ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ཡན་ལེན་ཁི(阎连科)ལ ༢༠༡༤ ལོའི་ཁབ་ཁ་རྩོམ་རིག་བྱ་དགའ་ཐོབ་དུས་ཀྱི་གཏམ་བཤད།

2014-11-11 ཟླ་བ།
(སྒྲིག་པ་པོའི་མཆན)པེ་ཅིང་གི་ཆུ་ཚོད་ཟླ་བཅུ་པའི་ཚེས་ཉེར་གཉིས་ཉིན་གྱི་དགོང་དྲོའི་ཆུ་ཚོད་བཅུ་གཅིག་གི་སྟེང་ཁབ་ཁ་རྩོམ་རིག་བྱ་དགའི་ལྷན་ཚོགས་ཀྱིས་གྲོང་ཁྱེར་པུ་ར་གེ་ཡི་སྲིད་གཞུང་གི་ཚོམས་ཁང་ཆེན་མོ་རུ་བྱ་དགའ་གནང་བའི་མཛད་སྒོ་བསྡུས་ཏེ་ཀྲུང་གོའི་རྩོམ་པ་པོ་གྲགས་ཅན་ཡན་ལེན་ཁི(阎连科)ལ་སྤྱི་ལོ 2014 ལོའི་ཁབ་ཁ་རྩོམ་རིག་བྱ་དགའ་དངོས་སུ་གནང་ཡོད་པ་རེད་ལ། དེ་ནི་ཁབ་ཁ་རྩོམ་རིག་བྱ་དགའ་སྟེར་མགོ་བརྩམས་ནས་ལོ་ངོ་བཅུ་བཞི་འདས་པའི་རིང་ཐེངས་དང་པོར་ཀྲུང་གོའི་རྩོམ་པ་པོ་ལ་གནང་བ་རེད་འདུག གཤམ་དུ་རྩོམ་པ་པོ་ཡན་ལེན་ཁི་མཆོག་གིས་ཁབ་ཁ་རྩོམ་རིག་བྱ་དགའ་ལེན་སྐབས་ཀྱི་གཏམ་བཤད་ཆ་ཚང་བོད་ཡིག་ཏུ་བསྒྱུར་ནས་དྲ་བ་འདིའི་ཀློག་པ་པོ་ཀུན་གྱི་ལྗགས་ཕྱེ་རུ་ཕུལ་ཡོད།
    ལྕམ་དང་སྐུ་ཞབས་རྣམ་པ། སྐུ་མགྲོན་དང་བཀུར་བར་འོས་པའི་དཔྱད་པ་པོ་དག་གི་སྙན་དུ།
    ཟུར་ཞིག་ནས་བལྟས་ན་རྩོམ་པ་པོ་ནི་འགྲོ་བ་མི་དང་མི་ཐམས་ཅད་ཀྱི་དྲན་པ་དང་ཚོར་བ་ཡི་ཆེད་དུ་འཚོ་བཞིན་ཡོད་པས། དྲན་པ་དང་ཚོར་བ་ཡིས་ངེད་ཅག་རྩོམ་འབྲི་བ་ལ་དགའ་མཁན་ཞིག་ཏུ་བཟོས་པ་རེད། རྒྱུ་མཚན་དེ་ཡི་ཕྱིར་ང་རང་ད་ལྟ་འདི་རུ་འགྲེང་དུས། ངས་ལོ་ངོ་ལྔ་བཅུ་ལྷག་གི་སྔོན་གྱི་སྤྱི་ལོ1960ནས1962ལོའི་བར་དུ་བྱུང་བའི་མིང་ལ་ལོ་གསུམ་གྱི་རང་བྱུང་ཆགས་འཇིག་ཅེས་འབོད་ཀྱང་དོན་ལ་མི་རང་ཉིད་ཀྱིས་བཟོས་པ་འཛམ་བུའི་སྒང་ལ་གྲགས་པ་དེའི་རྗེས་ཀྱི་ཉིན་ཞིག་གི་ཕྱི་དྲོ་དྲན་གྱི་འདུག ཉི་མ་ནུབ་ཁ་དང་སྟོན་གྱི་རླུང་བུ། ཀྲུང་གོའི་དབུས་སུ་ཡོད་པའི་ངའི་ཕ་ཡུལ། དབུལ་ཞིང་ཕོངས་ལ་ཁེར་ཧྲེང་དུ་གནས་པའི་སྡེ་བ། ད་དུང་གཡུལ་གྱི་སླད་དུ་སྡེ་མཐའ་བསྐོར་ནས་བསླངས་ཡོད་པའི་རྩིག་པ་ལ་སོགས་དྲན་གྱི་འདུག སྐབས་དེར་ང་རང་ལོ་ཁ་ཤས་ལས་སོན་མེད་ལ་ཨ་མ་དང་ལྷན་དུ་རྩིག་པ་དེའི་འགྲམ་དུ་གད་སྙིགས་འཕོ་རུ་འགྲོ་སྐབས་ཨ་མས་ངས་ལག་པ་ནས་བཟུང་ཞིང་མཛུབ་མོ་རྩིག་པའི་ངོས་ཀྱི་ས་འདབ་མ་ཡི་གཟུགས་ཅན་དང་ས་སེར་པོ་ཐར་ཐོར་དུ་གནས་པ་གཉིས་བསྟན་ཏེ། "བྱིས་པ། ཡིད་ལ་ཟུངས། ས་འདབ་མའི་གཟུགས་ཅན་འདི་དང་ཡོ་འབོག་གི་ཤུན་པ་གཉིས་མི་ལྟོགས་ནས་ཤི་ལ་ཉེ་དུས་བཟའ་རུང་བ་དང་། ས་སེར་པོ་དང་སྡོང་པོའི་གཞན་གྱི་ཤུན་པ་གཉིས་མིས་ཟོས་མ་ཐག་ཏུ་ཤི་འགྲོ་བས་གཏན་ནས་ཟ་མི་རུང"ཞེས་སྨྲས་སོང་།
    དེ་ལྟར་བཤད་རྗེས་ཨ་མ་ཕྱིར་ཁ་ལག་བཟོ་རུ་ཕྱིན་སོང་ཞིང་མོའི་གཟུགས་རིས་ནི་རླུང་ཁྲོད་དུ་ལྡང་བཞིན་པའི་སྡོང་ལོ་སྐམ་པོ་ཞིག་དང་འདྲ། ང་རང་ས་བཟའ་རུ་རུང་བ་དེ་ཡི་མདུན་དུ་ལངས་ཏེ་ནུབ་ཁ་དང་སྡེ་བ། ཞིང་ཁ་དང་མཚམས་སྤྲིན་ལ་བལྟས་པ་ཡིན་ཞིང་། རིམ་གྱིས་ངའི་མིག་ལམ་ཡོད་ཚད་མུན་པ་རས་ཡོལ་འདྲ་བ་ཞིག་གིས་ཡོངས་སུ་བཀབ་སོང་།
    དེ་ནས་བཟུང་ང་ནི་མུན་པ་ཚོར་ཐུབ་མཁན་གྱི་མི་ཞིག་ཏུ་གྱུར། དེ་ནས་བཟུང་ངས་ཆུང་དུས་ནས་མནར་གཅོད་ཅེས་པའི་ཚིག་འདི་སེམས་ལ་རྡོ་བཞིན་བརྐོས་ཡོད་དེ། དེ་ནི་མུན་པ་ཡི་ཀློང་ནས་སྡུག་བསྔལ་གྱི་མནར་བ་ཉམས་སུ་མྱོང་བ་དེ་རེད།
    སྐབས་དེར་བཀྲེས་ཤིང་ལྟོགས་ཏེ་ཨ་མས་ང་ཁྲིད་ནས་སློང་མོ་ལ་འགྲོ་དུས་ཨ་མས་ཁ་ནས་མནར་གཅོད་ཅེས་ཚིག་འདི་ཤོར་མ་ཐག ངས་མིག་ལམ་དེ་མ་ཉིད་དུ་མུན་པ་རབ་རིབ་ཅིག་གིས་བཏུམས་འགྲོ། སྐབས་དེར་རྒྱ་ལོའི་ལོ་སར་ནི་བྱིས་པ་ཐམས་ཅད་ཀྱི་སྟོན་མོ་ཆེན་མོ་ཞིག་ཡིན་མོད། ང་ཚོ་ཕུ་ནུ་མིང་སྲིང་ཚང་མས་རྒྱ་ལོའི་ལོ་སར་ལ་སླེབས་ཉེ་བས་གདོང་ལ་དགའ་བའི་འཛུམ་བརྒྱ་གྲོལ་དུས། ངའི་ཨ་ཕས་ཨ་ཕ་གཞན་མང་པོ་དང་འདྲ་བར་མནར་གཅོད་ཅེས་སྐད་དམའ་མོས་ལབ་འགྲོ། སྐབས་དེར་ང་ཁ་རོག་གེར་ཨ་ཕ་ལ་བྲལ་ནས་མི་མེད་པའི་ས་འཁྱག་དང་སེམས་རབ་རིབ་ཏུ་གཏོང་བའི་མུན་པ་ཡི་ནང་དུ་བསྐུངས་ཏེ་ལོ་སར་སླེབས་པ་ལ་དགའ་བ་གཞར་ཡང་སྐྱེ་རུ་བཅུག་མ་མྱོང་།
    སྐབས་དེར་འཚོ་ཐབས་དང་གསོན་ཐབས་བྱེད་པ་དེ་ཀྲུང་གོ་པའི་ལས་ཀ་དང་པོ་དེ་མ་ཡིན་པར། གསར་བརྗེ་ནི་རྒྱལ་ཁབ་ཀྱི་ལས་ཀ་ཆེ་ཤོས་སུ་གྱུར་ཡོད་པ་རེད། འོན་ཀྱང་གསར་བརྗེ་ཡི་ཁྲོད་དུ་ངའི་ཨ་ཕ་དང་ཨ་མ་གཉིས་ཀྱིས་དར་དམར་མཐོ་རུ་ཕྱར་ཞིང་ཁྲོམ་དུ་སྐད་མཐོན་པོས"མའོ་ཀྲུའུ་ཞི་ཁྲི་ལོར་ཤོག"ཅེས་འབོད་དུས། ངའི་ཕ་མ་གཉིས་དང་སྡེ་མི་དག་གིས་གསར་བརྗེ་ཡི་ཀློང་ནས་ཁ་ཕྱིར་འཁོར་ཏེ་འུ་ཐུག་པའི་ངང་མནར་གཅོད་ཅེས་ལབ་འགྲོ་ལ། ངས་ཚིག་འདི་གོ་ཐེངས་རེ་རེར་མིག་ལམ་དུ་ཉིན་དཀར་སྨག་གིས་བཏུམས་པ་ཇི་བཞིན་མུན་པས་རིབ་འགྲོ།
    དེ་བས་ངས་ཆུང་དུས་ནས་མུན་པ་ངོ་ཤེས་པར་གྱུར། དེ་ནི་ཁ་དོག་ཙམ་མ་ཟད་འཚོ་བ་རང་ཡིན་པ་རེད་དེ། ཀྲུང་གོ་པའི་ལས་གཡོལ་ཐབས་བྲལ་བ་དང་མ་བཏེགས་ཐུ་མེད་པ་དེ་རེད། དེ་ནས་ང་དམག་ལ་ཞུགས་ཏེ་ས་མཐའི་ཁེར་སྡེ་དེ་དང་ང་རང་སྐྱེས་ཤིང་བསྐྱངས་པའི་ཕ་ཡུལ་དང་ཁ་བྲལ་བ་ཡིན། འཚོ་བའི་ནང་དུ་དོན་ཅི་ཞིག་བྱུང་ནའང་ངའི་མིག་ལམ་དུ་ནམ་ཡང་མུན་པའི་ཡོལ་བ་ཞིག་གི་གཡོགས་འགྲོ་ལ། སྡུག་བསྔལ་གྱི་མནར་བ་མྱངས་པའི་སྟོབས་ཀྱིས་མི་ཡི་སྡུག་བསྔལ་ལ་རྒོལ་བ་ཇི་བཞིན་ངས་རས་ཡོལ་དེའི་ཕག་ཏུ་མུན་པ་བཏེགས་ཤིང་དེ་ལ་འགྲན་བཙུགས་པ་ཡིན།
    དེ་རིང་གི་ཀྲུང་གོ་ནི་ཁ་སང་ལྟ་བུ་ཞིག་མིན་པར་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་གི་ཁ་རྒྱབ་དང་འཚོ་ཚིས་སྤྲད་དེ་འབྱོར་བ་རྒྱས་ཤིང་གཞན་ལ་བཙུགས་འཛུགས་མཁན་ཞིག་ཏུ་གྱུར་ཏེ། འཛམ་གླིང་གི་ཤར་ཕྱོགས་སུ་གློ་བུར་དུ་འཚེར་བའི་འོད་འདྲ་བ་ཞིག་ཏུ་སྣང་ནའང་། འོད་ཇི་ལྟར་དྲག་པ་དེ་ལ་གྲིབ་མ་དེ་ལྟར་མུན་ཞིང་། གྲིབ་མ་ཇི་ལྟར་མུན་པ་དེ་ལ་སྨག་རུམ་དེ་ལྟར་སྟུག་པའི་གནས་ལུགས་ཇི་བཞིན་འོད་དྲག་པོ་དེའི་ཕག་ཏུ་སྨག་རུམ་མཐུག་པོ་ཞིག་བསྐུངས་ཡོད་ལ། མི་ལ་ལས་འོད་དྲག་པོ་དེའི་པང་དུ་བདེ་བ་དང་གསལ་བ་དང་མཛེས་པ་ཉམས་སུ་མྱོང་བ་དང་། མི་ལ་ལས་རང་བཞིན་དུ་སྐྱེས་པའི་སེམས་ཁུར་དང་མི་བདེ་བ་དང་མྱ་ངན་གྱི་དབང་དུ་གྱུར་ནས་འོད་དྲག་པོ་དེའི་གྲིབ་མ་འཁྱག་པོ་དང་སྨག་རུམ་མཐུག་པོ་བཅས་ཚོར་ཐུབ་ཀྱི་ཡོད་པ་རེད།
