ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

དམངས་ཁྲོད་རིག་གནས་ཀྱིས་བཏེགས་པའི་ཁྲོམ་ར།

2014-12-04 ར་ས་བསྟན་ཆོས།
  ཉེ་ཆར་ལྷ་ས་གྲོང་ཁྱེར་དང་དེའི་ཆར་གཏོགས་ཀྱི་ས་གནས་ཁག་ཏུ་དུས་ཆེན་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། དཔེར་ན། ཞོ་སྟོན་དུས་ཆེན་དང་། ཆབ་བཞུགས་ཀྱི་དུས་ཚིགས་སྐར་མ་རི་ཥི། འོང་སྐོར། དེ་བཞིན་རྒྱལ་ཡོངས་གཅིག་གྱུར་གྱི་དུས་ཆེན་ཟླ་མཆོད་དུས་ཆེན་དང་། དྭངས་གསལ་དུར་མཆོད་ཉིན་མོ། ད་དུང་ཁེ་ལས་དང་ཚོགས་པ་ཁག་གིས་གཉེར་བའི་སྒྱུ་རྩལ་འགྲེམས་སྟོན་སྣ་མང་། རྒྱལ་ཕྱི་དང་རྒྱལ་ནང་གི་ཡུལ་སྐོར་བ་མང་པོ་ཞིག་ཀྱང་སྐབས་དེའི་དགའ་སྟོན་ལོངས་སུ་སྤྱོད་ཕྱིར་འོང་བཞིན་ཡོད་པས། དབྱར་དུས་ཀྱི་ལྷ་སའི་རང་བྱུང་གི་མཛེས་སྡུག་ཁྲོད་དུ། རིག་གནས་ཀྱི་དུས་སྟོན་ཟད་མི་ཤེས་པ་ཞིག་སྟར་བཞིན་ཡོད། དེ་ལྟའི་དམངས་འཚོ་དང་དམངས་ཕྱུག་གི་སྲིད་ཇུས་འོག་ཏུ། འཁྲུག་ཆ་དང་ཟད་མི་ཤེས་པའི་དགའ་སྟོན་ལ་རོལ་བ་དང་དུས་མཚུངས། སླར་ཡང་དེ་ལ་ཕྱིར་རྟོག་བྱེད་པ་དེ་ནི་འགན་འཁྲི་ཞིག་དང་། རིག་གནས་དང་ཁྲོམ་ར་གཉིས་ཀ་སྐྱོན་བྲལ་ངང་ནས་དེ་བས་གོང་འཕེལ་སོང་སྟེ་དམངས་འཚོ་ལེགས་སྤེལ་ཐུབ་པའི་རྨང་གཞི་ཞིག་ཀྱང་ཡིན།
  སྤྱི་བྱིངས་རིག་གནས(大众文化)ཞེས་པ་དེ་རིག་གནས་དང་ཁྲོམ་རའི་བར་གྱི་འགལ་འབྲེལ་གསལ་ཁ་འབྱེད་པའི་ཐ་སྙད་གལ་ཆེན་ཞིག་ཡིན། སྤྱི་བྱིངས་རིག་གནས་ནི་ཐད་ཀར་ཁྲོམ་རའི་དགོས་མཁོ་དང་འབྲེལ་ཞིང་། སྨྱན་སྦྱོར་ཚན་པ་མང་དུ་འཕེལ་བའི་རྒྱུ་ལས་བྱུང་བ་ཡིན། དེང་སྐབས་བོད་ཀྱི་ཁྲོམ་རའང་གོང་འཕེལ་འགྲོ་བ་དང་། སྨྱན་སྦྱོར་ཚན་པ་ཇེ་མང་སོང་བའི་དབང་གིས་སྤྱི་བྱིངས་རིག་གནས་ཀྱང་འཕེལ་རྒྱས་གང་ཙམ་སོང་བའི་ཉེར་ལེན་ལས། བོད་སྨན་དང་། བོད་སྤོས། ཐང་ག ལྷ་མོའི་ཟློས་གར་ཚོགས་པ་སོགས་དམངས་ཁྲོད་ཀྱི་རིག་གནས་ཁྲོམ་རའི་སྟེང་བསྐྱོད་འགོ་བརྩམས་པ་དང་། དེ་དག་གིས་ཁྲོམ་རའི་སྟེང་དུ་གཞི་རྐང་ཚུགས་ཆེད་སྨྱན་སྦྱོར་ཚན་པ་ཁག་གི་ཐོག་ནས་སོ་སོའི་ཁྱད་ཆོས་དང་ཐོན་རྫས་དྲིལ་བསྒྲགས་བྱེད་ཀྱི་ཡོད་པས། སྤྱི་བྱིངས་རིག་གནས་ཀྱི་ཁྱད་ཆོས་ཆེས་ཆེར་ལྡན། འོན་ཏེ། དེ་དག་ཁྲོམ་རའམ་མི་རྣམས་ཀྱི་ངོ་ན་ཐོན་སྐབས་དམངས་ཁྲོད་རིག་གནས་(民间文学)ཀྱི་རྣམ་པའི་ཐོག་ནས་མངོན་བཞིན་ཡོད་པ་ལས། སྤྱི་བྱིངས་རིག་གནས་ཀྱི་ངོ་བོ་དེ་ཡིབ་སྦས་ཀྱི་ངང་དུ་གནས། དེ་ནི་ཁེ་ལས་སམ་ཚོགས་པ་དེ་དག་གི་འགན་འཛིན་པར་བཅར་འདྲི་བྱེད་སྐབས་ཤེས་ཐུབ་སྟེ། དེ་དག་གིས་སྲོལ་རྒྱུན་ནམ་དམངས་ཁྲོད་རིག་གནས་གོང་འཕེལ་གཏོང་ཆེད་ཀྱི་ཆ་ནས་རང་གི་ཁེ་ལས་སམ་ཚོགས་པ་དེ་བཙུགས་ཚུལ་བརྗོད་པ་ལས། སྲོལ་རྒྱུན་ནམ་དམངས་ཁྲོད་རིག་གནས་དེས་རང་ལ་ཁེ་ཕན་ནམ་འཚོ་བར་ཕན་ཐོགས་ཡོང་ཚུལ་གྱི་ཆ་ནས་བརྗོད་མཁན་ཧ་ཅང་ཉུང་བ་དེ་ལས་ཤེས་ཐུབ།
  ཡང་གཅིག་བསམས་ན། ནམ་ཞིག་དེ་དག་ལ་ཁྲོམ་ར་མེད་ན། ཁོ་ཚོས་དེ་དག་སྔར་བཞིན་རྒྱུན་འཛིན་བྱེད་སྲིད་དམ། དོན་དུ། བོད་ལ་མཚོན་ན་སྤྱི་བྱིངས་རིག་གནས་དེ་དམངས་ཁྲོད་རིག་གནས་རྨང་གཞིར་བཟུང་ཞིང་། དམངས་ཁྲོད་རིག་གནས་ཀྱི་རྣམ་པའི་ཐོག་ནས་མངོན་བཞིན་ཡོད་མོད། དེ་གཉིས་ལ་ཁྱད་པར་ཧ་ཅང་ཆེ། དེ་ནི་དེའི་ཐད་ཞིབ་འཇུག་གནང་མཁན་གྱི་ནུབ་ཕྱོགས་མཁས་དབང་དག་གི་དགོངས་པ་གཅིག་ཏུ་བབས་ཏེ། དམངས་ཁྲོད་རིག་གནས་ནི་དམངས་ནས་མཆེད་འོང་བ་ཞིག་དང་། མང་ཚོགས་རང་རང་གི་འཚོ་བ་དང་ཉམས་མྱོང་ལས་རང་བཞིན་གྱིས་ཕྱུངས་ཏེ་རང་རང་སོ་སོས་རང་དབང་གིས་ལོངས་སུ་སྤྱད་བྱ་ཞིག་ལས། དེ་ལ་ཁེ་ཕན་ནམ་དཔལ་འབྱོར་གྱི་རེ་ལྟོས་མེད་པ་ཞིག་ཡིན། འོན་ཏེ། སྤྱི་བྱིངས་རིག་གནས་ནི་དམངས་ནས་མཆེད་འོང་བ་ཞིག་མིན་པར། ཁེ་ཕན་དོན་གཉེར་མཁན་གྱིས་ཆེད་དུ་ལག་རྩལ་པ་དང་ཆེད་ལས་མཁས་པ་གདན་དྲངས་ཏེ་ཁྲོམ་རའི་དགོས་མཁོ་དང་འཚམས་པར་དམངས་ཁྲོད་རིག་གནས་ལ་བཅོས་སྒྲིག་བྱས་པ་ཞིག་དང་། ཡང་ན་དེ་བས་སྒྱུ་རྩལ་གྱི་རྣམ་པ་དོད་པའི་ཐོག་ནས་གསར་བཅོས་ཀྱིས་འཛད་སྤྱོད་པ་དེ་ཉིད་གཞན་དབང་ཅན་དུ་སྒྱུར་གྱིན་ཡོད།
  དེ་ལས་མཐོང་གསལ། དམངས་ཁྲོད་རིག་གནས་ནི་དམངས་རང་རང་སོ་སོའི་བགོ་སྐལ་དུ་གྱུར་པའི་ཁོར་ཡུག་ཆུང་ཆུང་ཞིག་ནང་རང་དོན་རང་གཅོད་ཀྱི་ཚུལ་དུ་གནས་ཤིང་། ར་བས་བསྐོར་བ་ཞིག་དང་མཚུངས་པས། དེ་ལ་ཕྱིའི་ཤུགས་རྐྱེན་མེད་པས། སྔར་གྱི་རྣམ་པ་མི་མུས་བརྒྱུད་བཅས་རང་སོར་གནས་ཐུབ་པ་ཞིག་ཡིན། སྤྱི་བྱིངས་རིག་གནས་ནི་དེ་ལས་ལྡོག་སྟེ་ངེས་པར་ཁྲོམ་རའི་དགོས་མཁོ་དང་འཚམས་དགོས་པས། རང་དོན་གཞན་གཅོད་ཀྱི་ཚུལ་དུ་གནས་ཤིང་། ར་བ་དེ་ཉིད་ཡོངས་སུ་གཏོར་བས། དེའི་ནང་ཁྲོམ་རའི་དགོས་མཁོའི་དབང་གིས་སུ་དང་གང་ཡང་འཚངས་ནུས་པ་ཞིག་ཡིན་པས། སྔར་གྱི་རྣམ་པ་རང་སོར་གནས་ཐུབ་ཅེས་བརྗོད་རྒྱུ་དེ་ངོ་མ་ཧ་ཅང་དཀའ།
  དེས་ན། སྲོལ་རྒྱུན་རིག་གནས་ཀྱིས་ཁྲོམ་ར་གོང་འཕེལ་བཏང་དང་གཏོང་བཞིན་ཡོད་པ་བདེན་ལ། ཁྲོམ་རས་ཀྱང་སྲོལ་རྒྱུན་རིག་གནས་རྒྱ་ཁྱབ་ཏུ་སྤེལ་བ་དངོས་དོན་ཡིན་པ་སུས་ཀྱང་བསྙོན་དུ་མེད་མོད་ཀྱང་། ཁྲོམ་ར་རང་ལ་མངའ་བའི་ངོ་བོ་དེས་སྲོལ་རྒྱུན་རིག་གནས་ཀྱི་རྣམ་པ་ཇི་མ་ཇི་བཞིན་རྒྱུན་འཛིན་ཐུབ་སྲིད་དམ། དེ་བཞིན་ཁེ་ལས་ཚོགས་པ་དེ་དག་གིས་ནམ་ཞིག་དམངས་ཁྲོད་རིག་གནས་དེར་ཁྲོམ་ར་དེ་ཙམ་མེད་པར་གྱུར་ན། ཁོ་ཚོར་བརྙན་འཕྲིན་དང་རླུང་འཕྲིན་ནང་དུ་བཅར་འདྲི་བྱེད་སྐབས་བརྗོད་པ་བཞིན། སྔར་བཞིན་དམངས་ཁྲོད་རིག་གནས་དེ་སྲུང་འཛིན་བྱེད་མཁན་གྱི་བྱེད་པ་པོ་ཞིག་ཏུ་འགྱུར་སྲིད་དམ། སྤྱི་བྱིངས་རིག་གནས་དེ་དམངས་ཁྲོད་རིག་གནས་ཀྱི་རྣམ་པའི་ཐོག་ནས་མངོན་སྐབས། ཇི་ལྟར་བྱས་ཏེ་རང་གི་ཁྲོམ་རའི་དགོས་མཁོ་བསྐངས་ཐུབ་ལ། ཡང་དམངས་ཁྲོད་རིག་གནས་ཀྱི་ཁྱད་ཆོས་མི་འགྱུར་བར་སྲུང་འཛིན་བྱེད་ཐུབ་བམ། དེ་དག་ཚང་མ་ང་ཚོའི་མདུན་དུ་ལྷགས་པའི་གནས་དོན་རེད་ལ། ངེས་པར་བསམ་གཞིག་བྱེད་དགོས་པའི་གནས་དོན་ཞིག་ཀྱང་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག