ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

སངས་རྒྱས་ཀྱི་ཆོས་ལ་དད་པའི་ཕན་ཡོན་བཤད་པ།

2015-04-29 仁青
tibet.cn ཀ +

སྤྱིར་འཇིག་རྟེན་འདིར་ཆོས་ལུགས་སྣ་ཚོགས་པ་མང་པོ་ཡོད་པ་ཡང་མི་རིགས་སོ་སོའི་ལོ་རྒྱུས་དང་རིག་གནས། གོམས་གཤིས་སོགས་ལས་བྱུང་བ་ཡིན་པས་རང་རང་སོ་སོ་ལས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཡོན་ཏན་ཡོད་པ་སྨོས་མ་དགོས་ནའང་། ཆོས་ལུགས་མང་ཆེ་བ་ནི་མི་རིགས་ཕྱོགས་རིས་པ་ཞིག་གི་སྒེར་ཆོས་སུ་གྱུར་པ་ལས་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཆ་ནས་བལྟས་ན་ཆོས་ལུགས་ལ་ལ་ནི་ཧ་ཅང་ཁྱབ་ཆུང་བ་དང་གུ་དོག་པའི་རྣམ་པ་སྣང་། འོན་ཀྱང་སངས་རྒྱས་ཀྱི་དམ་པའི་ཆོས་ལུགས་ནི་འཛམ་གླིང་ཤར་ནུབ་དང་། ཤ་མདོག་དཀར་ནག མི་རིགས་འདྲ་མིན། རིག་གནས་མི་མཐུན་པ་སོགས་ཕྱོགས་གང་ལ་ཡང་མི་ལྟོས་པར་མདོར་ན་སེམས་ཅན་ཐམས་ཅད་ལ་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བར་བྱེད་པའི་ཐབས་སུ་འགྲོ་བ་ཞིག་གོ། ། དེས་ན་སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་ནི་དཀོན་མཆོག་རྗེས་སུ་དྲན་གྱི་མདོ་སོགས་ལས་མང་དུ་གསུངས་ཏེ། དམ་པའི་ཆོས་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཞེས་པ་ནས་བརྟེན་པ་ཡོད་པ། རྒྱུ་བ་བཅད་པའོ།། ཞེས་གསུངས་པ་ལྟར་དང་། རྣམ་བཤད་རིགས་པ་ལས་ཀྱང་། ལེགས་པར་སྟོན་པ་ལ་བརྟེན་ནས་ཕན་ཡོན་ལྔ་ཡོད་དེ། ལམ་ངན་པ་ཡོངས་སུ་སྤོང་བ་དང་། ལམ་བཟང་པོ་ལ་ཡང་དག་པར་གནས་པར་བྱེད་པ་དང་། འབྲོག་དགོན་པ་ལས་བརྒལ་བའི་དབུགས་འབྱིན་པ་དང་། བདེ་བར་འགྲོ་བ་དང་། འདོད་པའི་ཡུལ་དུ་ཡང་དག་པར་ཕྱིན་པར་བྱེད་པ་བཞིན་ནོ། །

དེ་བཞིན་དུ་དམ་ཆོས་སྟོན་པ་ལ་བརྟེན་ནས་ལོག་པར་ལྟ་བ་སོགས་ལམ་ངན་པ་སྤོང་བ་དང་། ཡང་དག་པའི་ལྟ་བ་སོགས་ལམ་བཟང་པོ་ལ་ཡང་དག་པར་གནས་པར་བྱེད་པ་དང་། འཁོར་བའི་འབྲོག་དགོས་པ་ལས་བརྒལ་བའི་དབུགས་འབྱིན་པ་དང་། ངན་སོང་ལས་མཆོངས་ཏེ་བདེ་བར་འགྲོ་བ་དང་། འདོད་པ་མྱ་ངན་ལས་འདས་པའི་ཡུལ་དུ་ཡང་དག་པར་ཕར་ཕྱིན་པར་བྱེད་པ་ཡིན་ནོ། ། དེ་དག་ཀྱང་ཆོས་ཉན་པ་ལས་འབྱུང་གི། མ་ཉན་པ་ལས་མ་ཡིན་པས། གུས་པས་ཉན་པར་བྱས་སོ། ། ཞེས་གསུངས་ཏེ། རྣམ་བཤད་རིགས་པ་རུ་བཅོམ་ལྡན་འདས་ཀྱིས་ཆོས་ཉན་པ་ལ་ཕན་ཡོན་ལྔ་གསུངས་ལ། དེ་དག་ནི་ཐོས་པ་ཐོས་པར་འགྱུར་བ་དང་། ཐོས་པ་ཡོངས་སུ་བྱང་བར་འགྱུར་བ་དང་། སོམ་ཉི་སྤོང་བ་དང་། ལྟ་བ་དྲང་པོར་བྱེད་པ་དང་། ཤེས་རབ་ཀྱི་ཚིག་དང་དོན་ཟབ་མོ་རྟོགས་པར་འགྱུར་པའོ། ། དེ་ལྟར་ཆོས་ལ་ཡང་དག་པར་ཉན་ན། རྗེ་བཙུན་བྱམས་པ་མགོན་པོས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། ། ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུངས། ། ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། ། དེ་དག་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། ། ཞེས་དངོས་དང་བརྒྱུད་པའི་སྒོ་ནས་སེམས་ཅན་ཐམས་ཅད་རྒྱུད་ཀྱི་ལས་དང་ཉོན་མོངས་པའི་ཚོགས་ཞི་བ་དང་མཐར་བདེ་བར་བྱེད་པའོ། །

མདོར་ན། དུས་རབས་འཕེལ་འགྱུར་གྱི་ཆ་ནས་བལྟས་ན། ང་ཚོའི་མི་ཚེ་ཐུང་ཐུང་ལ་མཚོན་ནས་བཤད་ན་ཆོས་ལུགས་ནི་ནང་རྒྱུད་ཀྱི་སེམས་བཅོས་པའི་ཐབས་ཤིག་ཡིན་ཕྱིན་ཆོས་ལུགས་མཁོ་གལ་ཆེ་བ་ཞིག་རེད་སྙམ། ཁྱད་པར་དུ་སངས་རྒྱུས་ཀྱི་ཆོས་ལ་མཚོན་ན། དེའི་ནང་གི་ལྟ་བ་དང་ཉམས་ལེན་མང་པོ་ཞིག་ཚུལ་ཇི་ལྟ་བ་བཞིན་དུ་བསྒྲུབ་ཐུབ་ན་སེམས་ཅན་ཐམས་ཅད་དང་སྒོས་འགྲོ་བ་མིའི་རིགས་ལ་ཕན་ཐོགས་པར་འགྱུར་བ་དེང་སང་མངོན་སུམ་དུ་གྲུབ་ཀྱིན་འདུག ཡང་ན་སངས་རྒྱས་ཀྱི་ཆོས་ནི་འགྲོ་བ་མིའི་རིགས་ཀྱི་ནང་རྒྱུད་ཀྱི་སེམས་གསོ་བའི་སྨན་མཆོག་རིན་ཆེན་རིལ་བུ་ཞིག་རེད་ཅེས་བརྗོད་ན་མི་འགྲིག་པ་གཏན་ནས་མེད་སྙམ། སེམས་བདེ་བར་སྐྱོང་བ་ནི་ཆོས་ཀྱི་མཆོག་ཅེས་སྨྲས་ན་དོན་ལ་འབྱོར་བར་སེམས་ཏེ། འཇིག་རྟེན་གྱི་རྒུད་པ་ཐམས་ཅད་ཐོག་མར་ཞེ་སྡང་ཁོང་ཁྲོ་ང་རྒྱལ་སོགས་ཀྱི་སེམས་ལས་འཇིགས་པ་དང་སྡུག་བསྔལ་སོགས་བྱུང་བ་ཡིན་ཏེ། རྒྱལ་སྲས་ཞི་བ་ལྷས། འདི་ལྟར་འཇིགས་པ་ཐམས་ཅད་དང་། ། སྡུག་བསྔལ་དཔག་ཏུ་མེད་པ་ཡང་། ། སེམས་ལས་བྱུང་བ་ཡིན་ནོ་ཞེས། ། ཡང་དག་གསུངས་པ་ཉིད་ཀྱིས་བསྟན། ། ཞེས་གསུངས་པ་ལྟར། དེས་ན་སེམས་འདུལ་ཐུབ་ན་ཕྱི་ནང་གི་ཉེས་པ་ཐམས་ཅད་རང་བཞིན་དུ་ཞི་བར་འགྱུར་ཏེ། སྟོན་པ་བཅོམ་ལྡན་འདས་ཀྱིས། འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ། ། སེམས་ཀྱིས་ཡོངས་སུ་དྲངས་པ་ཡིན། ། སེམས་ཀྱི་ཆོས་ནི་གཅིག་པུ་ཡི། ། དབང་གི་རྗེས་སུ་ཆོས་ཀུན་འགྲོ། ། ཞེས་དང་། སེམས་འདུལ་བ་ནི་ལེགས་པ་སྟེ། ། སེམས་དུལ་བས་ནི་བདེ་བ་འདྲེན། ། ཞེས་གསུངས། དེ་བཞིན་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་ཆོས་ཀྱི་རྩ་བ་སེམས་ལ་རག་ལས་པ་དང་ཆོས་ཀྱིས་འདུལ་རྒྱུ་ཡང་སེམས་ཁོ་ན་ཡིན་པར་གསུངས་ཏེ། བསྙེངས་དང་བྲལ་བ་མང་དུ་གསོལ་ཅི་འཚལ། ། ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། ། ཁྱོད་ཀྱིས་ཐུགས་ཐུལ་མཛོད་ཅིག་བཅོམ་ལྡན་གྱིས། ། སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། ། ཞེས་གསུངས་པ་དང་། དེའི་དགོངས་པ་ཚུལ་བཞིན་དུ་ཉམས་ལེན་དུ་མཛད་ནས་གསལ་བར་བྱེད་པ་ལ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས། ནང་གི་སེམས་ནི་དུལ་གྱུར་ན། ། ཕྱི་ཡི་དགྲ་བོས་གནོད་མི་ནུས། ། ནང་གི་རང་སེམས་གཡོ་བ་ན། ། ཕྱི་ཡི་དགྲ་ཡིས་རྐྱེན་བྱས་ནས། ། ནང་གི་དུག་འདིས་རང་རྒྱུད་སྲེག ། དེས་ན་ནང་གི་དགྲ་འདི་གཞོམ། ། ཞེས་པ་ལ་སོགས་རྒྱ་བོད་མཁས་པའི་བསྟན་བཅོས་རྣམས་སུ་ལན་གཅིག་མ་ཡིན་པར་གསུངས་སོ། །

སངས་རྒྱས་ཀྱི་དམ་པའི་ཆོས་སྒྲུབ་པའང་གཙོ་བོ་སེམས་སམ་བསམ་པ་བཟང་ངན་ལ་རག་ལས་ཏེ། ཇི་སྐད་དུ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། ། བསམ་པ་ངན་ན་ས་དང་ལམ་ཡང་ངན། ། ཞེས་གསུངས་པ་ལྟར་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་ཀྱང་། ཆོས་ནི་ཡང་བསམ་པ་བཟང་ན་ཅིས་བྱས་ཆོས་སུ་འགྲོ། ཞེས་གསུངས་ལ། འཇིག་རྟེན་པའི་གཏམ་དཔེ་ལའང་། སེམས་ངན་མ་ཎི་འདོན་པ་ལས། སེམས་བཟང་སྐད་ཆ་བཤད་ན་དགའ། ཟེར་བ་བཞིན་ནོ། ། སྤྱིར་སངས་རྒྱས་ཀྱི་ཆོས་ལ་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཞེས་གསུངས་ཀྱང་། མདོར་བསྡུས་ན་ཆོས་བྱེད་ན་མང་པོ་ཞིག་ཤེས་མི་དགོས་ཏེ་གཙོ་བོ་སྡིག་པ་དང་མི་དགེ་སྤོང་ལ་ལུས་ངག་ཡིད་གསུམ་གྱིས་དགེ་བ་སྒྲུབ་པ་ལ་དུས་རྒྱུན་དུ་བསམ་པ་དཀར་པོའམ་བཟང་པོ་བྱ་དགོས་པ་ཡིན་ནོ། ། དེ་ལྟར་བྱས་ན་སངས་རྒྱས་ཀྱི་ཆོས་བསླབ་ཞིང་དེའི་དོན་རང་རྒྱུད་དུ་སྦྱར་ན་ནང་སེམས་ཀྱི་དགའ་བ་དང་ཕྱིའི་ལུས་ཀྱི་བདེ་བ་སོགས་ཀྱི་ཕྱོགས་ལ་བློ་ཡུལ་ལས་འདས་པའི་ཕན་པ་ཡོད་པ་སྨོས་མ་དགོས། སངས་རྒྱས་ཀྱི་ཆོས་བསླབ་ནས་རྒྱུད་ལ་འབྱོར་བ་ནི་ཐོས་རྟགས་ཞི་ཞིང་དུལ་བ་དང་། སྒོམ་རྟགས་ཉོན་མོངས་མེད་པ་ཞིག་ཏུ་འགྱུར། དེ་དང་མཉམ་དུ་སངས་རྒྱས་ཀྱི་ཆོས་ཀྱིས་དེང་སང་གི་སྤྱི་ཚོགས་བདེ་འཇགས་དང་མི་མང་གི་བསམ་པ་ཡ་རབས་ཀྱི་ཕྱོགས་ལ་བསྒྱུར་བའི་ནུས་པ་འཐོན་གྱིན་ཡོད་ཀྱང་། སངས་རྒྱས་ཀྱི་ཆོས་ལ་ཡུལ་དུས་དང་མཐུན་པའི་བཤད་སྒྲུབ་དང་དག་ཐེར་མ་མཛད་ན་དུས་རབས་འཕེལ་འགྱུར་གྱི་ཆོས་ཉིད་དང་མི་མཐུན་པ་ཡང་འབྱུང་སྲིད་པས་དེ་ལུགས་དུས་རབས་ཀྱི་གོམ་འགྲོས་སྒྱུར་བ་ལྟར་གྱི་དུས་བབ་དང་བསྟུན་ནས་སངས་རྒྱས་ཀྱི་ཆོས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་དང་དག་ཐེར་དགོས་པ་ནི་དུས་སུ་བབས་པའི་བསྒྲུབ་བྱ་གཙོ་བོ་ཡིན་ནོ། །

འབྲེལ་ཡོད་རྩོམ་ཡིག