    དེ་དག་ལས་ང་ནི་ལས་ཀྱིས་བསྐོས་པའི་མུན་པ་ཚོར་མཁན་དེ་ཡིན་པའི་ཕྱིར། ངས་ཀྲུང་གོའི་ཉེ་རབས་ཀྱི་འཕེལ་ཁ་དང་བཙོག་པོ། དར་བ་དང་སྐྱུག་བྲོ་བ། རུལ་ཟུངས། ཆོ་མེད་པ། རྙོག་དྲ། གོ་རིམ་མེད་པ་བཅས་མཐོང་གི་འདུག ཉི་མ་རེ་རེར་བྱུང་བཞིན་པ་ཐམས་ཅད་ང་ཚོའི་བློ་ཡུལ་ལས་འདས་པ་རྐྱང་རྐྱང་རེད། འགྲོ་བ་མི་ཡིས་ལོ་ངོ་སྟོང་ཕྲག་གི་རིང་ལ་བསྐྱངས་པའི་བརྩེ་བ་དང་ཀུན་ཏུ་སྤྱོད་པ་དང་བརྩི་མཐོང་གི་ཚད་གཞི་དེ་རྒྱལ་ཁབ་ས་རྒྱ་ཆེ་ལ་ལོ་རྒྱུས་རིང་བ་འདི་ལས་ཞིག་ཅིང་ཕམ་སྟེ་རྩ་བ་ནས་ཡལ་འགྲོ་ཡི་འདུག ཁྲིམས་ཀྱི་ཐག་པ་དྲང་མོ་དེའང་བྱིས་པའི་རྐང་འོག་གི་འགྱིག་ཐག་དང་རྩེད་ཆས་ཙམ་གྱི་ཚུལ་དུ་གྱུར་དང་འགྱུར་བཞིན་འདུག་པས། རྩོམ་པ་པོ་ཞིག་གི་མཐོང་ལམ་ནས་ད་ལྟའི་དངོས་ཡོད་ལ་བལྟས་ཚེ་ཧ་ལམ་ཅི་བྱ་གཏོལ་བྲལ་དང་ཅི་ཆ་འདི་ཆ་མེད་དུ་བཏང་འགྲོ་ཡི་འདུག དོན་འདི་དག་ཇེ་བཟང་དུ་མི་འགྲོ་བར་ཇེ་ངན་ཇེ་ཐུ་རུ་ཕྱིན་ཏེ། མི་རྣམས་ཀྱི་འགྲོ་འདུག་ཉལ་འཆག་དང་སྐྱེ་རྒ་ན་འཆི་ཐམས་ཅད་ལ་དཀའ་བ་དང་རྙོག་དྲ་མང་པོ་ཐེབས་ཏེ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་ཞེ་ཡོད་ཚད་མི་བདེ་བ་དང་སེམས་ཁྲལ་གྱི་ཁུར་པོས་ཀུན་ཏུ་མནན་ཞིང་། འཇིགས་པ་དང་སྤྲོ་བ་ཆོ་མེད་པ་ཞིག་གིས་ནམ་ཞར་ཟིན་ཡོད་པ་རེད། ཁོ་ཚོས་ཅི་ཞིག་ལ་སྒུག་ཅིང་ཁོ་ཚོ་ཅི་ཞིག་ལ་སྐྲག་གིན་ཡོད་པ་རེད། ནད་པ་འཆི་ལ་ཉེ་བ་ཞིག་གིས་འཆི་སྐྱོབ་ཀྱི་སྨན་མི་སྲིད་པ་ཞིག་ལ་སྒུག་པ་ནང་བཞིན་ཕྱོགས་གཅིག་ནས་སྨན་ལ་རེ་བ་འཆང་ཞིང་གཞན་ཞིག་ནས་སྨན་དེ་སླེབས་རྗེས་རེ་བ་ཐམས་ཅད་ནམ་མཁའི་འཇའ་བཞིན་ཡལ་ཏེ་འཆི་བདག་གི་སྒོ་དྲུང་འགྲིམ་དགོས་པར་སེམས་ཁྲལ་སྐྱེ། མི་བདེ་བ་དང་འཇིགས་པ་ཡིས་གྲུབ་པའི་རེ་བ་འདི་ནི་མི་རིགས་འདི་ཡི་སྔ་ན་མེད་པའི་སེམས་ཁྲལ་ཞིག་ཡིན་ཞིང་རྩོམ་པ་པོ་དེ་ལ་ཆ་བཞག་ན་དེ་ནི་འོད་དྲག་པོ་དེ་ཡི་གྲིབ་མ་དང་འོད་དྲག་པོ་དེའི་རས་ཡོལ་ཆེན་པོ་དེའི་ངོས་གཞན་དེ་ཡིན།
    མི་སུས་ཀྱང་རྩོམ་པ་པོ་དེ་ལ་རྒྱལ་ཁབ་ཅེས་འབོད་པ་དྲག་ཏུ་རྒྱུགས་བཞིན་པའི་འབྱོར་བ་ཡི་མེ་འཁོར་དེས་མི་རྣམས་གང་དུ་ཁྲིད་འགྲོ་བ་ལབ་མེད། མི་སུས་ཀྱང་རྩོམ་པ་པོ་དེ་ལ་ད་ལྟའི་བར་གྱི་ལོ་ངོ་བརྒྱ་ལྷག་གི་རིང་ལ་མཚམས་ཆད་མ་མྱོང་བའི་གསར་བརྗེ་དང་ལས་འགུལ་སྣ་ཚོགས་ནི་མི་རྣམས་ཀྱི་མགོ་ཐོག་ཏུ་ལྡང་བཞིན་པའི་སྤྲིན་ནག་དང་འབྲུག་སྒྲ་ཡིན་ནམ་དེ་ཡི་ཕག་ཏུ་ཡིབ་པའི་གློག་དམར་ཡིན་པ་ལབ་མེད། མི་སུས་ཀྱང་རྩོམ་པ་པོ་དེ་ལ་དངུལ་ལོར་དང་དབང་ཆ་ཡིས་གུང་ཁྲན་རིང་ལུགས་དང་མ་རྩ་རིང་ལུགས། དམངས་གཙོ་ཡི་རེ་བ་བཅས་དབང་དུ་ཟིན་རྗེས། མི་སེམས་དང་མི་གཤིས། མི་ཡི་གོང་ཐང་ལ་སོགས་པ་རིན་ཐང་ཇི་ལྟ་བུ་ཞིག་ཏུ་བརྗེ་དགོས་མིན་ལབ་མེད།
    ངས་ལོ་ངོ་བཅུ་ལྷག་གི་སྔོན་དུ་ཡང་ཡང་འགྲོ་མྱོང་བའི་ཨེ་ཛི་ནད་བྱུང་བའི་སྡེ་བ་དེ་དྲན་གྱི་འདུག སྡེ་བ་དེར་མི་བརྒྱད་བརྒྱ་ལྷག་ཡོད་པའི་ནང་མི་ཉིས་བརྒྱ་ལྷག་ལ་ཨེ་ཛིའི་ནད་བྱུང་ཡོད་ལ་ཕལ་ཆེ་བ་ལོ་སུམ་ཅུ་ནས་བཞི་བཅུའི་བར་གྱི་ལས་ཀ་པ་ཏག་ཏག་རེད། ཁོ་ཚོ་ལ་ཨེ་ཛིའི་ནད་བྱུང་དོན་ནི་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཁྲོད་དུ་ཕྱུག་པོ་ཆགས་ཏེ་འཚོ་བ་སྐྱིད་པོ་ཞིག་རོལ་བའི་ཆེད་དུ་མཉམ་གཅིག་ཏུ་ཁྲག་བཙོང་དུ་སོང་བས་ནད་འགོས་པ་རེད། སྡེ་བ་དེ་རུ་འཆི་བ་ནི་ཉི་ནུབ་དང་འདྲ་བར་འོངས་ཤིང་མུན་པ་ནི་ཉི་མ་གཏན་དུ་ཤར་རྒྱུ་མ་བྱུང་བ་བཞིན་ཤིན་ཏུ་རིང་ལ་རྟག་ཏུ་བརྟན། ཕྱིས་སུ་ངས་ཡུལ་དེ་ལ་ཕྱིན་པ་ཡིད་ལ་དྲན་ཐེངས་རེ་རེ་དང་ནམ་རྒྱུན་འོད་མིག་ལ་གཙེ་བ་ཧ་ཅང་གསལ་པོ་རེ་མཐོང་ཐེངས་རེ་རེར་མྱོང་བ་དེ་དག་ང་རང་འབྲོ་ཐབས་བྲལ་བའི་གྲིབ་མ་དང་མུན་པ་ཧ་ཅང་ཆེན་པོ་ཞིག་ཏུ་གྱུར་ནས་ང་རང་བཏུམས་ཤིང་ཐར་ས་མེད་པར་གཏོང་བར་བྱེད།
    ས་རྒྱ་ཆེ་ལ་རྙོག་དྲ་དང་སྐྱེ་སྟོབས་ཀྱིས་ཁེངས་པའི་ཡུལ་དེ་རུ་ང་རང་མི་ལྷག་མ་ཞིག་ཡིན་པ་ཤེས་ཡོད། ས་རྒྱ་ཆེ་ལ་རྙོག་དྲ་དང་སྐྱེ་སྟོབས་ཀྱིས་ཁེངས་པའི་ཡུལ་དེ་རུ་ང་རང་རྩོམ་པ་པོ་ལྷག་མ་ཞིག་ཡིན་པ་ཤེས་ཡོད། དེ་ལྟ་ནའང་ས་རྒྱ་ཆེ་ལ་རྙོག་དྲ་དང་སྐྱེ་སྟོབས་ཀྱིས་ཁེངས་པའི་ཡུལ་དེ་རུ་ང་དང་ངའི་བྲིས་པའི་རྩོམ་དེ་དག་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་སྙིང་པོ་ཞིག་ཡོད་པའང་ངས་ཤེས་ཡོད། འཚོ་བ་དང་ལས་སྐལ། དཀོན་མཆོག་གིས་ང་རང་སྐྱེ་བ་ཉིད་ནས་མུན་པ་ཚོར་ཐུབ་མཁན་ཞིག་ཏུ་བསྐོས་ཡོད་པས་ན། ང་ནི་གོང་མའི་ན་བཟའ་གོན་མེད་པ་ཤེས་མཁན་གྱི་བྱིས་པ་དེ་ནང་བཞིན་ཉི་འོད་དྲག་པོའི་འོག་ཏུ་ལྗོན་པ་ཡི་གྲིབ་མ་མཐོང་མཁན་དང་། ཟློས་གར་སྤྲོ་པོ་ཞིག་གི་ནང་དུ་གར་ཡོལ་གྱི་ཕག་ཏུ་ཡིབ་མཁན་དང་། མི་རྣམས་ཀྱིས་དྲོད་སྣང་གླེང་དུས་གྲང་འཁྱག་ཚོར་མཁན་དང་། མི་རྣམས་ཀྱིས་འོད་སྣང་གླེང་དུས་མུན་པ་ཚོར་མཁན་དང་། མི་རྣམས་གླུ་དང་གར་གྱིས་མྱོས་དུས་ཁོ་ཚོ་ལྷན་ཅིག་ཏུ་བསྒྱེལ་ཏེ་སྡོམ་པར་བྱེད་པའི་རྐང་འོག་གི་ཐག་པ་མཐོང་མཁན་དང་། མི་རྣམས་ཀྱི་སེམས་ལས་ཆེས་སྐྱུག་བྲོ་བ་དང་མི་གཙང་བ་དེ་མཐོང་མཁན་དང་། རིག་གནས་གཉེར་མཁན་དག་གིས་དྲང་བདེན་དང་རང་དབང་གི་སླད་དུ་མྱངས་པའི་ངོ་ཚ་དང་སྡུག་རུས་མཐོང་མཁན་དང་། དངུལ་ལོར་དང་གླུ་གཞས་ཀྱི་ཁྲོད་དུ་བྲུས་ནས་སྟོང་བར་འགྱུར་བ་ལ་ཉེ་བའི་ཀྲུང་གོ་པའི་སེམས་སྟོང་གསོབ་གསོབ་དེ་མཐོང་མཁན་དུ་གྱུར་ཡོད།
    ངས་ང་ཚོའི་སྡེ་བའི་ལོ་ན་བདུན་ཅུ་ལ་སོན་པའི་རྒད་པོ་ལོང་བ་དེས་ཉིན་རེའི་ཉི་མ་འཆར་སྐབས་གདོང་ཤར་རི་ལ་གཏད་དེ་ཁ་ནས་ཤུབ་ཤུབ་ངང་ཉི་མའི་ཁ་དོག་ནི་མ་གཞི་ནག་པོ་ཡིན་འདུག དེ་ཡང་ཡག་པོ་རེད་ཅེས་ལབ་པ་དྲན་གྱི་འདུག
    དེ་ལས་ཀྱང་ཡ་མཚར་བ་ཞིག་ལ། ང་ཚོའི་སྡེ་བའི་རྒད་པོ་ལོང་བ་དེ་ལ་ཆུང་དུས་ནས་ལག་གློག་མི་འདྲ་བ་ཁ་ཤས་ཡོད་ལ། ནམ་རྒྱུན་མཚན་མོ་ལམ་ལ་འགྲོ་སྐབས་ལག་ཏུ་བཀར་ཡོད་པའི་ལག་གློག་ཅིག་ཁྱེར་ནས་འགྲོ་དགོས་ཀྱི་ཡོད། མུན་ཇེ་རུབ་ཏུ་གྱུར་པ་དང་ལག་གི་ལག་གློག་ཀྱང་ཇེ་རིང་དང་འོད་ཀྱང་ཇེ་གསལ་དུ་འགྲོ་བས། ཁོ་སྨག་གནག་པའི་མཚན་མོར་ལམ་ལ་འགྲོ་སྐབས་མི་རྣམས་ཀྱིས་ཐག་ཧ་ཅང་རིང་ས་ནས་ཀྱང་ཁོ་མཐོང་ཐུབ་ཀྱི་ཡོད་པས་ཁོ་ལ་གདོང་ཐུག་མི་རྒྱག་པ་རེད། དེར་མ་ཟད་ང་ཚོ་ཁོ་དང་འཕྲད་ནས་འགྲོ་སྐབས་ཁོས་ལག་གི་གློག་ང་ཚོའི་མདུན་ལ་བཀར་ཏེ་ལམ་ག་གསལ་བར་བྱས་ནས་ཁྱེད་རང་ཐག་རིང་ཐག་རིང་ལ་སྐྱེལ་གྱི་ཡོད། རྒད་པོ་ལོང་བ་འདི་དང་ཁོའི་ལག་གི་ལག་གློག་རྗེས་སུ་དྲན་པའི་ཕྱིར་དུ་ཁོ་ཚེ་ལས་འདས་རྗེས་ཁོའི་ཁྱིམ་མི་དང་སྡེ་མི་དག་གིས་ནང་དུ་གློག་གཡིས་བཅུག་ཟིན་པའི་ལག་གློག་རྣམ་པ་སྣ་ཚོགས་ཤིག་ཁོ་ལ་སྐྱེས་སུ་བྱིན་པས། ཁོ་རང་དུར་དུ་འཇུག་སའི་རོ་སྒམ་གྱི་ནང་དུ་མི་རྣམས་ཀྱིས་ཁོ་ལ་བྱིན་པའི་ལག་གློག་གིས་ཡོངས་སུ་ཁེངས་ཡོད་པ་རེད།
    རྒད་པོ་ལོང་བ་དེ་ལས་ངས་རྩོམ་འབྲི་བའི་གནས་ལུགས་ཤིག་ཤེས་སོང་། དེ་ནི་རྩོམ་ཇི་ལྟར་མུན་པ་དེ་ལྟར་འོད་དང་ལྡན་པ་དང་། ཇི་ལྟར་གྲང་བ་དེ་ལྟར་དྲོད་དང་ལྡན་པ་ཞིག་ཡིན་ཞིང་། དེ་གནས་དགོས་པའི་སྙིང་པོ་ཇི་སྙེད་ནི་དེ་ཉིད་གནས་པ་ལ་གཡོལ་ཐབས་བྱ་རྒྱུ་དེ་ཡིན་པ་རེད། དེ་བས་ང་དང་ངའི་རྩོམ་འབྲི་བ་ནི་སྨག་ཁྲོད་དུ་གློག་བཀར་བའི་རྒད་པོ་ལོང་བ་དེ་ནང་བཞིན་མུན་པ་ལས་འོད་ཀྱི་སྣང་བ་དེ་ཙམ་ལ་བརྟེན་ནས་གཞན་དག་གིས་མུན་པ་མཐོང་ཞིང་མུན་པའི་ཁྲོད་དུ་དམིགས་ས་ཞིག་རྙེད་དུ་འཇུག་རྒྱུའི་ཆེད་ཡིན།
    ད་ལྟའི་འཛམ་གླིང་ཧྲིལ་པོ་རྩོམ་རིག་གི་འཇིག་རྟེན་དུ། ཨེ་ཤེ་ཡ་རྩོམ་རིག་གི་ཡན་ལག་གལ་ཆེན་ཞིག་ཏུ་གྱུར་ཡོད་པའི་ཀྲུང་གོའི་རྩོམ་རིག་ལ་རེ་བ་ཆེ་ཞིང་ཡི་ཆད་ཀྱང་དེ་བཞིན་ཤིན་ཏུ་ལྕི་བའི་འཇིག་རྟེན་དང་གནས་སྟངས་འདི་འདྲ་ཞིག་ལ་ཁྱོན་ནས་འཕྲད་མྱོང་མེད། དངོས་ཡོད་ཀྱི་གནས་སྟངས་ཤིན་ཏུ་ཆོ་མེད་ཅིང་ཕུན་སུམ་ཚོགས་ལ་ཡ་མཚར་བར་བྱེད་པ་འདི་ལྟ་བུར་བྱུང་བཞིན་པའི་དོན་ཚང་མ་ནི་སྒྲུང་ངམ་གཏམ་རྒྱུད་ལས་ཀྱང་དངོས་ཡོད་ལས་ཡོངས་སུ་བརྒལ་ཡོད་པ་ཞིག་ཡིན། མངོན་སུམ་དུ་གནས་པ་ཉིད་ནི་མུན་པ་ཡིས་ཡོངས་སུ་ཁེངས་པ་ཞིག་ཡིན་སྟབས་ཤར་ཕྱོགས་ཀྱི་རྒྱལ་ཁབ་འདི་ལ་ད་ལྟའི་གནས་བབ་འདི་འདྲ་འོད་སྣང་ཚད་མེད་པ་ཡི་འོག་ནས་སྡུག་བསྔལ་དང་ར་རི་དང་གྲིབ་མའང་ཚད་མེད་པ་ཞིག་རྙེད་ཐུབ་པའི་ཚད་འདི་འདྲ་ཞིག་ལ་གཞར་ཡང་སླེབས་མྱོང་མེད། ལྟ་ཕྱོགས་ཤིག་ལ་ད་ལྟའི་ཀྲུང་གོ་ནི་འཛམ་གླིང་ཧྲིལ་པོའི་ཁྱོན་གྱི་ཉི་མ་དང་འོད་ཀྱི་བདག་པོ་ལྟ་བུར་མཐོང་ནའང་དེ་ལའང་འཇིག་རྟེན་སྐྱི་གཡའ་བར་བྱེད་པའི་གྲིབ་ནག་དང་སེམས་ཁྲལ་གྱིས་ཁེངས་ཡོད་པ་རེད་ལ། དེ་གར་གནས་པའི་མི་རྣམས་ཀྱིས་ཉི་མ་རེ་རེ་དང་ཆུ་ཚོད་རེ་རེའི་རིང་ལ་དགའ་བ་དང་སྡུག་པ་གར་འོང་མི་ཤེས་པ་དང་། འཇིགས་པ་དང་གདོང་ཐུག་ཅི་བྱ་གཏོལ་མེད་ཅིག་གི་འོག་ན་ཉམ་ཆུང་ངུར་ཟད་ཀྱི་ཡོད་པ་རེད།
    མི་འདི་རྣམས་ལོ་རྒྱུས་ལ་འཇིགས་པ་དང་བརྗེད་ངས་ཀྱིས་ཁེངས་ཤིང་མ་འོངས་པར་རེ་བ་དང་སེམས་ཁྲལ་གྱིས་ནོན་ལ། ད་ལྟའི་སྐད་ཅིག་མ་རེ་རེ་སྐྱི་གཡའ་བར་བྱེད་པ་དང་རྒྱུ་མཚན་དང་གནས་ལུགས་བྲལ་བ་དང་། ཡང་མི་ཕལ་བ་དག་གིས་མཐོང་དུ་མེད་པའི་ནང་གི་བདེན་པ་དང་གཏན་ཚིགས། ཁུངས་མེད་ལ་འཛིང་ཆེ་བ། གོ་རིམ་མེད་པའི་བདེན་པ་དང་མངོན་སུམ་ཇི་སྙེད་ཀྱིས་ཀྲུང་གོའི་འོད་དྲག་པོ་འདིའི་འོག་གི་གྲིབ་མ་དང་། ཤིན་ཏུ་གསལ་བའི་གནས་ཀྱི་མུན་པ་སྟུག་པོ་དེ་གྲུབ་ཡོད་པ་རེད། དེ་ལ་རྩོམ་པ་པོ་དང་རྩོམ་རིག་གིས་ད་ལྟའི་བྱུང་བ་དང་མངོན་སུམ་གྱི་གནས་འདིར་འོད་སྣང་རླབས་ཆེ་བ་མཐོང་བྱུང་ལ་དེ་ནི་བདེན་པ་གཅིག་རེད། གླུ་སྒྲ་སྙན་མོ་ཐོས་བྱུང་ལ་དེའང་བདེན་པ་གཅིག་རེད། སྟོང་བ་དང་མཛེས་པ་ཐམས་ཅད་ཀྱང་བདེན་པ་རིགས་ཤིག་རེད། ཀྲུང་གོའི་མངོན་སུམ་ནི་ནགས་ཚལ་ཆེན་མོ་ཉི་འོད་དང་རྩྭ་ལྗང་དང་མེ་ཏོག་དང་འདབ་ཆགས་དང་ཆུ་ཕྲན་ལ་སོགས་པ་ཡོད་དོ་ཅོག་གིས་གྲུབ་པའི་བདེན་པ་ཞིག་རེད་ལ། རྩོམ་པ་པོ་ཕུལ་བྱུང་བརྒྱ་གྲངས་ལོངས་པ་ཞིག་གིས་ནགས་ཚལ་འདིའི་ཕུན་སུམ་ཚོགས་པ་དང་སྐྱི་གཡའ་བ། འགལ་བ་དང་རྙོག་དྲ། དར་བ་དང་གས་ཁ་ལོངས་སུ་སྤྱད་དེ་རང་རང་སོ་སོ་ཡི་རྩོམ་རིག་གི་བདེན་པ་ཞིག་འབྲི་ཡི་ཡོད་པ་རེད། དེའི་ཁྲོད་དུ་ང་རང་ནི་དཀོན་མཆོག་དང་འཚོ་བ་ཡིས་བསྐོས་པའི་མུན་པ་ཚོར་མཁན་དེ་ཡིན་པས་མཐོང་བའི་བདེན་པ་དེ་གཞན་དང་མི་འདྲ་བར་ནགས་ཚལ་སྟུག་པོའི་ཀློང་གི་སྨུག་པ་མཐུག་པོ་དང་། སྨུག་པ་མཐུག་པོའི་གསེང་གི་འཛིང་ཆ་དང་དུག་རྫས་དང་འཇིགས་པ་ལ་སོགས་མཐོང་གི་ཡོད་སྟབས་མི་མང་ཤོས་ཀྱིས་ཉིན་དཀར་གྱི་ནགས་ཀྱི་མཛེས་པ་མཐོང་དུས་ཁོ་བོས་ནི་མཚན་མོ་ཡི་ནགས་ཚལ་གྱི་མུན་པ་དང་འཇིགས་པ་མཐོང་གི་ཡོད།
    མུན་པ་ཞེས་པ་ནི་ཆུ་ཚོད་དང་ས་གནས་དང་དོན་དག་ཙམ་ཞིག་མ་ཡིན་པར་དེ་ནི་ཆུ་དང་རླུང་། མི་དང་མི་སེམས། ནར་མའི་འཚོ་བ་དང་ནར་མའི་དབུགས་སྒྲ་བཅས་ཡིན་པ་རེད། གལ་ཏེ་མུན་པ་ཞེས་པ་སྔ་མ་ཁོ་ན་ཙམ་དུ་རློམ་ཚེ་དེ་ནི་ནོར་བ་ཆེན་པོ་ཞིག་རེད་དེ། དོན་གྱི་མུན་པ་གཏིང་ཟབ་ལ་མཐའ་མེད་པ་དེ་ནི་མི་རྣམས་ཀྱིས་མུན་པ་དེ་མིག་གིས་མཐོང་ཞིང་ཚོར་བར་གྱུར་ནའང་དེ་ཉིད་འོད་གསལ་ཞིང་དྲོད་དང་ལྡན་པ་ཞིག་ཏུ་ཤོད་པ་དེ་རེད། དོན་གྱི་མུན་པ་ནི་མི་རྣམས་མུན་པ་ལ་གོམས་ཤིང་ལོབས་པར་གྱུར་པ་དང་། རང་ཉིད་མུན་པའི་ཀློང་དུ་འཚོ་ཞིང་གནས་པ་ལ་ཁ་ཡ་མི་བྱེད་པ་དང་བརྗེད་ངས་སུ་འགྱུར་བ་དེ་རེད། རྒྱུ་མཚན་འདི་ཡི་ཕྱིར་རྩོམ་རིག་གིས་རང་ཉིད་ཀྱི་རླབས་ཆེ་ས་དེ་མི་རྣམས་ལ་སྟོན་དགོས་ཏེ་རྩོམ་རིག་གིས་མུན་པའི་གཏིང་ནས་འོད་ཆེས་ཉག་ཕྲ་བ་དང་མཛེས་པས་ཕྱུག་པ། དྲོད་དང་ལྡན་པ། རྫུན་དང་བྲལ་བ། བརྩེ་བས་ཁེངས་པ་ཞིག་མི་རྣམས་ལ་སྦྱིན་ཐུབ་ཀྱི་ཡོད་པས་ན། ཁོ་བོས་ཀྱང་མུན་པ་འདི་ཡི་ཁྲོད་ནས་མི་རྣམས་ཀྱི་ཚེ་དང་དབུགས་སྒྲ་ཐོས་ཤིང་། འོད་དང་མཛེས་པ་དང་། དྲོད་དང་སྙིང་རྗེ། མི་སེམས་ཀྱི་གྲང་འཁྱག་དང་སྐམ་བརླན་ཚོར་དུ་འཇུག་ཅི་ཐུབ་བྱས་པ་ཡིན།
    རྒྱུ་མཚན་འདི་ཡི་དབང་གིས། ཆུ་ཚོད་དང་ས་གནས་དང་དོན་དག་ངེས་ཅན་ཞིག་གི་དབང་དུ་མ་གྱུར་པར། ངས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་དང་ལྡན་པའི་རྒྱལ་ཁབ་འདི་རུ་ཉིན་རྒྱུན་གྱི་མུན་པ་ཆེས་མཐུག་པོ་དེ་མཐོང་བྱུང་། དེ་ནི་རྒྱ་སྲང་དུ་ལོ་ལོན་གཅིག་རེ་གཅིག་རེ་བྱས་འགྱེལ་བའི་ཚེ་ནའང་མ་ཉེས་ཁ་གཡོགས་འདོགས་སྲིད་ཀྱི་སེམས་ཁྲལ་གྱིས་ནོན་ཏེ་སུས་ཀྱང་ཡར་སྐྱོར་བར་མི་བྱེད་པ་དེ་རེད་ལ་ལོ་ལོན་དེ་ཚོའི་ཁྲག་ཀྱང་ང་ཚོ་ནང་བཞིན་དམར་ཞིང་ཚ་ལམ་ལམ་བྱེད་ཀྱི་ཡོད་པ་རེད།
    རྒྱུ་མཚན་འདི་ཡི་དབང་གིས། སྦྲུམ་མ་ཞིག་སྨན་ཁང་གི་གཤག་བཅོས་སྟེགས་བུ་རུ་ཤི་བའི་ཚེ་ན་སྨན་པ་ཐམས་ཅད་འགན་འཁུར་ལ་གཡོལ་བའི་ཆེད་དུ་ཕྱོགས་བཞིར་བྲོས་ཕྱིན་ནས་ཤུལ་ཏེ་མི་གཤིས་དང་བླ་སྲོག་གི་དབུགས་སྒྲ་དང་ཀི་ཅོ་ཆེས་ཉམ་ང་བ་ཞིག་བསྐྱུར་བ་དེ་ངས་མཐོང་བྱུང་།
    རྒྱུ་མཚན་འདི་ཡི་དབང་གིས། ངས་རང་ཚང་གི་ཁང་པ་གཞུང་གིས་བཙན་གྱིས་བཤིག་པའི་ཚེ་ན་ནར་མའི་འཚོ་བའི་ཁྲོད་ཀྱི་མུན་པ་ཆེས་ཕལ་བ་དང་ཆེས་མཐུག་པོ་དེ་ཚོར་བྱུང་། ངས་མི་དེ་དག་དང་འཚོ་ཐབས་དེ་དག མངོན་སུམ་འདི་དང་འཇིག་རྟེན་འདི་ལས་བསྐྲད་ཐབས་བྲལ་བའི་མུན་པ་འདི་ལ་གདོང་གཏད་དུས་སྨུག་པ་འདྲ་བ་ཞིག་གིས་ངའི་སེམས་དང་འཚོ་བ། ངའི་རྩོམ་འབྲི་སྤྱད་ཀྱི་སྨྱུ་གུ་བཅས་ཟིན་འགྲོ། ངས་རང་ཉིད་ཀྱི་ཐབས་ཀྱིས་འཇིག་རྟེན་འདི་ཚོར་བ་ཇི་བཞིན་ངས་ཀྱང་རང་གི་ཐབས་དང་ཤེས་པ། རང་གི་ཡི་གེ་ལ་བརྟེན་ནས་འཇིག་རྟེན་འདི་འབྲི་ཁུལ་མི་བྱེད་ཐུ་མེད་རེད། ང་ལ་སྒེའུ་ཁུང་འདི་ཡོངས་སུ་ཕྱེ་ནས་འོད་ནང་དུ་འཕྲོ་རུ་འཇུག་པ་དང་། བྱུང་བ་དང་མངོན་སུམ་ཆོ་མེད་པ་འཛིང་ཆེ་བ་འདི་ལས་མི་སེམས་དང་གོ་རིམ་གྱི་སྟོབས་ཚོར་དུ་འཇུག་པའི་ནུས་པ་མེད་པས། ང་རང་ནམ་ཡང་འཛིང་བའི་མུན་པ་ཡིས་བསྐོར་ཞིང་བཏུམས་འགྲོ་བས་མུན་པ་འདིའི་གཏིང་ཁོ་ན་ལས་འཇིག་རྟེན་གྱི་འོད་དང་མི་སེམས་ཀྱི་དྲོད་ཡོད་སའི་གནས་ཤིག་དང་མ་འོངས་པ་ཞིག་ལ་ཡིད་མི་ཆེས་ཀ་མེད་རེད།
    དེ་བས་ཐ་ན་ང་རང་ཡང་མུན་པའི་མི་ཞིག་ཡིན་ཤས་ཆེ་སྟེ་འོད་ཀྱིས་བདས་ཤིང་བསྐྲད་པའི་མུན་པ་ཡི་རྩོམ་པ་པོ་དང་འབྱུང་པོ་ལྟ་བུ་ཞིག་ཡིན་ཤས་ཆེ། སྐབས་འདིར་ངས《ཞལ་ཆེམས་རྙིང་མ》ཡི་ནང་གི་ཇེ་པོ་ཡིས་དཀའ་བ་དང་སྡུག་བསྔལ་གྱི་མནར་བ་མང་དུ་མྱངས་རྗེས་ཁོ་ལ་ངན་སྔགས་བོར་བའི་ཆུང་མ་ལ། "ང་ཚོས་ལྷ་ཡི་ཕྱག་ནས་སྐྱིད་ལེན་དུས་སྡུག་ཀྱང་བླངས་པ་མིན་ནམ"ཞེས་བཤད་ཡོད་པ་རེད། ཚིག་ཕྲེང་འདི་ཁོ་ནས་ཇེ་པོ་ཡིས་ལྷ་ཡིས་བདམས་ཏེ་ཁོ་ལ་སྦྱངས་པ་མཛད་པའི་སྡུག་བསྔལ་ཡོངས་སུ་རྟོགས་ཏེ་འོད་དང་མུན་པ་གཉིས་མཉམ་དུ་གནས་པའི་རྒྱུ་མཚན་བཤད་ཡོད་པ་རེད། ང་ནི་ཇེ་པོ་ནང་བཞིན་ལྷ་ཡིས་བདམས་པའི་སྡུག་བསྔལ་མྱོང་མཁན་ཞིག་མིན་ནའང་། ང་ནི་འཚོ་བ་དང་དཀོན་མཆོག་གིས་བདམས་པའི་མུན་པ་ཚོར་མཁན་དེ་ཡིན། ང་རང་འོད་མཐའ་ཡི་མུན་པ་རུ་འཚོ་ཞིང་དེ་ལས་འཇིག་རྟེན་འདི་སྨྱུག་རྩེ་རུ་འགོད་ཀྱིན་མུན་པ་དེ་ལས་འོད་དང་ཟེར་མ་དང་དྲོད་དང་དགའ་བ་དང་དགེ་བ་དང་མི་སེམས་ཀྱི་གསོན་ཆ་འཚོལ་ཞིང་རྩོམ་བྲིས་པ་བརྒྱུད་ནས་རང་ཉིད་ཀྱང་མུན་པ་ལས་ཐར་ཏེ་འོད་ཀྱི་སྣང་བ་རུ་ཞུགས་ཐུབ་པར་འབད་པ་ཡིན།
    ང་རང་སྟེ་རྩོམ་འབྲི་བ་དེ་རང་གི་མཐར་གྱི་དམིགས་པ་དང་དད་པ་རུ་བྱས་པའི་རྩོམ་པ་པོ་ང་རང་མི་ཞིག་ཡིན་པའམ་རྩོམ་པ་པོ་ཞིག་ཡིན་པའི་ཆ་གང་ནས་ཀྱང་རང་ཉིད་སྐྱེས་མ་ཉིད་ནས་འོད་ལས་མུན་པ་ཚོར་དགོས་མཁན་ཞིག་ཏུ་གྱུར་པ་ལ་ཞེ་བདེ་ཡི་མེད་པས། ངས་རང་གི་ཁྲག་རྒྱུད་ཀྱི་ཕ་མེས་དང་ང་རང་མི་དང་རྩོམ་པ་པོ་མུན་པ་ཚོར་མཁན་འབའ་ཞིག་ཏུ་བྱེད་མཁན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་སྟེ་རས་ཡོལ་ཆེན་མོ་དེའི་ཕག་ཏུ་ཡིབ་ནས་མངོན་སུམ་དང་བྱུང་བ་དང་མི་སེམས་ཀྱི་གནས་སྟངས་སོགས་ཡི་གེར་འཕབ་མཁན་ངས་རྒྱུ་མཚན་དེ་ཡི་དབང་གིས་ཁབ་ཁ་རྩོམ་རིག་བྱ་དགའི་དཔྱད་པ་པོ་དག་གིས་ད་ལོར་རྩོམ་རིག་བྱ་དགའ་བབ་ཆགས་ལ་ར་རི་དང་བྲལ་བ་འདི་འདྲ་ཞིག་ང་ལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཅག་གིས་ང་ལ་བྱ་དགའ་འདི་གནང་བ་ནི། ཇེ་པོ་ཡིས་སྡུག་བསྔལ་དང་མནར་བ་མྱངས་རྗེས་ཐོབ་པའི་འོད་ཀྱི་སྣང་བ་དང་འབྱོར་བ་མ་ཡིན་པར། སྡུག་བསྔལ་ཉམས་སུ་མྱངས་རྗེས་བྲོས་འོངས་ནས་འཕྲིན་པ་སྐྱེལ་མཁན་གྱི་གཡོག་པོ་དེ་སྟེ་མཚན་ལམ་ལ་ལག་གློག་བཀར་བའི་རྒད་པོ་ལོང་བ་དེ་ཡི་གློག་འོད་ལ་བྱིན་པ་རེད། འོད་དེ་ཡོད་པའི་ཕྱིར་ན་སྐྱེས་པ་ཉིད་ནས་མུན་པ་ཚོར་མཁན་གྱི་མི་དེས་ཀྱང་ཁོའི་མདུན་དུ་འོད་ཀྱི་སྣང་བ་ཡོད་པ་དང་། འོད་ཀྱི་སྣང་བ་དེ་ཡོད་པའི་ཕྱིར་ན་མི་རྣམས་ཀྱིས་ཀྱང་མུན་པ་དང་སྨག་གནག་མཐོང་ནས་དེ་དག་ལ་བྱོལ་བ་དང་གཡོལ་ཐུབ་ཀྱི་ཡོད་པ་རེད། དེ་བཞིན་གཡོག་པོ་དེའམ་ལོང་བ་དེས་ཀྱང་ཁོས་འཕྲིན་པ་སྐྱེལ་བའི་མཚན་ལམ་ལ་མི་རྣམས་ཁོ་དང་འཕྲད་དུས་ཁོའི་མདུན་གྱི་ལམ་ཁ་གསལ་བར་བྱེད་ཐུབ་ལ། ཐ་ན་ལམ་ཐག་ཐུང་ངུ་ཞིག་ལས་མེད་ནའང་དེའང་ཤིན་ཏུ་གཅེས་པའི་གནས་ཡིན་ནོ། ། (རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག