ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ཞིབ་འཇུག་སློབ་མ་དང་ལས་ཞུགས་ཀྱི་བདམ་གསེས།

2014-12-26 དབང་མོ།
  ཟླ་འདིའི་ཚེས་ཉེར་བདུན་དང་ཉེར་བརྒྱད་གཉིས་ལ་རྒྱལ་ཡོངས་ཀྱི་ཞིབ་འཇུག་སློབ་མའི་ཡིག་ཚད་གཅིག་གྱུར་གྱི་གཏོང་བཞིན་ཡོད་པ་རེད། འུ་ཅག་བོད་ཀྱི་སློབ་གྲྭ་ཆེན་མོ་བ་དག་ལ་མཚོན་ནའང་ཞིབ་འཇུག་སློབ་མར་ཡིག་ཚད་གཏོང་བའམ། ཡང་ན་དེའི་ཐད་ལ་བསམ་བློ་མང་པོ་འཁོར་ནས་བདམས་གསེས་ཀྱི་དཀའ་ངལ་ལ་འཕྲད་པའི་སློབ་མ་མང་པོ་ཡོད། སྔོན་ལ་ལས་ཀར་ཞུགས་རྒྱུ་ཡིན་ནམ་ཞིབ་འཇུག་སློབ་མ་ལ་རྒྱུགས་སྤྲོད་རྒྱུ་ཡིན་ཞེས་པའི་དྲི་བ་འདི་སློབ་གྲྭ་ཆེན་མོ་སོ་སོ་ན་ནམ་ཡང་རྒྱུགས་ཆེ་བའི་དྲི་བ་ཞིག་རེད། སྔོན་ལ་ལས་ཀར་ཞུགས་འདོད་ཡོད་པ་དེ་ཚོས་ནམ་ཡང་སྔོན་ལ་ལས་ཀར་ཞུགས་ན་བཟང་ཚུལ་བརྗོད་པ་རེད། ཁོ་ཚོས་དེང་སྐབས་ལས་ཀར་ཞུགས་རྒྱུ་དེ་འདྲ་དཀའ་མོ་ཡིན་པས་སྔོན་ལ་ལས་ཀར་ཞུགས་འོས་པ་དང་། གལ་ཏེ་ལས་ཀར་མ་ཞུགས་ན་ཞིབ་འཇུག་སློབ་མའི་བསླབ་རིམ་འགྲུབ་རྗེས་ཀྱང་ལས་ཀ་འཚོལ་རྒྱུ་ལས་སླ་མོ་རུ་གྱུར་འགྲོ་ཟེར་རྒྱུ་དཀའ་མོ་རེད་ཟེར་བཞིན་ཡོད་པ་དང་། ཁོ་ཚོས་ད་དུང་དེང་སང་ཞིབ་འཇུག་སློབ་མ་ལས་ཀའི་ཞོར་དུ་འགྲིམ་ཆོག་པས། ངེས་པར་དུ་དེ་ལ་ལོ་ངོ་གསུམ་འཕྲོ་བརླག་གཏོང་དགོས་དོན་མི་འདུག་ཟེར་བཞིན་ཡོད། ཡང་ཞིབ་འཇུག་སློབ་མར་ཡིག་ཚད་གཏོང་རྒྱུར་མོས་པ་ཡོད་མཁན་ཚོས་དེང་སང་དངོས་གཞིའི་བསླབ་གནས་ཙམ་ཡོད་པས་གོ་ཆེན་པོ་མི་ཆོད་པར། ངེས་པར་དུ་ཞིབ་འཇུག་སློབ་མའམ་ཡང་ན་དེ་ལས་མཐོ་བའི་བསླབ་གནས་ཤིག་དགོས་པས། སྔ་ན་འཕྱི་ན་བསླབ་གནས་དེ་ལེན་དགོས་ན་སྔ་ཙམ་བླངས་ན་ཡག་པོ་ཡོད་པ་རེད། སྔ་ཙམ་བླངས་ན་ཕྱིས་སུ་གོ་སྐབས་ཡག་པོ་དང་འཕྲད་རྒྱུ་རེད་ཅེས་འདོད་བཞིན་ཡོད།
