུ་ཡོད་པ་ཤེས་རྟོགས་བྱུང་བ་ཞིག་རེད། དེའི་སྔོན་ལ་མི་རྣམས་ཀྱིས་ཟླ་བའི་གོ་ལའི་སྲིབ་ངོས་སུ་ཆུ་ཡོད་པ་ཤེས་ཡོད་མོད། SOFIAཡི་གསར་རྙེད་འདིས་ཟླ་བའི་གོ་ལའི་ས་ངོས་དང་ས་འོག་གི་སྨི་གཅིག་གི་མཚམས་སུ་མིའི་རིགས་ཀྱིས་བེད་སྤྱོད་བྱས་ཆོག་པའི་ཆུ་གནས་ཤས་ཆེ་བ་ར་སྤྲོད་བྱས་ཡོད།
འདི་ནི་ཟླ་བའི་གདགས་ངོས་སུ་ཆུའི་ཆ་རྡུལ་ཡོད་པ་དང་། ཟླ་བའི་གོ་ལའི་གཏིང་རིམ་འཁྱགས་ས་མ་ཟད་ས་ཆ་གཞན་དུ་ཆུ་ཡོད་པའི་སྐོར་གྱི་གསར་རྙེད་ཅིག་ཡིན། འདི་ནི་ཟླ་བའི་སྟེང་གི་ཁི་ལ་ཝེ་སི་རི་བོའི་ཁྲོད་ནས་གསར་རྙེད་བྱུང་བ་རེད་ལ། རི་བོ་དེ་ནི་སའི་གོ་ལའི་སྟེང་ནས་མཐོང་ཐུབ་པའི་ཟླ་བའི་གོ་ལའི་སྟེང་གི་སྐར་རྡོ་ཆེ་ཤོས་ཤིག་ཡིན།
NASAཡི་བཤད་ཚུལ་ལྟར་ན། ཉེ་སྔོན་ཟླ་བའི་གོ་ལའི་གདགས་ངོས་སུ་ཆིང་རླུང་ཞིབ་དཔྱད་ཚད་ལེན་བྱུང་བ་དེ་ནི་ཆུའི་ཆ་རྡུལ་ལས་བྱུང་བ་ར་འཕྲོད་བྱུང་ཡོད་ལ། གསར་རྙེད་དེ་ལས་“ཟླ་བའི་གོ་ལའི་སྟེང་གི་ཆུ་ནི་གྲང་ངར་ཆེ་ས་དང་སྲིབ་ངོས་ཙམ་མ་ཡིན་པར་གོ་ལ་ཧྲིལ་པོར་ཁྱབ་སྲིད་པ་”མཚོན་ཡོད།
ཟླ་བའི་གོ་ལའི་ཐོག་གསར་རྙེད་བྱུང་བའི་ཆུའི་ཆ་རྡུལ་གྱི་གྲངས་འབོར་ནི་སྨི་རྒྱ་དཔངས་གྲུ་བཞི་མ་གཅིག་གི་བར་སྟོང་ནང་ཆུ་ཁེ་340ཙམ་ལས་མེད་ལ། NASAཡིས་ད་དུང་དེ་ནི་གཤེར་གཟུགས་སམ་སྲ་གཟུགས་ཡིན་པའི་ངོས་འཛིན་གསལ་པོའང་བྱེད་ཐུབ་མེད། འོན་ཀྱང་འདི་ནི་མ་འོངས་པར་བཀོལ་སྤྱོད་ཐུབ་པའི་ཆུ་འཚོལ་ཞིབ་ཐད་ནས་གོམ་པ་ཆེན་པོ་ཞིག་སྤོས་པ་རེད།
གསར་རྙེད་འདིའི་སྐོར་གྱི་ཞིབ་འཇུག་དཔྱད་རྩོམ་《རང་བྱུང་-གནམ་དཔྱད་རིག་པ་》ཞེས་པའི་དུས་དེབ་སྟེང་དུ་བཀོད་ཡོད།