རྩོམ་ཡིག་གོང་མར་མཐུད།
བླ་བྱང་པདྨ་རྒྱ་མཚོ།
ཁ་ཅིག་གིས་དགེ་འདུན་ཆོས་འཕེལ་སུ་དང་ཡང་མི་མཐུན་མཁན་ཞིག་ཡིན་པའི་ཟེར་ཚུལ་དེ་ལ་ཡིད་བརྟན་མེད་པའི་ཁར་དེ་ལས་ལྡོག་སྟེ་སྤྱི་ཚོགས་ཀྱི་ནང་དུ་ཧ་ཅང་འགྲོགས་བདེ་དང་མི་གཞན་ལ་མཐོང་ཆུང་རྩ་བ་ནས་མེད་མཁན་ཞིག་ཡིན་པའི་བཤད་སྒྲོས་དེ་དེ་བས་རྒྱུ་མཚན་མང་དུ་མཐོང་སྟེ།བཀྲས་མཐོང་གི་གཡོག་པོ་མིང་ལ་བུ་ནེ་ཟེར་བ་ཞིག་ཡོད་པ་དེ་རྣམ་ཀུན་བླ་མ་དང་མཁས་པ་སོགས་ལ་དོ་སྣང་གང་ཡང་མེད་པ་ཞིག་རེད་དེ།ཁོས་ཉིན་ལྟར་དགེ་འདུན་ཆོས་འཕེལ་ལགས་ཀྱི་རྩར་ཤོར་ནས་འགྲོ་བ་མ་ཟད་མ་གྲོངས་བར་དུ་རང་འགུལ་གྱིས་ཞབས་ཏོག་ཞུས་པའི་སྐོར་ཅིག་རཀ་རའི་ངག་བྱུང་དང་གོང་འཁོད་རྡོབ་རྡོབ་ཀྱི་བཤད་སྟངས་དང་རྒན་ཐུབ་དབང་ལགས་ད་ལྟ་སྐུ་འཚོ་ཞིང་བཞུགས་ཡོད་པ་ཁོང་གི་གསུང་སྒྲོས་ལས་གསལ་བ་དེ་དག་གུང་སྒྲིག་ཏེ་དཔག་ན་ཤེས་ནུས།དེ་ཡང་རཀ་ར་མཆོག་སྤྲུལ་གྱི་ངག་བཀོད་དུ།དགེ་འདུན་ཆོས་འཕེལ་ལགས་ལ་ཀ་ཤོད་པས་བཀའ་བཏང་སྟེ་རྟ་ལྕག་ལྔ་བཅུ་ང་གྲངས་ཤིག་ཕུལ་བར་ཁོང་གིས་ད་དུང་ང་ལ་གཟིགས་པ་ཆེན་པོ་ཞེ་གྲག་གནང་བྱུང་།ཁོང་ཚོས་ང་ལ་རྟ་ལྕག་ཀ་མེད་འུ་ཐུག་གིས་གཏོང་རྒྱུ་འཁེལ་བ་མ་གཏོགས་མི་གཞན་པའི་ཚོད་བྱས་ན་གང་ཡང་མིན་པ་འདྲ།ཞེས་དང།ཁོང་ལ་སྡང་ཞུགས་བྱེད་མཁན་དང་བཙོན་ཁང་དུ་དོ་དམ་དོན་བྱེད་མི་བཙོན་སྲུང་ཚུན་ལ་འཁང་ར་སྙོན་འཛུགས་མེད་པའི་ཁར་དེ་དག་རང་གི་ལས་རེད་ཅེས་མི་གཞན་ལ་ཕོགས་ཐུག་མི་འགྲོ་བ་དང་གོ་ཤེས་གཙོ་འདོན་གནང་བ་དེ་ལས་ཕལ་ཆེར་ཤེས་ནུས།འོན་ཀྱང་སྐབས་དེའི་བོད་ཀྱི་མུན་ནག་གི་སྤྱི་ཚོགས་དེ་དང་བོད་མི་རྣམས་ཀྱང་ཡུན་རིང་ནས་རྨོངས་ཞེན་མུན་ཐོམ་དུ་གནས་པ་མ་ཟད་ཆོས་དང་འཇིག་རྟེན་གཉིས་ཀའི་ཆ་ནས་དགེ་འདུན་ཆོས་འཕེལ་ལྟ་བུའི་རྣམ་དཔྱོད་ཅན་གྱི་མཁས་པའི་ཐུགས་ལ་མི་བབས་པའི་གནས་ཚུལ་ལ་ཟུར་ཟ་དང་སྐྱོན་བཏོན།བསྟན་བཤིག་སོགས་ཐབས་དུ་མའི་སྒོ་ནས་བདེན་དོན་གསལ་ཕྱིར་མཛད་སྤྱོད་ཡ་མ་ཟུང་འདྲ་མིན་འགའ་ལག་བསྟར་གནང་བར་བརྟེན་མི་རྣམས་ལ་བློར་མི་ཆུན་པའི་གནས་ཚུལ་ཞིག་ཀྱང་ཏན་ཏན་ཡོད་བཟོ་འདུགགནས་ཚུལ་དེ་རིགས་ལན་ཅིག་ཙམ་མ་ཡིན་པར་དགེ་ཆོས་ཀྱི་གསུང་རྩོམ་ཁག་ཏུ་གསལ་པོར་ཐོན་ཚང་འདིར་སྐྱར་བཤད་བྱེད་པའི་དགོས་པ་མེད།