ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ཐོག་མའི་བསམ་འདུན་སྒྲུབ། ཚད་ལོན་རྒྱུགས་ལན་འབུལ།

2020-03-13 སྣང་རྡོས་བསྒྲིགས།

          སྤྱི་ཟླ་3པའི་ཚེས་10ཉིན། ཝུའུ་ཧན་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཉེན་ཁ་ཆེན་པོ་འཕྲད་པའི་སྐབས་སུ་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད་པ་དང་། བློ་སྟོབས་ཆེན་པོས་འབད་འཐབ་བྱས་ནས། དམག་ཆེན་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པ་དང་། རྒྱུགས་ཆེན་ཁྲོད་ཚད་ལོན་རྒྱུགས་ཡིག་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།

          རིམས་ནད་སྔོན་འགོག་ཚོད་འཛིན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་འགག་རྩའི་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་ཝུའུ་ཧན་དུ་རྟོག་ཞིབ་གནང་བར་ཕེབས་པ་མ་ཟད་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ལས་དོན་ཐད་གལ་ཆེའི་གསུང་བཤད་གནང་ནས། ཝུའུ་ཧན་དང་། ཧུའུ་པེ་དེ་བཞིན་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་མདུན་མར་འབད་འཐབ་གནང་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅིས་གལ་ཆེའི་མཛུབ་སྟོན་གནང་བ་ལྟར། ཟམ་མི་ཆད་པར་འགན་སེམས་ཆེ་རུ་གཏོང་བ་དང་། ཐོག་མའི་བསམ་འདུན་བྱ་སྤྱོད་ངོ་མའི་ཐོག་ནས་མངོན་པར་བྱེད་པ། འགན་འཁྲི་ཕྲག་ཏུ་འཁུར་བ། དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་ནང་མདུན་དུ་མཆོང་བ་དང་། ཉམས་སད་ཐེག་ཐུབ་པ་བྱ་དགོས། 
          མང་ཚོགས་ལྟེ་བར་བཟུང་ནས། མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ་བྱ་རྒྱུ་ནི་ཏང་གི་ཐོག་མའི་བསམ་འདུན་ཡིན་ལ། ཏང་གི་སྙིང་རུས་སྐྱེད་ས་དེ་ཡང་ཡིན། གང་ཞིག་ལ་ཉེན་ཁ་ཡོད་ཚེ། དེ་གར་གུང་ཁྲན་ཏང་ཡོན་ཡོད་པ་ནི། ཀྲུང་གོའི་གུང་ཁྲན་ཏང་མིའི་འགྱུར་མེད་སྙིང་སྟོབས་ཀྱི་རང་མདངས་ཡིན། གློ་བུར་དུ་ཐོན་པའི་རིམས་ནད་ཀྱི་མདུན་དུ། རྒྱ་ཆེའི་ཏང་ཡོན་རྣམས་འཐབ་ས་མདུན་མར་བསྐྱོད་པ་དང་། ཉེན་ཁ་ཆེ་ཤོས་སར་ལངས་ཡོད། འཐབ་ས་མདུན་མའི་ལས་གནས་ཚང་མར་ཏང་ཡོན་བརྗེ་རེས་བྱེད་པའི་ཛ་དྲག་སྐུལ་སློང་བྱས་པ་ནས། ང་རང་ཏང་ཡོན་ཡིན་པས་ང་རང་སྔོན་དུ་བསྐྱོད་ཀྱི་ཡིན་ཞེས་པའི་ལྷག་བསམ་དཀར་པོའི་ཐོག་ནས་ཏང་ཡོན་ལས་བྱེད་པས་ཐེངས་འདིའི་རིམས་ནད་དགྲ་བོར་འཛིན་པ་དང་། ནད་ཁང་འཐབ་སར་འཛིན་པ། མང་ཚོགས་གཉེན་ཉེར་འཛིན་པ་བཅས་བྱས་པ་དང་། རང་སྲོག་བློས་གཏོང་ལ་མི་སྐྲག་པ་དང་། འགན་འཁྲི་འཁུར་ཕོད་པ། ཁྱོན་ཡོངས་ལ་ལྟ་བ། ལེགས་སྐྱེས་འབུལ་འདོད་ཆེ་བ་བཅས་ཀྱི་སྤྱོད་བཟང་མངོན་པར་བྱས་པ་དང་། མི་དམངས་ཀྱི་ཁེ་ཕན་ཡོད་ཚད་ལས་མཐོ་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱས་ནས། དུས་རབས་གསར་པའི་གུང་ཁྲན་ཏང་ཡོན་གྱི་བླ་ན་མེད་པའི་གཟུགས་བརྙན་མངོན་པར་བྱས་ཡོད།

          རིམས་ནད་སྔོན་འགོག་ཚོད་འཛིན་ནི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ངོས་ནས་བརྗོད་ན་དམིགས་བསལ་གྱི་ཚོད་བགམ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རིམ་ཁག་ཏང་རྩ་འཛུགས་ཀྱིས་འཐབ་ས་མདུན་མར་ལས་བྱེད་པར་རྟོག་ཞིབ་དབྱེ་འབྱེད་བྱ་དགོས་པ་དང་། འགན་འཁྲི་འཁུར་བའི་སྙིང་སྟོབས་དང་། ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་བྱེད་པའི་བློ་གྲོས། གཅིག་གྱུར་འཆར་འགོད་བྱེད་པའི་ཐབས་ཇུས། སྒྲིག་འཛུགས་ལག་བསྟར་བྱེད་པའི་འཇོན་ཐང་བཅས་སྦྱོང་བརྡར་སྤྲོད་དགོས་ཞེས་བསྟན་གནང་ཡོད། ཚོད་བགམ་ཆེན་པོའི་མདུན་དུ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་མདུན་དུ་ལངས་པའི་འགན་འཁུར་སྙིང་སྟོབས་དང་། བརྟན་ལྷིང་བཟོ་ཐུབ་པའི་ཆབ་སྲིད་ཀྱི་བརྟན་ཤུགས་ཡོད་དགོས་ལ། དེ་བས་ཀྱང་འགུལ་སྐྱོད་བྱེད་ཐུབ་པའི་བཅོས་སྐྱོང་ནུས་པ་ཡོད་པའི་ཐོག་ནས། སྔ་བར་ཕྱི་གསུམ་དུ་ཏང་འཛུགས་ཀྱིས་སྣེ་ཁྲིད་བྱ་རྒྱུ་དང་། ཕྱོགས་ཁག་བར་མཐུན་སྦྱོར་ཧུར་ཐག་བྱེད་པ། དམག་འཐབ་བཙན་རྫོང་བརྟན་པོ་འཛུགས་པ་བཅས་བྱས་ནས། ཏང་གི་ཆབ་སྲིད་བཟང་ཆ་དང་། རྩ་འཛུགས་བཟང་ཆ། མང་ཚོགས་དང་འབྲེལ་བ་ཟབ་པའི་བཟང་ཆ་བཅས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་སྟོབས་ཆེའི་ལམ་ལུགས་བཟང་ཆར་འགྱུར་བ་བྱ་དགོས།
          ཇི་ཙམ་དཀའ་ཚེགས་ཆེ་བའི་སྐབས་སུ་དེ་ཙམ་གྱིས་བློ་རྩ་བརྟན་པོ་ཡོད་དགོས་པ་དང་། ཇི་ཙམ་འགག་རྩའི་དུས་ལ་སླེབས་པའི་སྐབས་སུ་དེ་ཙམ་གྱིས་སྙིང་སྟོབས་ཆེར་སྐྱེད་བྱ་དགོས། དུས་འདིར་རྒྱལ་ཕམ་ཐག་གཅོད་དང་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཀའ་རྒྱ་བསྒྲགས་ཟིན་པས། འཐབ་ཕྱོགས་ཁག་ཏུ་འཐབ་འཛིང་བྱེད་བཞིན་པའི་ཏང་ཡོན་ལས་བྱེད་པས་མུ་མཐུད་དཀའ་ངལ་ཁྱད་གསོད་དང་། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ། ལྷོད་གཡེང་དང་ལེ་ལོ་མི་བྱེད་པ། དཔའ་མི་ཞུམ་པ་བཅས་བྱས་ནས། རྒྱ་ཆེའི་མང་ཚོགས་ཀྱི་བློ་གཏད་བཅོལ་ས་དང་། སྙིང་གྲོགས་ཡག་པོ་བྱེད་པ་དང་། དམག་ཆེན་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པ་དང་། རྒྱུགས་ཆེན་ཁྲོད་ཚད་ལོན་རྒྱུགས་ཡིག་ཕུལ་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གཉིས་ཀར་རྒྱལ་ཁ་ལེན་ཆེད་དུས་རབས་གསར་པའི་གུང་ཁྲན་ཏང་མིའི་ལེགས་སྐྱེས་འབུལ་དགོས།
འབྲེལ་ཡོད་རྩོམ་ཡིག