ཀྲུང་གོའི་བོད་ལྗོངས་དྲ་བ།>སློབ་གསོ།

མོ་ཊའི་བདག་པོ་ཚོ་དང་འབྲེལ་བ་ཤིན་ཏུ་ཆེ་བའི་གཏན་འབེབས་གསར་པ་འགའ།

2020-11-09 སྣང་རྡོས་བསྒྲིགས།
           ཉེ་ཆར། སྤྱི་བདེ་པུས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག“ཡུལ་གཞན་དུ་ལས་གཉེར”དང་། “སྟབས་བདེའི་ལས་གཉེར”“དྲ་ཐོག་ལས་གཉེར”སོགས་གནད་དོན་གསུམ་ཐད་ཀྱི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་བྱ་ཐབས་གསར་པ་ཁག་12བརྡ་ཁྱབ་བཏང་བ་རེད། བྱ་ཐབས་གསར་པ་འདི་2020ལོའི་ཟླ་11ཚེས་20ཉིན་ནས་ལག་བསྟར་བྱ་རྒྱུ་རེད། 

           སྒེར་འཁོར་ཐོ་འགོད།
           ཐོབ་ཐང་ལག་ཁྱེར་འཁྱེར་ནས་ཞིང་ཆེན་ཡོངས་སུ་སྒེར་འཁོར་ཐོ་འགོད་བྱེད་ཆོག་པ་ཚོད་ལྟ་བྱ་རྒྱུ། ཞིང་ཆེན(ལྗོངས)12སུ་ཚོང་གཉེར་མིན་པའི་འཇིབ་ཆུང་ཐོ་འགོད་བྱེད་སྐབས། ཐོབ་ཐང་ལག་ཁྱེར་འཁྱེར་ཚེ་འགྲོ་ལུགས་གཉེར་ཐུབ་པའི་ཚོད་ལྟ་ཁྱབ་གདལ་གཏོང་རྒྱུ་དང་། ཞིང་ཆེན་དེ་རང་གི་ཐེམ་ཐོ་ཡིན་པའི་གྲོང་མིས་ཡུལ་གཞན་དུ་རླངས་འཁོར་གསར་པ་ཐོ་འགོད་བྱེད་སྐབས་གྲོང་མིའི་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་ཐད་ཀར་འདུན་ཞུ་བྱེད་ཆོག་པ་ལས། གནས་སྡོད་ལག་ཁྱེར་རམ་ཡང་ན་གནས་སྡོད་ཐོ་འགོད་ལག་ཁྱེར་དགོས་ཀྱི་མེད།

           ཉིས་བརྒྱུད་རླངས་འཁོར། 
           ཉིས་བརྒྱུད་རླངས་འཁོར་ཕྱིར་གཏོང་གི་གནས་སྐབས་འཁོར་རྟགས་ཡུལ་གཞན་ནས་གཉེར་ཐུབ་པ་ཁྱབ་གདལ་གཏོང་རྒྱུ། ཉིས་བརྒྱུད་རླངས་འཁོར་ཕྱིར་གཏོང་ཁེ་ལས་ཀྱིས་འཕྲུལ་སྒུལ་འཁོར་རིགས་བསྡུ་ཉོ་བྱས་ནས་ཕྱིར་གཏོང་བྱེད་དགོས་རིགས་ཀྱི་གཞན་སྒྱུར་ཐོ་འགོད་ཀྱི་འགྲོ་ལུགས་སྟབས་བདེ་རུ་བཏང་བས། གནས་སྐབས་ཀྱི་འཁོར་རྟགས་ཐད་ཀར་རེ་ཞུ་བྱེད་ཆོག་པ་ལས་རླངས་འཁོར་གྱི་ཨང་རྟགས་དངོས་སྤྲོད་དགོས་མེད། ཡུལ་གཞན་ནས་བསྡུ་ཉོ་བྱས་པའི་རླངས་འཁོར་ཡིན་ཕྱིན། འཕྲུལ་སྒུལ་འཁོར་རིགས་ཐོ་འགོད་བྱ་ཡུལ་ནས་གནས་སྐབས་འཁོར་རྟགས་ཐད་ཀར་རེ་ཞུ་བྱེད་ཆོག་པ་ལས། ཁེ་ལས་གནས་སའི་ཡུལ་དུ་ཕྱིར་ལོག་བྱས་ནས་སྒྲུབ་གཉེར་བྱེད་དགོས་མེད། 

           རླངས་འཁོར་ཞིབ་བཤེར། 
           འཕྲུལ་སྒུལ་འཁོར་རིགས་ཞིབ་བཤེར་བྱེད་མི་དགོས་པའི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ། རྐུབ་བཀྱག་6མན་ཆད་ཀྱི་གཉེར་སྐྱོང་མིན་པའི་འཇིབ་ཆུང་ལོ་6ནང་ཞིབ་བཤེར་བྱེད་མི་དགོས་པའི་རྨང་གཞིའི་ཐོག ལོ་6ནང་ཚུན་གྱི་རྐུབ་བཀྱག་7ནས་9བར་གྱི་གཉེར་སྐྱོང་མིན་པའི་འཇིབ་ཆུང(མན་པའོ་རླངས་འཁོར་ཕུད)ཞིབ་བཤེར་བྱེད་མི་དགོས་པའི་ཁྱབ་ཁོངས་ནང་འཇོག་རྒྱུ་དང་། གཉེར་སྐྱོང་མིན་པའི་འཇིབ་ཆུང(མན་པའོ་རླངས་འཁོར་ཕུད)ལོ་6ཡན་དང་ལོ་10མན་ཆད། ལོ་རེར་ཞིབ་བཤེར་ཐེངས་རེ་བྱེད་པ་ནས་ལོ་གཉིས་རེར་ཞིབ་བཤེར་ཐེངས་1བར་ལེགས་སྒྲིག་བྱ་རྒྱུ། རླངས་འཁོར་ལ་མི་སྣ་ཤི་རྨས་ཀྱི་འགྲིམ་འགྲུལ་ལས་འཛོལ་ཐོན་མྱོང་བའམ་ཡང་ན། ཁྲིམས་འགལ་ངང་བཟོ་ལྟ་སྒྱུར་ནས་ཁྲིམས་ལྟར་ཆད་པ་ཕོག་པ་ཡིན་ཕྱིན། དེ་སྔོན་གྱི་གཏན་འབེབས་ལྟར་ཞིབ་བཤེར་བྱེད་དགོས། 

           འཇིབ་ཆུང་གི་ཁ་ལོ་བའི་ལག་ཁྱེར།
           འཇིབ་ཆུང་གི་ཁ་ལོ་བའི་ལག་ཁྱེར་རེ་ཞུའི་ལོ་གྲངས་ཆེ་རུ་གཏོང་རྒྱུ། ན་རྒས་ཅན་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་གསར་པ་དང་དེ་བས་འཚམ་མཐུན་ཡོང་ཆེད། འཇིབ་ཆུང་དང་། རང་འགུལ་གདང་གི་འཇིབ་ཆུང་། སྦག་སྦག་བཅས་ཀྱི་ཁ་ལོ་བའི་ལག་ཁྱེར་གྱི་རྒྱུགས་གཏོང་བའི་ལོ་ཚད་མཐོ་ཤོས་ལོ་70ཡི་ཚད་བཀག་མེད་པ་བཟོ་རྒྱུ་དང་། ལོ་70ཡན་ཟིན་པའི་བགྲེས་སོང་གིས་ཁ་ལོ་བའི་ལག་ཁྱེར་གྱི་རྒྱུགས་གཏོང་སྐབས་དྲན་ཤེས་དང་། བརྡར་ཤ་གཅོད་ནུས། ཚོར་བ་རྐྱེན་ལོད་བཅས་ཀྱི་ནང་དོན་ཁ་སྣོན་བྱས་ཏེ། ལུས་པོའི་ཆ་རྐྱེན་རླངས་འཁོར་གཏོང་བའི་བླང་བྱ་དང་མཐུན་དགོས་པའི་འགན་ལེན་བྱེད་དགོས། 

           འགྲུལ་སྐྱེལ་དང་ཟོག་འདྲེན་རླངས་འཁོར།
           འགྲུལ་སྐྱེལ་དང་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གི་ཁ་ལོ་བའི་ལག་ཁྱེར་རྒྱུགས་གཏོང་བའི་ཆ་རྐྱེན་ལྷུག་ཏུ་གཏོང་རྒྱུ། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་འདྲུད་འཐེན་རླངས་འཁོར་གྱི་ཁ་ལོ་བའི་ལག་ཁྱེར་རྒྱུགས་གཏོང་ཆོག་པའི་ལོ་ཚད་དེ་གོང་གི་ལོ་26དང་ལོ་24ནས་ལོ་22བར་དམའ་རུ་གཏོང་རྒྱུ་དང་། འགྲུལ་སྐྱེལ་དང་ཟོག་འདྲེན་རླངས་འཁོར་ཆེ་འབྲིང་གི་ཁ་ལོ་བའི་ལག་ཁྱེར་རྒྱུགས་གཏོང་ཆོག་པའི་ལོ་ཚད་དེ་གོང་གི་ལོ་50ནས་ལོ་60བར་ལྷུག་ཏུ་གཏོང་རྒྱུ།

           གཟུགས་པོ་བརྟག་དཔྱད།
           གཟུགས་པོ་བརྟག་དཔྱད་ཀྱི་སྨན་བཅོས་སྒྲིག་གཞིའི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུ།  འཕྲུལ་སྒུལ་འཁོར་རིགས་ཀྱི་ཁ་ལོ་བའི་ལག་ཁྱེར་རྒྱུགས་གཏོང་སྐབས། གཟུགས་པོའི་བདེ་ཐང་གི་ར་སྤྲོད་བདེན་དཔང་བྱེད་པར། གཟུགས་པོ་བརྟག་དཔྱད་ཀྱི་སྨན་བཅོས་སྒྲིག་གཞི་དེ་རྫོང་རིམ་པའམ་ཡང་ན་དཔུང་སྡེའི་ཐོན་རིམ་པ་ཡན་གྱི་སྨན་བཅོས་སྒྲིག་གཞི་ནས་བདེ་ཐང་བརྟག་དཔྱད་ཀྱི་འོས་ཐོབ་ལྡན་པའི་རིམ་པ་གཉིས་པ་ཡན་གྱི་སྨན་ཁང་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། བདེ་ཐང་བརྟག་དཔྱད་ལྟེ་གནས་སོགས་ཀྱི་སྨན་བཅོས་སྒྲིག་གཞི་བར་ཁྱབ་ཆེ་རུ་གཏོང་རྒྱུ།

           དབང་པོ་སྐྱོན་ཅན་གྱི་རླངས་འཁོར། 
           དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གིས་རླངས་འཁོར་མཉམ་སྤྱོད་བྱེད་པར་སྟབས་བདེ་བསྐྲུན་རྒྱུ། རང་འགུལ་གདང་གི་རླངས་འཁོར་ཁ་ལོ་བའི་ལག་ཁྱེར(C2)ཡན་ཡོད་པའི་མི་སྣས་ལུས་སྟོད་དབང་པོ་སྐྱོན་ཅན་གྱི་ཆེད་སྤྱོད་རང་འགུལ་གདང་གི་འཇིབ་ཆུང་བཏང་ཆོག 
འབྲེལ་ཡོད་རྩོམ་ཡིག