ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

༄༅༎ མཁས་དབང་དགེ་འདུན་ཆོས་འཕེལ་ལ་འཛིན་པའི་ལྟ་ཚུལ་འགའི་གསེད་བཀྲོལ་ཐུང་ངུ་།།﹙༢﹚

2015-04-29

བླ་བྱང་པདྨ་རྒྱ་མཚོ།

༡༩༨༣ལོར་ངོས་ཀྱི་ཨ་ཁུ་འབྲས་བློ་གླིང་གཙང་པ་ཆོས་མཛད་བསྟན་པའི་རྒྱལ་མཚན་ཞུ་བ་རྗེས་སུ་གནས་སྙིང་དགོན་གྱི་བླ་མར་ཕེབས་པ་ཞིག་ནས་རྟགས་རིགས་བཀའ་ཁྲིད་བསྐྱངས་སྐབས་དགེ་འདུན་ཆོས་འཕེལ་གྱི་སྐོར་གསུངས་དོན།དགེ་འདུན་ཆོས་འཕེལ་གྱིས་དགོན་པའི་ནང་དུ་སུ་ལ་ཡང་མི་བརྩི་བར་ཐ་མག་འཐེན་པ་སོགས་ཚུལ་མིན་སྤྱོད་པའི་གྲགས་ངན་ཁྱབ་པར་བརྟེན་བློ་གླིང་དཔེ་ཆ་བ་མང་པོ་ཞིག་སྒྲིག་འཛུགས་བྱས་ནས་མཚན་ཉིད་རིག་པའི་མཁས་པ་ཆེན་པོ་འཚོ་ཁང་བླ་མའི་སྐུ་མདུན་དུ་བཅར་ཏེ་རིག་པའི་སྒོ་ནས་ཕམ་པར་མཛད་དགོས་པའི་སྐྱབས་འཇུག་ཞུས་ཚེ་རྒན་བླ་མས་རྩོད་པ་བྱས་ཀྱང་སྙིང་པོ་མེད།གལ་ཏེ་ང་རྒྱལ་ན་ཁོའི་ཞེ་སྡང་རྒྱས་ལ།ང་ཕམ་ན་ནི་ཁོའི་ང་རྒྱལ་ཆེར་རྒྱས་པས་དེ་བཏང་སྙོམས་སུ་བཞག་པ་དགའ་གསུངས་ཀྱང་སློབ་མ་ཚོས་གསོལ་བ་ཕུར་ཚུགས་སུ་བཏབ་པ་ལྡོག་ཐབས་མེད་པར་རྒན་རིན་པོ་ཆེས་དགེ་འདུན་ཆོས་འཕེལ་གྱི་མདུན་ལ་ཕེབས།རྒན་བླ་མ་དགེ་འདུན་ཆོས་འཕེལ་གྱི་ཤག་ཏུ་འཛུལ་དེ་ཕེབས་སྐབས།ཏག་ཏག་དགེ་ཆོས་ནི་བསྙེས་མ་ཙོག་ཏུ་ཐ་མག་རྐང་གཅིག་ཞལ་ལ་འཐེན་ནས་བཞུགས་ཡོད་པ་མ་ཟད།ད་དུང་ཅོག་ཙེའི་སྟེང་དུ་ཐུབ་པའི་སྐུ་བརྙན་ཆུང་ཆུང་ཞིག་ཡོད་པ་དེའི་ཕྱག་ལ་ཐ་མག་རྐང་གཅིག་ཕུལ་ཡོད་པ་གཟིགས།རྒན་བླ་མས།ཡ།དགེ་ཆོས་ལགས་ག་རེ་གནང་གི་ཡོད་དམ།ཞེས་དྲིས་པའི་ལན་དུ་ཐ་མག་ཅིག་འཐེན་བཞིན་སྡད་ཡོད་ཅེས་གསུངས།ཁྱེད་རང་དུག་ཧ་ལར་ལོངས་སུ་སྤྱད་ཀྱང་སངས་རྒྱས་ཀྱི་སྐུ་གཟུགས་ལ་འདི་འདྲ་གནང་ན་ཉེས་དམིགས་བསམ་གྱིས་མི་ཁྱབ་པ་ཡོང་གི་རེད་ཅེས་གསུངས་པ་དང་ཆབས་ཅིག་སྐུ་བརྙན་གྱི་ཕྱག་ནས་ཐ་མག་དེ་ཚུར་བཞེས་སྐབས།དགེ་ཆོས་ཀྱིས་དེ་མ་ཉིད་དུ།འདི་ལ་རོ་མི་ཞིམ་པའང་རོ་མཆོག་འགྱུར།ཞེས་མངོན་རྟོགས་རྒྱན་གྱི་ཚིག་དེ་ཐོལ་གྱིས་གསུངས་པས་རྒན་བླ་མ་དར་གཅིག་ཅི་གསུང་འདི་གསུང་མེད་པར་གྱུར།རྒན་བླ་མ་ཤག་ཏུ་ཕེབས་རྗེས་སློབ་མ་ཚོར་ང་ནི་མི་དེ་ལ་ལེགས་ཉེས་ཀྱི་ཐག་གང་ཡང་གཅོད་ཀྱི་མིན།ལེགས་པ་ཞིག་རེད་ཟེར་བ་ལ་ནི་སྤྱོད་པ་དེ་འདྲ་རེད།སྡུག་པོ་རེད་ཟེར་ན་དེ་འདྲའི་རིག་པ་ཡག་པོ།རིག་པ་མྱུར་པོ་ངས་སྔོན་ཆད་མཐོང་མ་མྱོང་གསུངས།རཀ་ར་མཆོག་སྤྲུལ་གྱིས《དགེ་འདུན་ཆོས་འཕེལ་རབ་བྱེད》ཅེས་པའི་ངག་སྒྲོས་ལོ་རྒྱུས་ནང་དུ་དགེ་འདུན་ཆོས་འཕེལ་ལ་ཐུབ་པའི་སྐུ་ཞིག་དང་སྒྲོལ་མའི་སྐུ་ཞིག་ཡོད་ལ་ཐུབ་སྐུ་དེ་འབྲལ་སྤང་ཡིན་ཅིང་དེ་ཡང་གའུ་མེད་པར་གཅེར་བུར་འཇོག་གནང་གི་འདུག་ཟེར་བའི་སྒྲོས་དང་བསྟུན་ན་ཕྱག་ཏུ་ཐ་མག་འཕུལ་བའི་སྐུ་བརྙན་དེ་ཕལ་ཆེར་དེ་རང་ཡིན་པ་ཐག་གིས་ཆོད།ད་དུང་དགེ་ཆོས་ལགས་ཀྱིས་སྐུ་དེ་ལ་ཁོང་རང་རྒྱ་གར་དུ་ཕེབས་སྐབས་གྲོགས་པོ་བློས་བཀལ་ས་ཡིན་གསུངས་པ་སོགས་སྐུ་རྩེད་ལྟ་བུར་སྦས་དོན་རེ་གསུངས་པའི་གནས་ཚུལ་མང་ཙམ་ཡོད།དུས་ཚོད་ནས་འགྲིགས་ན་དགེ་འདུན་ཆོས་འཕེལ་དགུང་གྲངས་བཞི་དགུར་ཕེབས་པ་ཆུ་མོ་ཡོས་ལོ༡༩༥༡ལོར་སྐུ་གཤེགས་པ་དང་།གོང་དུ་གསལ་བའི་བློ་གླིང་མཁས་པ་འཚོ་ཁང་བླ་མ་ནི་ཞི་བས་བཅིངས་འགྲོལ་མ་བཏང་གོང་ནས་མཚན་རྟགས་བཞེངས་གྲུབ་སྟེ་རྒྱུད་ལ་ཕེབས་ཞུགས་མཛད་དེ་རྒྱུད་སྟོད་པའི་དགེ་བསྐོས་གནང་།བཅིངས་འགྲོལ་རྗེས་ཀྱི་བོད་རང་སྐྱོངས་ལྗོངས་ཆོས་ཚོགས་ཀྱི་ཚོགས་གཙོ་གཉིས་པ་གནང་མྱོང་།༢༠༠༦ལོའི《བོད་ལྗོངས་ནང་བསྟན》དུས་དེབ་དང་པོའི་ནང་དུ་ཀྲུང་གོ་བོད་ལྗོངས་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་སྐབས་བཞི་པའི་ཚོགས་གཙོ་འབྲས་རྒྱས་པ་མཁན་ཟུར་འཇམ་དཔལ་འཕྲིན་ལས་ཞེས་སྐུ་པར་དང་བཅས་འཁོད་ཡོད་ལ་དུས་རྒྱུན་གྱི་འབོད་ཕྱོགས་ལ་རྒན་བླ་མ་ཞུ་གི་ཡོད།ཧོར་ཁང་བསོད་ནམས་དཔལ་འབར་གྱིས་མཛད་པའི་དགེ་འདུན་ཆོས་འཕེལ་གྱི་རྟོགས་བརྗོད《དག་པའི་སྣང་བ》ཞེས་པའི་ནང་དུའང་རྒྱས་པ་མཁན་ཟུར་དང་དགེ་ཆོས་ཀྱི་སྐོར་ཟུར་ཙམ་ཐོན་ཡོད།

འབྲེལ་ཡོད་རྩོམ་ཡིག