  བསམ་བློ་གཏོང་ཕྱོགས་འདི་གཉིས་ཀའི་གཅིག་ནི་མི་རང་རང་གི་ནུས་པའི་ངོས་ཐད་ནས་བསམ་བློ་གཏོང་བཞིན་ཡོད་ཅིང་། གཞན་གཅིག་གིས་བསླབ་གནས་ཀྱི་ངོས་ཐད་ནས་བསམ་བློ་གཏོང་བཞིན་ཡོད། འདི་ནི་རང་རྒྱལ་གྱི་སློབ་ཆེན་སློབ་མས་མི་ཚེའི་གདམས་གསེས་ལ་འཕྲད་པའི་ཐེ་ཚོམ་གྱི་གཞི་ཆེན་པོ་ཞིག་རེད།
  ལས་ཀར་ཞུགས་རྒྱུ་ཡིན་ནམ་ཞིབ་འཇུག་སློབ་མར་རྒྱུགས་སྤྲོད་རྒྱུ་ཡིན་པ་ནི་གཙོ་བོ་མི་རང་རང་གི་དཔལ་འབྱོར་གནས་བབས་དང་། སློབ་སྦྱོང་གི་གནས་ཚུལ། མ་འོངས་པའི་ལས་ཀའི་འཆར་འགོད་སོགས་ཕྱོགས་དུ་མ་ལ་བསམ་གཞིག་བཏང་རྗེས་བདམ་དགོས་པའི་སྒེར་གྱི་གནད་དོན་ཞིག་ཡིན་པ་ལས། འདི་ལ་ཐད་ཀར་ལས་ཀར་ཞུགས་ན་བཟང་ཟེར་བའམ་ཡང་ན་ཞིབ་འཇུག་སློབ་མ་འགྲིམ་ན་བཟང་ཞེས་ཐག་བཅད་ཆོག་པ་ཞིག་མ་རེད། དེ་ལས་ཀྱང་གལ་ཆེ་ཤོས་ཤིག་ཡོད་པ་ནི། ལས་ཀར་ཞུགས་པ་དང་ཞིབ་འཇུག་སློབ་མ་འགྲིམ་པ་གཉིས་འགལ་བ་ཞིག་ཏུ་ངོས་འཛིན་མི་འོས་པར། དེ་ནི་མི་ཚེའི་འཆར་གཞིའི་ཁྲོད་དུ་འདྲེས་པར་བྱས་ནས། ཞིབ་འཇུག་སློབ་མ་འགྲིམ་པའང་རང་གི་ནུས་པ་མཐོ་རུ་འདེགས་པ་དང་རང་གི་ལས་ཀའི་ཕུགས་བསམ་མངོན་དུ་འགྱུར་བའི་བརྒྱུད་རིམ་ཞིག་ལ་བལྟ་འོས།
  འོན་ཀྱང་མིག་སྔར་རང་རྒྱལ་གྱི་གནས་བབས་ལ་བལྟས་ན་ལས་ཀར་ཞུགས་པ་དང་ཞིབ་འཇུག་སློབ་མ་འགྲིམ་པ་གཉིས་སོ་སོ་རུ་ངོས་བཟུང་ནས། སློབ་མ་ཚོས་ངས་ཡང་སྙིང་ཞིབ་འཇུག་སློབ་མར་གྲ་སྒྲིག་བྱ་རྒྱུ་ཡིན་ནམ་ཡང་ན་ལས་ཀར་ཞུགས་རྒྱུ་གྲ་སྒྲིག་བྱ་རྒྱུ་ཡིན་ཞེས་དྲི་བ་འདྲི་བཞིན་ཡོད་ལ། ལས་ཞུགས་ཀྱི་དོན་དུ་ཞིབ་འཇུག་ཡིག་ཚད་འདོར་རྒྱུ་ཡིན་ནམ། ཞིབ་འཇུག་སློབ་མའི་ཤེས་རམས་ཀྱི་བསླབ་གནས་ཀྱི་ཆེད་དུ་ལས་ཀར་ཞུགས་རྒྱུ་བློས་གཏོང་རྒྱུ་ཡིན་པའི་ཐེ་ཚོམ་ཞིག་གི་རྒྱ་ལ་ཚུད་ཡོད་པ་རེད། འདི་ལྟར་ལས་ཞུགས་དང་ཞིབ་འཇུག་སློབ་མའི་ཤེས་རམས་ཀྱི་བསླབ་གནས་གཉིས་མི་ཚེའི་དམིག་འབེན་མི་འདྲ་བ་གཉིས་ལ་བལྟས་ནས་དེ་གཉིས་སོ་སོ་ཡིན་པ་འདྲ་བ་ཞིག་ལ་ངོས་འཛིན་དོན་ནི་ཕལ་ཆེར་རང་རྒྱལ་གྱི་ཞིབ་འཇུག་སློབ་མ་བསྡུ་བའི་ལམ་ལུགས་ཀྱི་ནང་དུ་གཅིག་གྱུར་གྱིས་རྒྱུགས་ལེན་པ་དང་། གཅིག་གྱུར་གྱིས་སློབ་མ་བསྡུས་ནས། ཡིག་ཚད་ཀྱི་འབྲས་བུ་ཁོ་ལ་སློབ་མ་བསྡུ་བའི་ཚད་གཞི་ལ་འཛིན་བཞིན་པའི་གནས་ཚུལ་འདི་ལ་འབྲེལ་བ་ངེས་ཅན་ཡོད་པ་འདྲ། ཕྱི་རྒྱལ་གྱི་སློབ་གྲྭ་མང་ཆེ་བ་ཞིག་དུ་ཞིབ་འཇུག་སློབ་མར་རེ་བ་ཞུས་ནས་ཞུགས་དགོས་པ་ཞིག་རེད། ཁོ་ཚོའི་སློབ་གྲྭ་ཁག་ཏུ་གལ་ཏེ་སློབ་མས་ཞིབ་འཇུག་སློབ་མའི་ཤེས་རམས་ཀྱི་བསླབ་གནས་མུ་མཐུད་དུ་ལེན་བསམ་ན་ཞིབ་འཇུག་གི་ཡིག་ཚད་སོགས་ལ་ཞུགས་མི་དགོས་པར། སློབ་ཆེན་སྐབས་ཀྱི་བསླབ་ཚན་ཁག་གི་རྒྱུགས་འབྲས་དང་སློབ་སྦྱོང་གི་གནས་ཚུལ་བསྟན་ནས་རེ་བ་ཞུ་ཆོག་པ་ཞིག་རེད། དེ་ལྟར་བྱས་ན་སློབ་ཆེན་མཐར་ཕྱིན་ལ་ཉེ་བའི་དུས་སུ་རང་གི་དཔལ་འབྱོར་གནས་ཚུལ་དང་། ལས་ཀ་བཙལ་བའི་གནས་ཚུལ། ཞིབ་འཇུག་སློབ་མར་ཞུགས་ཆོག་པའི་གོ་སྐབས་སོགས་ཕན་ཚུན་བསྡུར་བ་བྱས་ནས་ཐག་གཅད་ཆོག་པ་ཞིག་རེད།
  ད་ཡོད་ཀྱི་གནས་ཚུལ་ལྟར་ན་འུ་ཅག་གི་སློབ་མ་ཚོར་ལས་ཞུགས་དང་ཞིབ་འཇུག་སློབ་མར་ཡིག་ཚད་གཏོང་བའི་བདམ་གསེས་ཀྱི་ཐད་ནས་ལྟ་བ་ནོར་བ་གསུམ་འདྲ་བ་ཞིག་བྱུང་ཡོད། དེ་ལས་གཅིག་ཡིན་ན། ཞིབ་འཇུག་སློབ་མ་འགྲིམ་པ་ནི་ལས་ཀ་ལ་ཞུགས་པ་ལས་བཟང་བར་འདོད་ཅིང་། ཚང་མས་ཞིབ་འཇུག་སློབ་མར་ཡིག་ཚད་བཏང་ནས་ལས་ཀ་འཚོལ་མི་འདོད་པ་དེ་རེད། ཁོ་ཚོས་ཞིབ་འཇུག་སློབ་མའི་ཡིག་ཚད་ཡག་པོ་ཞིག་བྱུང་ན་ལས་ཀ་ཡང་དེ་ལ་དེ་མཐུན་གྱི་ཡག་པོ་ཞིག་རེག་ལོས་ཐུབ་འདོད་བཞིན་ཡོད། ཡང་རིགས་གཅིག་ཡོད་པ་ནི། ཞིབ་འཇུག་སློབ་མར་ཡིག་ཚད་གཏོང་བ་ནི་ལས་ཀར་ཞུགས་མ་འདོད་པའི་ཁ་གཡར་ས་ལྟ་བུ་དང་། དེང་སང་གི་ལས་ཀ་འཚོལ་བའི་འགྲན་རྩོད་དྲག་པོ་ཡིན་པ་དེ་ལ་གདོང་གཏད་མ་ཐུབ་པར། ཞིབ་འཇུག་སློབ་མར་ཡིག་ཚད་ཅིག་བཏང་རྗེས་སློབ་གྲོགས་ཚོ་ལས་ཀར་ཞུགས་སོང་ན་ངའང་མུ་མཐུད་དུ་རང་གི་ནུས་པ་ཇེ་མཐོར་གཏོང་བའི་ལམ་ཁ་ན་ཡོད་ཟེར་བ་ལྟ་བུ་ཞིག་རེད། འོན་ཀྱང་འདི་དག་གིས་བསླབ་གནས་འཕར་བ་དང་བསྟུན་ནས་ནུས་པ་འཕར་ཐུབ་ཟེར་རྒྱུ་དཀའ་མོ་ཡིན་པས། ཞིབ་འཇུག་སློབ་མ་མཐར་ཕྱིན་སོང་ནའང་ལས་ཀ་འཚོལ་བའི་ལམ་ལ་དཀར་ཆ་ཞིག་བྱུང་མེད་པ་རེད། ད་དུང་རིགས་གཅིག་ཡོད་པ་ནི་ལས་ཀར་ཞུགས་རྗེས་ཞིབ་འཇུག་སློབ་མ་ལ་ཡིག་ཚད་གཏོང་བཞིན་ཡོད་མོད། དེ་ཚོས་ཡིག་ཚད་གཏོང་དོན་ནི་རང་གི་ནུས་པ་ཞིག་ཇེ་མཐོར་གཏོང་བ་མ་ཡིན་པར། མཐར་ཕྱིན་དཔང་ཡིག་ཅེས་པའི་ཤོག་ལྷེ་དེ་ལ་དམིགས་པ་རེད།
  སློབ་ཆེན་སློབ་མ་རེ་འགས་རང་ཉིད་ཀྱི་བསླབ་གནས་ཇེ་མཐོ་ལ་བཏང་ན་ལས་ཀ་ལ་ཞུགས་པའི་ནུས་པའང་ཇེ་མཐོ་ལ་འགྲོ་བཞིན་ཡོད་པའི་འཁྲུལ་སྣང་ཞིག་སྐྱེ་བཞིན་ཡོད་པ་དང་། ཞིབ་འཇུག་སློབ་མར་ཡིག་ཚད་གཏོང་བ་ནི་དམིགས་ཡུལ་གཅིག་པུ་ལ་བརྩིས་ནས། སློབ་གྲྭ་ཆེན་མོར་སློབ་སྦྱོང་དང་མཐར་ཕྱིན་སོགས་ཀྱི་སྐབས་སུ་ལས་ཞུགས་ཀྱི་གནད་དོན་ལ་བསམ་བློ་ཅུང་ཟད་ཀྱང་གཏོང་བཞིན་མེད། མི་ལ་ལ་ཞིག་གིས་ད་དུང་ལོ་དང་པོར་ཡིག་ཚད་མ་ལོན་ན་ལོ་གཉིས་པར་སླར་ཡང་ཡིག་ཚད་གཏོང་དང་། ཡིག་ཚད་ལོན་པའི་བར་ལ་ཞིབ་འཇུག་སློབ་མ་འགྲིམ་པ་ནི་དམིགས་ཡུལ་གཅིག་པུ་རུ་བརྩིས་ཡོད། དེ་ལྟར་ཡིག་ཚད་ལོན་ནས་བསླབ་གནས་འཕར་སོང་ནའང་རང་རང་ལ་འཇོན་ཐང་ཅི་ཡང་ཐོབ་མེད་པས། མཐར་ཕྱིན་ནས་ལས་ཀ་བཙལ་བའི་སྐབས་སུ་སྔར་བཞིན་དཀའ་ངལ་ཆེན་པོ་གནས་ཡོད་པ་རེད།
  ད་དུང་སློབ་མ་རེ་འགའ་ཞིབ་འཇུག་སློབ་མ་འགྲིམ་པར་དགའ་སྣང་ཅུང་ཟད་ཀྱང་མེད་རུང་། གང་ལྟར་ཞིབ་འཇུག་སློབ་མའི་བསླབ་གནས་ཤིག་སྔ་རུང་འཕྱི་རུང་དགོས་པ་རེད། དེ་ན་དཔང་ཡིག་དེའི་ཆེད་དུ་འདོན་རྒྱུ་བྱ་ཟེར་བའི་ཀུན་སློང་ཞིག་གི་སྒོ་ནས་ཡིག་ཚད་གཏོང་བཞིན་ཡོད་པ་རེད། འདི་ལྟར་བསླབ་གནས་དང་དཔང་ཡིག་ཐོབ་ཡོད་ལ། ཞིབ་འཇུག་སློབ་མ་ཡིན་པའི་མིང་ཐོབ་ཅིག་རེག་ཡོད་པ་ནི་བདེན་མོད། མི་རང་གི་ནུས་པ་དང་འཇོན་ཐང་གོང་དུ་སྤེལ་བའི་ངོས་ཐད་ནས་བལྟས་ན་འདི་ལྟར་ཞིབ་འཇུག་སློབ་མ་འགྲིམ་པ་ནི་དུས་ཚོད་དང་རྒྱུ་ནོར་གང་ཐད་ནས་ཀྱང་འཕྲོ་བརླག་ཅིག་རེད།
  ཞིབ་འཇུག་སློབ་མ་འགྲིམ་རྒྱུ་ཡིན་ནམ་ཡང་ན་ལས་ཀ་ལ་ཞུགས་རྒྱུ་ཡིན་པའི་བློ་དོགས་དེ་ད་ལྟ་མི་སྒེར་གྱི་བློ་དོགས་ཙམ་མ་ཡིན་པར། དཔང་ཡིག་ལ་ལྟ་བའི་སྤྱི་ཚོགས་ཤིག་ནས་ནུས་པ་ལ་ལྟ་བའི་སྤྱི་ཚོགས་ཤིག་ལ་འགྱུར་བའི་གོ་རིམ་ཁྲོད་དུ་སྤྱི་ཚོགས་སྤྱི་ཡི་བློ་དོགས་ཤིག་ཆགས་ཡོད། ལས་ཞུགས་དང་ཞིབ་འཇུག་སློབ་མ་འགྲིམ་པའི་འབྲེལ་བ་འདི་ཐག་ཡག་པོ་ཞིག་གཅད་དགོས་ན་ཕྱོགས་གཅིག་ནས་རང་རྒྱལ་གྱི་ད་ལྟ་ལག་བསྟར་བྱ་བཞིན་པའི་ཞིབ་འཇུག་གི་ཡིག་ཚད་འདི་ལ་འགྱུར་བ་གཏོང་དགོས་པ་ལས། སྔོན་མ་ནང་བཞིན་ཡིག་ཚད་ཀྱི་འབྲས་བུ་རྐྱང་བ་ཞིག་ལ་རྒྱབ་རྟེན་བཅོལ་བ་ཡིན་ན། ཞིབ་འཇུག་སློབ་མའི་ཡིག་ཚད་དེའང་མཐོ་རྒྱུགས་དང་གཉིས་སུ་མེད་པ་ཆགས་པ་ཡིན་ལ། སློབ་ཆེན་ཡིན་ནའང་མཐོ་འབྲིང་ལོ་རིམ་བཞི་བ་དང་མཐོ་འབྲིང་ལོ་རིམ་ལྔ་བ་ལྟ་བུར་ཆགས་སོང་བ་ལས། སློབ་ཆེན་ཡིན་པའི་ཐུན་མིན་གྱི་ཁྱད་ཆོས་དང་ལམ་ལུགས་སོགས་མེད་པ་ལྟ་བུ་ཞིག་ལ་གྱུར་སོང་བ་རེད། འདི་ལྟར་ཞིབ་འཇུག་སློབ་མ་འགྲིམ་པ་ཡིན་ན་སློབ་ཆེན་གྱི་སློབ་གསོའི་སྤུས་ཚད་