ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

༄༅༎ མཁས་དབང་དགེ་འདུན་ཆོས་འཕེལ་ལ་འཛིན་པའི་ལྟ་ཚུལ་འགའི་གསེད་བཀྲོལ་ཐུང་ངུ་།།﹙༡﹚

2015-04-29 旦增
tibet.cn ཀ +

བླ་བྱང་པདྨ་རྒྱ་མཚོ།

ནང་དོན་གནད་ སྡུས།

མཁས་དབང་དགེ་འདུན་ཆོས་འཕེལ་ཕྱི་ནང་རིག་པའི་ཐོས་རྒྱ་དང་སྐྱེས་སྟོབས་ཀྱི་རིག་པ་ཕུལ་བྱུང་ཞིག་ཡིན་པའི་སྐོར་ལ་མཁས་པ་འགས་དོགས་གཞི་ཅན་དུ་འཛིན་པའི་གནད་དེར་བཤད་ཚུལ་སྣ་ཚོགས་བྱུང་བ་རྣམས་བསྡུར་ནས་དོན་དངོས་སུ་གནས་པའི་ཕྱོགས་གཅིག་ར་སྤྲོད་བྱས་པ།

མཁས་དབང་དགེ་འདུན་ཆོས་འཕེལ་ཡ་རབས་ཀྱི་སྐྱེས་བུ་ཞིག་མིན་པའི་བཤད་ཚུལ་ལ་སྐབས་དེའི་རྒྱུས་མངའ་ཡོད་པའི་མི་ཚོའི་ངག་བྱུང་གི་གསུང་སྒྲོས་དང་ཡིག་ཐོག་རྩོམ་ཡིག་ཁག་ལ་དཔྱད་ནས་གནས་ཚོད་ཀྱི་དོན་ལ་ཅུང་ཟད་བརྟག་པ།

མཁས་དབང་དགེ་འདུན་ཆོས་འཕེལ་ལ་ཡོངས་གྲགས་མཁས་པས་འཇོག་པའི་གདེང་འཇོག་གི་ཁྱད་པར་ལ་ཅུང་ཟད་དཔྱད་པ།

བརྗོད་བྱའི་ཚིག ་གནད། 】དགེ་འདུན་ཆོས་འཕེལ།ལྟ་ཚུལ།གསེད་བཀྲོལ།

གཅིག དགེ་འདུན་ཆོས་འཕེལ་གྱི་མཁྱེན་རྩལ་དང་སྤྱོད་ལམ།

མཁས་པའི་དབང་པོ་དགེ་ཆོས་མཆོག་གི་གསུང་ལ་དཔྱད་དཔྱོད་བྱེད་པའི་གོ་སྟོབས་ཀྱི་ཆུ་ཚད་ལྡན་པ་ནི་གུས་པ་ལྟ་བུའི་སྐྱེས་སྦྱང་ཤེས་རབ་གཉིས་བྲལ་གྱི་བློ་དམན་རྣམས་མིན་པ་གོར་མ་ཆགས་ལགས་མོད།ཁོ་བོ་རང་ཉིད་དགེ་བའི་བཤེས་གཉེན་རྣམས་དང་ལྷག་པར་ཤེས་རིག་ལ་མཁྱེན་རྒྱ་ཆེ་ཞིང་རིག་གཞུང་ལ་ལྷག་བསམ་དཀར་བའི་མཆེད་གྲོགས་ཚོའི་དངོས་མ་ཤུགས་ཀྱི་བཀའ་སྒྲོས་སྣ་ཚོགས་ལས་བོད་ཀྱི་རིག་གཞུང་པའི་ཁྱུ་མཆོག་མཁས་པའི་ཡང་རྩེ་ཨ་ལགས་རྡི་ཚ་རིན་པོ་ཆེའམ་མཁས་དབང་དགེ་འདུན་ཆེས་འཕེལ་གྱི་རིག་གཞུང་ཞིབ་འཇུག་གི་མཛད་སྤྱོད་ལ་སྙིང་ཐག་པ་ནས་མོས་གུས་བཅོས་མིན་ཞིག་ཡོད།དེ་ཡང་གང་གིས་མཛད་པའི་བསྟན་བཅོས་གྲགས་ཆེ་བ《གསེར་ཐང་》དང་《གནས་ཆེན་ཁག་གི་ལམ་ཡིག》བསྒྱུར་ཡིག་སྣ་ཚོགས་སོགས་ཀྱི་ཚིག་དོན་ལ་ཕྱོགས་རིས་ཆགས་སྡང་དང་དད་མོས་ཞེན་བཅས་ཀྱི་རྟོག་བཟོ་རིང་དུ་བསྐྱུར་ནས་གཟུ་བོའི་བློས་ཤེས་རྟོགས་བྱས་པ་མ་ཟད་།དེ་དག་ཀྱང་དངོས་ཡོད་ཀྱི་གནས་ཚོད་ཀྱི་ཕྱོགས་ནས་བལྟས་ན་གཞི་ནས་རིག་གཞུང་ཞིབ་འཇུག་གི་བྲོ་བ་གསར་པ་ཞིག་སྦྱིན་ནུས་པ་དང་དུས་རབས་མང་པོའི་ནང་དུ་བོད་ཀྱི་མཁས་པ་གཞན་དག་གིས་ང་ཚོར་བསྩལ་མི་བཏུབ་པའི་བློ་བསྐྱེད་རྨ་མེད་པ་ཞིག་སྦྱིན་ནུས་པར་བརྟེན་ད་ལྟའི་ཆར་སྙིང་ཞེན་དང་ཕྱོགས་ཞེན།རྨོངས་ཞེན་ཆེ་རིགས་འགའ་རེ་ཕུད་མཁས་དབང་དགེ་ཆོས་གང་གི་རིག་གཞུང་ཞིབ་འཇུག་གི་ལྷག་བསམ་དང་།ཐབས་ལམ།གཏན་ཚིག་རིགས་ལམ།དྲང་བདེན།དཀའ་སྤྱད་སོགས་ལ་ཡིད་རངས་མི་མཛད་མཁན་གྱི་ཤེས་ལྡན་ཞིག་ཧ་ལམ་མེད་པ་ལྟ་བུ་ཞིག་ཆགས་ཡོད།འོན་ཀྱང་ཉེ་བའི་ལོ་ཤས་གོང་དུ་མཚོ་ཁྲི་ཤོར་རྒྱལ་མོ་དང་ཀན་སུའུ་ཕྱོགས་སུ་གནས་པའི་དགོན་སྡེ་དང་སློབ་གྲྭ་ཆེན་མོའི་དགེ་རྒན་ཁ་ཅིག་གིས་མཁས་དབང་དགེ་ཆོས་ཀྱི་གསུང་རྩོམ་ལ་དམིགས་ཏེ་བརྩམས་པའི་དགག་ཡིག་ཕྱོགས་སྒྲིག་ཞིག་དཔེ་དེབ་ལྟ་ཞོར་དུ་མཐོང་བའི་ནང་གཙོ་བོ་ཀླུ་གྲུབ་དགོངས་རྒྱན་གྱི་ཚིག་དོན་ལ་དགག་པ་བྱས་འདུག

འབྲེལ་ཡོད་རྩོམ་ཡིག