དང་སློབ་གྲྭ་ཆེན་མོ་བའི་འགྲན་རྩོད་ཀྱི་ནུས་པ་ཚང་མ་མར་ཆག་ངེས་ཅན་རེད། དེའི་ཕྱིར་གོང་དུ་བརྗོད་པའི་ཕྱི་རྒྱལ་གྱི་སློབ་གྲྭ་ནང་ལྟར་དུ་སློབ་ཆེན་གྱིས་རང་དབང་གིས་སློབ་མ་བསྡུ་བ་དང་། སློབ་མས་རང་བསམ་གྱིས་རེ་བ་ཞུ་བའི་ལམ་ལུགས་ལག་བསྟར་བྱ་འོས་པ་རེད། འདི་ལྟ་བུའི་ལམ་ལུག་གསར་བ་ཞིག་ལག་བསྟར་བྱས་ན་སློབ་མ་ཚོས་ལས་ཞུགས་དང་བསླབ་གནས་འཕར་བ་གང་ཡིན་རུང་རང་ཉིད་ཀྱི་སློབ་ཆེན་ལོ་བཞི་ཡི་གོ་རིམ་ཁྲོད་གཅིག་གྱུར་ཡོང་ངེས་ཡིན་ལ། རང་གི་འཇོན་ཐང་དང་དགའ་ཕྱོགས་ལྟར་སློབ་ཆེན་གྱི་འཚོ་བ་ལ་བཀོད་སྒྲིག་ཐུབ་རྒྱུ་རེད། དེ་བཞིན་དུ་མཐར་ཕྱིན་ལ་ཉེ་བའི་དུས་ཡིན་ནའང་། སློབ་མ་རང་རང་གིས་རང་གི་ལས་ཀ་དང་མ་འོངས་པའི་འཆར་འགོད་གཞིར་བཟུང་ནས་ཞིབ་འཇུག་སློབ་མ་འགྲིམ་པའམ་ཡང་ན་ལས་ཀ་ཞུགས་པའི་བདམས་གསེས་བྱ་ཆོག་པ་རེད།
  ད་ལྟ་སློབ་མ་ལ་མཚོན་ན་ལམ་ལུགས་འདི་ཡག་པོ་མ་རེད་ཟེར་ནས་སྡོད་རྒྱུ་དང་། སྡུག་སྨྲེ་འདོན་རྒྱུ་མ་ཡིན་པར། རང་གི་ལས་ཀའི་ནུས་པ་དང་འཇོན་ཐང་ཇེ་མཐོར་གཏོང་རྒྱུ་དམིགས་ཡུལ་ཡིན་པ་ལས། ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་པ་ཙམ་དང་། བསླབ་གནས་དེ་རེག་རྒྱུ་ཙམ་ནི་དམིགས་ཡུལ་མིན་པ་ཤེས་དགོས། སློབ་མ་ཚོས་ངེས་པར་དུ་དཔང་ཡིག་ཚད་གཞི་ཡིན་པའི་སྤྱི་ཚོགས་ཀྱི་སློབ་གསོ་དང་འཇོན་ཐང་གི་འདུ་ཤེས་རྙིང་བ་དེ་འདོར་དགོས་པ་ནི་ངེས་ཅན་རེད། སློབ་མ་ཚོས་ཇི་ལྟར་ལྟ་བ་དེ་དག་དོར་བ་སྔ་ཞིང་། འཇོན་ཐང་དངོས་ཀྱི་འདུ་ཤེས་ཤིག་ཆགས་ན་དེ་ལྟར་ཁྱོད་རང་གི་འཇོན་ཐང་ངོམ་པའི་གོ་སྐབས་མང་པོ་འཕྲད་རྒྱུ་རེད་ལ། རང་དང་འཚམ་པའི་མི་ཚེའི་འཆར་འགོད་ཡག་པོ་ཞིག་ཡོང་ངེས་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག