ང་ཚོ་བོད་ཀྱི་ཤེས་རིག་ལོ་རྒྱུས་ནི་གཞི་རྒྱ་ཆེ་ཞིང་གཏིང་ཟབ་པ་ལ་སོགས་གཞན་གྱི་ལོ་རྒྱུས་དང་མི་འདྲ་བར་དཔག་དཀའ་བའི་གནས་སུ་མངོན་བཞིན་ཡོད་པས།དེང་སང་དཔེ་གཞུང་ཕན་ཚུན་གཤིབ་བསྡུར་གྱི་ཞིབ་འཇུག་དང༌།ས་འོག་གི་དུར་ས་བསྔོགས་ནས་མཐའ་བསྡོམས་བསྡུ་བ།གནའ་མིའི་སྤྱི་ཚོགས་ལ་རྒྱུས་ལོན་མེད་པར་ཤོག་ཐོག་རྐྱང་བས་ཞིབ་དཔྱད་བྱེད་པ།དེང་མིའི་བསམ་ཚོད་དང་སྦྱར་ནས་སྔར་མའི་ལོ་རྒྱུས་གླེང་བ་སོགས་ནི་ཕྱི་ནང་གང་སར་གཞི་རྒྱ་ཆེན་པོ་ཞིག་འཕེལ་བཞིན་ཡོད།ཁ་ཕྱོགས་དེ་གཅིག་པུས་སྤྱིར་བོད་ཀྱི་ལོ་རྒྱུས་དང༌།སྒོས་སུ་བོན་རང་གཞུང་གི་ལོ་རྒྱུས་ངོ་མའི་ཞལ་རས་མཇལ་ཐུབ་རྒྱུ་ཆེས་དཀའ་བའི་གནད་ཞིག་གྱུར་བར་མ་ཟད་མདོར་བསྡུས་ན་དཔྱད་པ་ཡ་མ་ཟུང་ཞིག་གིས་གནའ་བོའི་བོད་ཀྱི་ལོ་རྒྱུས་ལ་ཞབས་ཕྱི་དང་ཞབས་འདྲེན་ཅི་ཡོང་ཆ་མེད།བོད་ཀྱི་ལོ་རྒྱུས་དུ་མ་ཞིག་སྒྲུང་དང་བརྫུས་ནས་མཆེད་ཡོད་ལ།ལ་ལ་ཆོས་ལུགས་ཀྱི་བསམ་བློས་སླད་ནས་འཕེལ་ཡོད།འགའ་རེ་ཇི་བཞིན་བཤད་མི་ཕོད་པར་གསང་སྦས་ཚུལ་དུ་ཡིབས་ཡོད།འགའ་རེ་དར་ནུབ་ཀྱི་ཀྱག་ཀྱོག་རིང་མོ་ཞིག་བརྒྱུད་ནས་དར་ཡོད་ནའང༌།ང་ཚོའི་བོན་གཞུང་ཕལ་ཆེར་བའི་ཕུག་ནི་གཏེར་སྟོན་ཚུན་ནས་དངོས་སུ་དར་བའི་དཔྱད་བསྡོམས་ལ་དེང་སང་བདེན་ཕྱོགས་སུ་རློམས་བཞིན་ཡོད།འོན་ཀྱང་བོན་གྱི་གཏེར་དཔེ་ལ་སྔ་མོའི་དུས་ཚོད་གཉན་འཕྲང་ནང་ས་འོག་དང་བྲག་ཕུག་སོགས་ལ་སྲུང་སྐྱོབ་ཆེད་དུ་སྦས་ནས་ཕྱིས་སུ་དེ་དག་ཕྱིར་བཏོན་པ་དང་གཞན་གྱིས་རྙེད་པ་ལ་གཏེར་སྟོན་ཟེར་བ་དེ་འདྲ་ཡོད་པས་ཐམས་ཅད་གཅིག་པར་བརླམས་ནས་བཤད་ན་རྗེས་རབས་ཚོ་ལོག་ལམ་དུ་མི་འཁྲིད་པའི་ངེས་པ་མེད།དེར་བརྟེན་ལོ་རྒྱུས་ངོ་མ་ཞིག་འཆད་དགོས་ན་གནའ་དཔེ་དང་སྔར་མིའི་བསམ་ཚོད་ཅི་ཡོད།ས་འོག་ནས་རྙེད་པའི་གནའ་རྫས།སྐབས་དེའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་ལོ་རྒྱུས་གཞན་པ་སོགས་ཀྱི་རྒྱུ་ཆ་མང་པོ་ཞིག་འཛོམས་ནས་གླེང་ཚེ་རིན་ཐང་ཡོད་ངེས།དེ་མིན་དགེ་མེད་སྡིག་མེད་ལྟ་བའི་ཆོས་མེད་རིང་ལུགས་ཀྱི་དཔྱད་སྟངས་དང༌།དཔང་རྟགས་མི་རྙེད་ཚེ་ཡོད་པར་མི་འདོད་པའི་ཚན་རིག་ལམ་ལུགས།ས་འོག་གི་གཏེར་རྫས་རྐྱང་འདེད་བྱེད་པའི་དེང་དཔྱད་རིང་ལུགས།རྒ་བོའི་རྡོ་སྲེག་སྤང་ཚུལ་གྱི་ཆོས་ཞེན་རིང་ལུགས།རྙིང་ཚད་ལྷ་རུ་ལྟ་ཞིང་གསར་དར་འདྲེ་རུ་ལྟ་བའི་རྙིང་ཞེན་རིང་ལུགས།དངོས་བདེན་ཇི་བཞིན་མི་གཙོ་བའི་དབང་འཛིན་རིང་ལུགས་སོགས་ཀྱི་འཐེན་ཕྱོགས་ཡོངས་སུ་དོར་ནས་གནའ་མི་སྤྱི་འགྲོས་དང་དོན་དངོས་ལ་དཔགས་པའི་ལོ་རྒྱུས་འཆད་རྒྱུ་ནི་དོན་སྙིང་ཅན་ཞིག་ཅི་ནས་མིན།
དང་པོ། ཁམས་ཀྱི་ཐ་སྙད་ལས་འཕྲོས་བཤད་འགའ།
འདིར་སྐབས་སུ་བབས་པའི་ཁམས་ཞེས་པའི་ཐ་སྙད་འདི་ནི་ང་ཚོས་རྒྱུན་དུ་བཀོལ་བའི་བོད་ཀྱི་བརྡ་རྙིང་མིང་ཚིག་ཅིག་ཏུ་ཁས་འཆེ་ཆོག་པ་ཡིན།རྨང་གཞི་ཚིག་འདི་ང་ཚོས་ངེས་པར་དུ་དཔྱད་རིན་ཡོད་པའི་ཚིག་གལ་གནད་ཅན་ཞིག་ཡིན་པ་མ་ཟད་ཆོས་དང་འཇིག་རྟེན་གང་གི་ཐད་ནས་གཞིག་ན་ཐ་སྙད་འདིས་སྐད་རིགས་སོགས་གང་ཐད་ནས་གནས་བབས་ངེས་ཅན་ཞིག་བཟུང་ཡོད།སྐད་རིགས་གཞན་ནས་འདིའི་སྐད་དོད་གང་ཞིག་འབྱུང་མིན་རིམ་པར་ཞུས་ན།དང་པོ་ཞང་སྐད་དུ།
(1)མཛོད་ཕུག་ལྟར་ན(ཁུམ)དང་(ཁུམ་ཞི)གཉིས་འབྱུང་གི་ཡོད།བོད་སྐད་དུ་བསྒྱུར་ན་ཁམས་ཞེས་པའི་དོད་ཡིན།དེ་བཞིན།(མི་ཁིར་ཁུམ)ཁོར་ཡུག་ཁམས།(དྲུང་མི་ཁུམ)འབྱུང་བའི་ཁམས།(ཏི་ངོར་ཁུམ)དངོས་པོའི་ཁམས།(མི་སྔོན་ཁུམ)དངོས་མེད་ཁམས།(ད་དོད་དྲུང་མུ་ཁུམ)རིན་ཆེན་འབྱུང་བའི་ཁམས།(ཡར་ལ་ཁུམ)དབང་པོའི་ཁམས།(ཁྲི་ཙན་ཁུམ)སེམས་ཅན་ཁམས།(གླང་སྒྱུར་ཁུམ)སྒྲ་འགྱུར་ཁམས།(སད་ཁུམ)ལྷ་ཁམས།(སད་མིན་ཁུམ)ལྷ་མིན་ཁམས་ཞེས་འབྱུང་བ་ཡིན།གཞུང་དེའི་ནང་སྐབས་འགར་ཁམས་ལ་སྐད་དོ་གསུམ་འབྱུང་གི་ཡོད།དང་པོ།(ཁུམ)གཉིས་པ།(ཁམ)གསུམ་པ།(ཁམས)ཞེས་བོད་དང་འདྲེས་མར་མངོན།དོན་དངོས་གཞུང་དེར་ཞང་ཚིག་ལ་ཁུམ་ཞེས་པ་ཕོན་ཆེ་བ་དང་གཞན་གཉིས་རེ་ཙམ་ལས་མེད།ཞང་ཚིག་ངོ་མ་ཁུམ་འདི་ཡིན་སྙམ།གཞན་གཉིས་རིམ་འཕེལ་གྱི་གནས་ཚུལ་ཞིག་གམ་ཡང་ན་ནོར་འདྲེས་སོང་བ་ཞིག་ཡིན་སྲིད།རྒྱུ་མཚན་དེ་དག་ལ་གཞིག་ན་བོད་སྐད་དུ་བཀོལ་བའི་ཁམས་ཞེས་པ་ཞང་ཚིག་གི་ཁུམ་གཉིས་ཆེས་འབྲེལ་བ་ཞིག་ཡོད་དམ་སྙམ།གཉིས་པ་སཾསྐྲི་ཏའམ་ལེགས་སྦྱར་སྐད་དོད་དུ།
(2) (དྷཱ་ཏུ)ཞེས་ཁམས་ཀྱི་སྐད་དོད་བསྟན་ཡོད།དེ་བཞིན།(མ་ཧཱ་དྷཱ་ཏུ)ཁམས་ཆེན་པོ།(ཏྲི་དྷཱ་ཏུ)ཁམས་གསུམ།(པཉྩ་དྷཱ་ཏུ)ཁམས་ལྔ།(ཀོཊ་ཊཱ་ར་ཛཱ)ཁམས་ཀྱི་རྒྱལ་པོ།(སུ་ཁ་ར་ཏི)ཁམས་བདེ་བ།(ཀུ་ས་ལི)ཁམས་བདེ།(ཨཱ་ནནྡ་ནཾ)ཁམས་བདེ་འདྲི་བ།(སཾ་བྷཱ་ཥ་ཎཾ)ཁམས་བདེ་འདྲི་བ།(ཏྲི་ལོ་ཀའི)འཇིག་རྟེན་གསུམ་མམ་ཁམས་གསུམ་ལྟ་བུ་འབྱུང་གི་ཡོད།
གཉིས་པ། ཁམས་ཀྱི་ཁྱབ་ཚད་སྐོར།
“ཁམས”ཞེས་པའི་ཐ་སྙད་འདི་ང་ཚོ་བོན་ཆོས་གཉིས་ཀའི་གཞུང་ནས་བཀོལ་སྤྱོད་བྱེད་བཞིན་ཡོད་པ་ཀུན་གྱིས་མཐོང་ཆོས་སུ་གྱུར་བཞིན་ཡོད།དེའི་གོ་དོན་དང་ཚིག་གྲོགས་གང་ཞིག་དང་མཉམ་དུ་བཀོལ་མིན་ཐད་གནད་དོན་མང་པོ་ཞིག་གླེང་རྒྱུ་ཡོད།ཐ་སྙད་འདི་ཡི་གོ་དོན་འཇུག་ས་གཅིག་ཏུ་མ་ངེས་པར་ཆེས་དུ་མ་ཞིག་ཡོད་ཏེ།རང་བཞིན།ངོ་བོ།དངས་མ།སྙིང་པོ།གཤིས་ཀརྣམ་འགྱུར།བསྐྱེད་བྱེད་ཀྱི་རྒྱུ།གཟུགས་དབྱིབས།གནས་དང་ཡུལ་ལ་སོགས་ལ་འཇུག་པ་བཅས་ནི་ཆེས་རགས་བཤད་ཙམ་ཡིན་སྲིད།ད་དུང་སྨན་གཞུང་དང་སྐར་ནག་རྩིས་སོགས་ནས་ཐ་སྙད་དེ་འབྱུང་གི་ཡོད།«ནག་རྩིས»ལྟར།(3)འཇིག་རྟེན་འདི་རུས་སྦལ་གན་རྐྱལ་ལོག་པའི་སྟེང་དུ་ཆགས་པར་འདོད་ཀྱི་ཡོད།རུས་སྦལ་དེའི་མགོ་བོ་ལྷོ་དང་མཇུག་མ་བྱང་ལ་བསྟན་པར་འདོད།རུས་སྦལ་ཤ་ཁྲག་དྲོད་དབུགས་བཞི་ལས་འབྱུང་བཞི་སྲིད་པ་སྟེ།རུས་སྦལ་དེའི་ཤར་མཆིན་པའི་རྩ་ཁམས་ལས་འབྱུང་བ་ཤིང་སྲིད་ལ།དེར་ཤར་སྐར་བདུན་དང་སྟག་ཡོས་ཕུར་བུ་ཟིན་སོགས་དེ་རྣམས་ཀྱི་ཁམས་ཤིང་ཡིན།ལྷོ་སྙིང་གི་རྩ་ཁམས་ལས་འབྱུང་བ་མེ་སྲིད་ལ་དེར་ལྷོ་སྐར་བདུན།གཟའ།ལོ།སྤར་ཁ་གང་ཁེལ་རྣམས་ཀྱི་ཁམས་མེ་ཡིན།ནུབ་གློ་བའི་རྩ་ཁམས་ལས་འབྱུང་བ་ལྕགས་སྲིད་པ།དེར་ནུབ་སྐར་བདུན་དང༌།གཟའ།ལོ།སྤར་ཁ་གང་ཁེལ་རྣམས་ཀྱི་ཁམས་ལྕགས་སུ་བཞེད།བྱང་མཁལ་མའི་རྩ་ཁམས་ལས་འབྱུང་བ་ཆུ་སྲིད།དེར་བྱང་སྐར་བདུན་དང༌།གཟའ།ལོ།སྤར་ཁ་གང་ཁེལ་རྣམས་ཀྱི་ཁམས་ཆུ་རུ་བཞེད།མཚམས་བཞིར་མཚེར་པའི་རྩ་ཁམས་ལས་འབྱུང་བ་ས་སྲིད།དེར་མཚམས་སྐར་བདུན་དང༌།གཟའ།ལོ།སྤར་ཁ་གང་ཁེལ་རྣམས་ཀྱི་ཁམས་ས་རུ་བཞེད།
ཡང་«ནག་རྩིས»ལྟར།(4)གནའ་བོའི་མི་ཡི་རིགས་སམ་རུས་ཁམས་ངོས་འཛིན་སྐབས།རུས་ཆེན་སྡེ་ལྔ་སྟེ།ཀེག་ཤིང་ཁམས།ཇི་མེ་ཁམས།ཀུང་ས་ཁམས།ཤང་ལྕགས་ཁམས།འུ་ཆུ་ཁམས།ཞེས་གང་ཟག་སོ་སོར་ལུས་ངག་གི་རྩོལ་བ་དང༌།བསམ་གཞིག་བྱ་སྟངས་སྐོར་ལ་དཔྱད་ནས་རུས་ཁམས་ངོས་འཛིན་སྟངས་སྐོར་བསྟན་ཡོད།ཡང་ནག་རྩིས་ནས་སྲོག་ཁམས།དབང་ཁམས།ལུས་ཁམས།རླུང་ཁམས།ཞེས་གང་ཟག་སོ་སོའི་སྲོག་ལུས་དབང་རླུང་སོགས་ལ་ཁམས་ཀྱི་ཐ་སྙད་བརྩི་ཚུལ་ཡོད།གོང་བཤད་ཀྱི་ཁམས་ཐམས་ཅད་དམ་ཡང་ན་རེ་འགའི་ཁམས་ཤིང་ཡིན་ན།ལྕགས་ཀྱིས་རང་ལ་གནོད་པ་དང༌།ས་ཡིས་རང་ལ་གྲོགས་སམ་བསྐྱེད་པར་བྱེད་པ།མེ་ལ་རང་གིས་སྨིན་པར་བྱེད་པ།ཆུ་ཡིས་རང་ཉིད་བསྐྱེད་པར་བྱེད་པ་སོགས་མ་བུ་དགྲ་གྲོགས་ཀྱི་གནད་དུ་མ་བརྩིས་ནས་དགེ་སྐྱོན་གྱི་དབྱེ་རྒྱུ་ཡོད།དེ་བཞིན་གནམ་ལོའི་ཁམས་ལྕགས་ཡིན་ན་ཤིང་ཁམས་ལོ་བ་ལ་གནོད་པ་དང་གཞན་ལ་ཕན་གྲོགས་བྱེད་པ་སོགས་སྣང༌།སྲོག་ཁམས་བཟང་མིན་ནི་གཙོ་བོ་སྲོག་ལ་ཉེན་ཁ་ཆེ་མིན་བལྟ་ལ།དེ་བཞིན་དབང་ཁམས་བཟང་མིན་ལོ་དེར་དབང་ཐང་དར་གུད་ཆེ་མིན།ལུས་ཁམས་བཟང་མིན་ནི་ལུས་ལ་གནོད་འཚབ་ཆེ་ཆུང༌།རླུང་ཁམས་བཟང་མིན་ཡང་རླུང་རྟ་དར་མིན་གྱི་གནད་ཡོད་སྐད།གང་ཟག་དེའི་རླུང་རྟའི་ཁམས་ཤིང་ཡིན་ན་ཤིང་ལྗང་བས་གང་ཟག་དེའི་རླུང་རྟ་བསྐྱེད་པར་བྱེད་པ་ལ་དར་ལྗང་ཁུ་བསྒྲོན་ན་རླུང་རྟ་རྒྱས་པ་སོགས་ཕྱི་ནང་གི་གནད་དུ་མ་ཡོད་ཚུལ་བཤད།དེ་བཞིན་རླུང་རྟའི་ཁམས་མེ་དང༌།ཆུ།ས།ལྕགས་སོགས་ཡིན་ན་སོ་སོའི་ཁ་དོག་མཐུན་པར་རླུང་རྟ་བསྒྲོན་ན་བཟང་བར་བཤད།
ཡང་སྨན་གྱི་«འབུམ་བཞི»ལྟར་ན།(5)དུས་བཞིའི་རྩ་ལ་འབྱུང་ལྔ་ཁམས་ལྔ་ཕྱེ།།ཞེས་པ།དཔྱིད་ཟླ་གསུམ་དེ་ཤིང་ཁམས་བཤད་པས་སྐབས་དེར་སྐྱེ་དངོས་ཐམས་ཅད་སྐྱེ་ཚན་ཤིང་བཞིན་ཆེ་བ་དང་མཆིན་རྩ་རྒྱུ་བའི་དུས་སུ་བལྟ་བར་བཤད།དབྱར་གསུམ་མེ་ཁམས་ཡིན་པས་དུས་སྐབས་དེར་མེ་བཞིན་ཚ་བ་འབྱུང་བའི་དུས་དང་སྙིང་རྩ་རྒྱུ་བའི་དུས་སུ་བལྟ་བ་བསྟན།སྟོན་གསུམ་ལྕགས་ཁམས་ཡིན་པས་སྐྱེ་དངོས་ཐམས་ཅད་སྨིན་ཤེད་ཡོངས་སུ་རྫོགས་ལ་ཐམས་ཅད་ལྕགས་བཞིན་སྲ་མཁྲེགས་ལྡན་ལ་གློ་རྩ་རྒྱུ་བའི་དུས་སུ་བལྟ་བ་བསྟན།དགུན་གསུམ་ཆུ་ཁམས་བཤད་པས་ཡུལ་ལུང་དང་སྐྱེ་དངོས་རྣམས་འཁྱགས་ཀྱིས་བསྡམས་པ་དང་མཁལ་རྩ་རྒྱུ་དུས་བལྟ་ཞེས་བཤད།དུས་མཚམས་བཞི་ལ་ས་ཁམས་བཤད་པས་འབྱུང་བ་ས་ཤས་ཆེ་བ་དང་མཚེར་རྩ་རྒྱུ་དུས་བལྟ་ཞེས་གསལ་ཡོད་པས་ནག་རྩིས་ཀྱི་རུས་སྦལ་ལས་འབྱུང་བཞི་གྱེས་ཚུལ་དང་ཅུང་མཚུངས།
ཡང་ནད་པའི་ལུས་སེམས་ཀྱི་ཁམས་ལ་བརྟག་དཔྱད་བྱེད་སྐབས་དཔེར་ན།«གཟི་བརྗིད»ལས།(6)འཆི་སོས་ཁམས་ལ་དཔྱད་པ་ཞེས་པ་དང༌།«འབུམ་བཞི»ལས།(7)ན་ཚུལ་རྒྱུ་རྐྱེན་དྲི་བའི་ཁམས་བརྟག་དང་ཅེས།།ཡང་«དེ་ཉིད»ལས།ཁམས་ལ་ལེགས་བརྟག་ཚིག་གི་དྲི་བ་ཡིས།།ཞེས་གཟི་བརྗིད་དང་འབུམ་བཞི་ནས་བསྟན་པ་འདི་གཉིས་ནང་དོན་ཕལ་ཆེར་མཚུངས་ཞེས་བརྗོད་ཆོགའདི་དོན་ཧ་ལམ་ནད་པའི་ལུས་ཁམས་དང་རྩ་ཁམས་འཕར་ཚད་དབུགས་འབྱིན་རྔུབ་མཉམ་མིན།ཆུ་བུར་མིག་གི་ཁམས་སོགས་ལ་སྨན་པས་དྲི་བརྡ་བྱས་ཏེ་ལེགས་པར་དཔྱད་རྗེས་ནད་པ་འཆི་སོས་ལ་སོགས་ཀྱི་ཁ་དམར་བཏགས་པའི་ཚུལ་བསྟན་པ་ངེས།ད་དུང་«གཟི་བརྗིད»(དེབ་ཨང་2ཤོག་ངོས་395)ལས་ཀྱང༌།དཔྱད་ལ་རྩ་ལ་ཆུ་དང་ཁམས།།རྩ་ལ་ལྟ་ཞིང་ཆུ་ལ་བརྟག།ཁམས་ལ་དཔྱད་ཅིང་ཐིག་པར་བྱ།།ཞེས་གསལ་བ་དང་བསྟན་དོན་གཅིག་ཏུ་བབ་པར་ངེས།
ཐེག་པ་ཆེན་པོའི་གཞི་ལམ་འབྲས་གསུམ་ལ་ཁམས་ཞེས་ཐ་སྙད་འདོགས་ཚུལ་ནི།གཞི་ཡི་ཁམས།(8)ལམ་གྱི་ཁམས།འབྲས་བུའི་ཁམས་ཞེས་དང༌།ཡང་ཁམས་བརྒྱད་ནི་སྲིད་པའི་ཁམས།(9)རྒྱུན་གྱི་ཁམས།སྣང་བའི་ཁམས།སྟོང་པའི་ཁམས།སོ་སོར་གསལ་བའི་ཁམས།རང་རིག་པའི་ཁམས།ཀློང་ཆེན་དབྱིངས་ཀྱི་ཁམས།མཉམ་པ་ཉིད་ཀྱི་ཁམས་བཅས་བརྒྱད་ལ་གཞི་ལམ་འབྲས་གསུམ་སྦྱར་བས་ཁམས་བཅོ་བརྒྱད་འབྱུང༌།དེ་བཞིན་བརྗོད་བྱ་ཁམས་སྟོན་པའི་དཔེ་གཞུང་ལ་འཇུག་པ་སྟེ།ཁམས་ཆེན་དུམ་པ་བཅུ་དྲུགཁམས་རྩ་རྣམ་ངེས།ཁམས་བསྡུས་ཚིག་བཅད་མ་སོགས་ཡོད།
ཡུལ་དང་དབང་པོ་ཤེས་པ་སོགས་ལ་འཇུག་ཚུལ་ནི།(10)རྟེན་དབང་པོའི་ཁམས་དྲུགབརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུགགཟུང་བ་ཡུལ་གྱི་ཁམས་དྲུགཞེས་ཁམས་བཅོ་བརྒྱད་བསྟན་ཏེ།
ཡང་ཤེས་ཟིན་གྱི་ལུས་ཁམས་འཇུག་ཚུལ་ནི།མིག་གི་ཁམས།མིག་གི་སྐྱེ་མཆེད།མིག་དབང་གཟུགས་ཅན་པ་གསུམ་ཡིན་ཆ་མཉམ།དེ་བཞིན།ལུས་ཀྱི་ཁམས།ལུས་ཀྱི་སྐྱེ་མཆེད།ལུས་དབང་གཟུགས་ཅན་པ་གསུམ་ཡིན་ཆ་མཉམ་ཞེས་གསུངས།ད་དུང་འཇིག་རྟེན་གྱི་དམངས་ཁྲོད་དུ་ཐ་སྙད་དེ་བཀོལ་ཚུལ་ནི།ཚེ་སྲོག་གི་བཅུད་མདངས་ཀྱི་ཚབ་མཚོན་དུ་སྐུ་ཁམས་བཟང་ཞེས་དང༌།སྐུ་ཁམས་བདེ།ལུས་ཀྱི་འབྱུང་བཞི་ཆ་སྙོམས་པ་སོགས་ལ་སྐུ་ཁམས་བདེ་ཞེས་བརྗོད་ཆོག
བསྐྱེད་བྱེད་ཀྱི་རྒྱུར་འཇུག་པ་སྟེ།དཔེར་ན་ཕོ་མོའི་ས་བོན་ལ་ཁམས་དཀར་དམར་གཉིས་སུ་བཞེད་ནས།བསྐྱེད་པར་བྱེད་པ་ཕ་ཡིན་ལ།སྨིན་པར་བྱེད་པ་མ་ཡིན་ནོ།།ཞེས་པ་གང་ཟག་གདོས་ལུས་གྲུབ་དགོས་ན།ཕ་ཡི་ཁམས་དཀར་པོ་ལས་གཙོ་ཆེར་གང་ཟག་དེའི་རུས་པ་དང་རྐང་ཚིལ་སོགས་འགྲུབ་བྱེད་ཀྱི་རྒྱུ་གཙོ་བོ་ཡིན་པ་དང༌།མ་ཡི་ཁམས་དམར་པོ་ནི་གང་ཟག་དེའི་ཤ་ཁྲག་གཉིས་གཙོ་བོ་གྲུབ་བྱེད་ཀྱི་ཆ་ནས་དེ་གཉིས་མཉམ་འདྲེས་དང་དྲོད་གཤེར་ལ་སོགས་རྒྱུ་རྐྱེན་རན་ཚོད་ལས།ནར་ནར་པོ་དང་ཏུར་ཏུར་པོ།གོར་གོར་པོ་སོགས་རིམ་བཞིན་འཕེལ་བསྐྱེད་ཀྱི་རྣམ་པ་འབྱུང་ཚུལ་གསལ་ཡོད།
ཕྱག་སྲོལ་དང་གཟུགས་དབྱིབས་ལ་འཇུག་པ་སྟེ་དཔེར་ན་བྲིས་ཁམས་ཞེས་པ།བྲིས་ཚུགས།བྲིས་ལུགས་བྲིས་ཁམས་གསུམ་དོན་གཅིག་པར་ངེས།གཟབ་ཚུགས།ཚུགས་རིང༌།ཚུགས་མ་འཁྱུགདེ་བཞིན་ཁྱུང་པོ་གཡུ་ཁྲིའི་ལུགས།མ་ནུའི་ཁམས།ཕྲ་ཁམས།ག་གཟི་ཁམས།སྟ་རེའི་ཁམས།ཞེས་དང༌།འབྲུ་མའི་ཡིག་གཟུགས་ལ་ཁྱད་བོན་དུ་མ་ཞིག་ཚང་དགོས་ཚུལ་ནི།ལྷུ་རུས་ཚུག་གསུམ།ལི་ཁམས་ཟག་གསུམ།དཀར་ཆ་ནག་གསུམ་ཞེས་ཚང་དགོས་ཚུལ་བཤད་ཡོད།
གནས་དང་ཡུལ་ལ་འཇུག་པ།(11)ཞིང་ཁམས།དག་པའི་ཞིང་ཁམས།ཞིང་ཁམས་གསུམ།འདོད་ཁམས།གཟུགས་ཁམས།གཟུགས་མེད་ཁམས་ཞེས་དང༌།གཡེན་ཁམས་སོ་གསུམ།གཟུགས་ཁམས་གནས་རིགས་བཅུ་བདུན།ཁམས་གསུམ་འཁོར་བའི་ས་དགུ།དམྱལ་ཁམས་བཅོ་བརྒྱད།བོད་ཁམས་དང༌།མདོ་དབུས་ཁམས་གསུམ།ཁམས་ཁུལ་ནས་དར་བའི་ཕྱག་སྲོལ་ལྟ་བུ།
ཡང་ཁམས་ཞེས་པ་བསམ་གཞིག་བྱ་སྟངས་དང་གཤིས་ཀ་ལའང་འཇུག་སྟེ།ཁོ་དང་ངེད་གཉིས་སེམས་ཁམས་མཐུན་ཀྱང༌།ཁྱོད་དང་ང་གཉིས་སེམས་ཁམས་མི་མཐུན་ལྟ་བུ།དཔེར་ན་ཁོ་ནི་གསར་ལ་དགའ་བ།ང་ནི་རྙིང་སྲོལ་ལ་དུང་བ།ང་ནི་ནམ་རྒྱུན་ཁུ་སིམ་དུ་འདུག་འདོད་པ།ཁྱོད་ནི་གཞན་དང་འབྲེལ་འདྲིས་དང་ལབ་གླེང་དགའ་བ།ང་ནི་མཆོད་སྦྱིན་ལ་དུང་བ།ཁྱོད་ནི་གསོག་འཇོག་ལ་བརྩི་བ།ང་ནི་ཕྱི་མའི་དོན་གཉེར་གཙོ་བ།ཁྱོད་ནི་ཚེ་འདིའི་མིང་གྲགས་རྒྱས་སྤྲོས་གཉེར་བ།མདོར་ན་སེམས་ཅན་ལ་ཁམས་དང་མོས་པའམ་ཡང་ན་ལས་སྣང་སོ་སོར་ཡིན་པས་ཐམས་ཅད་སེམས་ཁམས་གཅིག་པར་ཡོང་མི་སྲིད་དེ།སྟོན་པས་ཇི་སྲིད་འདུ་ཤེས་ཡོད་ཀྱི་བར་དེ་སྲིད་ཐེག་པའི་གྲངས་ལ་ཐོག་མཐའ་མེད་ཅེས་གང་ཟག་སོ་སོའི་མོས་ཁམས་དང༌།ལྟ་ཚུལ།གཤིས་ཀལས་སྣང་མི་གཅིག་པ་ཤ་སྟག་འབྱུང་ཚུལ་བསྟན་པ་ཡིན།ཐ་ན་ཁྱིམ་མི་དང་གཟའ་ཚོ་ཕན་ཚུན་བར་སེམས་ཁམས་མི་མཐུན་པས་དཀའ་ངལ་དུ་མ་འཕྲད་དང་འཕྲད་བཞིན་ཡོད་པ་མངོན།
ཁམས་ཆེན་པོ་ཞེས་པའི་དོན་ནི།སྤྱིར་སེམས་སྟོབས་དང་སྟོབས་འབྱོར།དབང་ཤུགས་ཆེ་བ་སོགས་ལ་འཇུག་པ་ཡིན་ཏེ།རྒྱལ་པོ་དེ་ཁམས་ཆེན་པོ་མངོན།སྡེ་དཔོན་དེ་ཁམས་ཆེ་ལྟ་བུ།ཡང་གཞི་ལམ་འབྲས་གསུམ་གྱི་བདག་ཉིད་ཁམས་བརྒྱད་ཀྱི་མིང་གཞན་ཏེ།ཁམས་ཆེན་པོ་བརྒྱད་དང་མཚོན་བྱེད་ཞེ་ལྔ་ལྟ་བུ།
རང་བཞིན་ལ་འཇུག་སྟེ།ཉི་མ་མེ་ཡི་ཁམས།ཟླ་བ་ཆུ་ཡི་ཁམས་ཞེས་སོགས་གསུང་ཡོད།ད་དུང་«ཏི་སེ་དཔེ་ཚོགས»(དེབ་ཨང་12ཤོག་ངོས་32)ལས།རྣམ་ཤེས་ཁམས་ཀུན་སེམས་ཀྱི་དབྱིངས།ཆུ་ཡི་ཁམས་ཀུན་སེམས་ཀྱི་དབྱིངས།རླུང་གི་ཁམས་ཀུན་སེམས་ཀྱི་དབྱིངས།མེ་ཡི་ཁམས་ཀུན་སེམས་ཀྱི་དབྱིངས།ས་ཡི་ཁམས་ཀུན་སེམས་ཀྱི་དབྱིངས།ནམ་མཁའི་ཁམས་ཀུན་སེམས་ཀྱི་དབྱིངས་ཞེས་གསལ་ཡོད།དོན་དངོས་ནས་བཤད་ན་ས་ཆུ་མེ་རླུང་རྣམས་ཀྱི་ཁམས་ནི་རང་བཞིན་དང་གཤིས་ལུགས་ལ་འཇུག་ཚུལ་བསྟན་ཡོད།ཡང་«རྗེ་མཛོད་འགྲེལ»(ཤོག་ངོས་268)ལས།དབུགས་ནི་རླུང་སྟེ་ཁམས་གསུམ་འཁོར།དྲོད་ནི་མེ་སྟེ་ཁམས་གསུམ་འཁོར།ཁྲག་ནི་ཆུ་སྟེ་ཁམས་གསུམ་འཁོར།ཤ་ནི་ས་སྟེ་ཁམས་གསུམ་འཁོར།ཞེས་དབུགས་ནི་རླུང་གི་ཁམས་སམ་དེའི་རང་བཞིན།དྲོད་ནི་མེ་ཁམས་སམ་མེ་ཡི་རང་བཞིན།ཁྲག་ནི་ཆུ་ཡི་ཁམས་སམ་ཆུ་ཡི་རང་བཞིན།ཤ་ནི་ས་ཡི་ཁམས་སམ་ས་ཡི་རང་བཞིན་ཡིན་པ་བསྟན།དེ་དང་ཕྱོགས་མཚུངས།མཁལ་མ་ཆུ་ཡི་ཁམས།གློ་བ་དབུགས་ཀྱི་ཁམས།མཚེར་པ་ས་ཡི་ཁམས།མཆིན་པ་མེ་ཡི་ཁམས།སྙིང་ནམ་མཁའི་ཁམས་ཞེས་གསལ་ཡོད།
འབྱུང་བ་འཇིག་ཚུལ་དང་སྡུད་ཚུལ་སྐོར་འདི་བཞིན་འབྱུང་སྟེ།«ངོ་སྤྲོད་གསེར་གྱི་མེ་ལོང་»(ཤོག་ངོས་829)ལས།ཕྱི་འབྱུང་བ་ས་འཇིགནང་མཚེར་པའི་རྩ་བསྡོགཕྱི་འབྱུང་བ་ཆུ་འཇིགནང་མཁལ་མའི་རྩ་བསྡོགཕྱི་འབྱུང་བ་མེ་འཇིགནམ་མཆིན་པའི་རྩ་བསྡོགཕྱི་འབྱུང་བ་རླུང་འཇིགནང་གློ་བའི་རྩ་བསྡོགཕྱི་འབྱུང་བ་ནམ་མཁར་འཇིགནང་སྙིང་གི་རྩ་བསྡོག་ཞེས་གསལ་ཡོད།«སྙན་སྒྲོན»(ཤོག་ངོས་417)ལས།མཚེར་བ་ས་ཁམས་ཉམས་ལུས་ཀྱིས་རེག་བྱ་མི་ཚོར།མཁལ་མ་ཆུའི་ཁམས་ཉམས་རྣ་ཡིས་སྒྲ་མི་ཐོས།མཆིན་པ་མེའི་ཁམས་ཉམས་ལྕེ་ཡིས་རོ་མི་ཚོར།གློ་བ་རླུང་ཁམས་ཉམས་སྣ་ཡིས་དྲི་མི་ཚོར།ཙི་ཏ་ནམ་མཁའི་ཁམས་ཉམས་མིག་གིས་གཟུགས་མི་མཐོང༌།ཞེས་གསལ།དེ་བཞིན།ས་ཡི་ཁམས་སྡུད་ནས་ཆུ་ལ་ཐིམ།ཆུ་ཡི་ཁམས་སྡུད་ནས་མེ་ལ་ཐིམ།མེ་ཡི་ཁམས་སྡུད་ནས་རླུང་ལ་ཐིམ།རླུང་གི་ཁམས་སྡུད་ནས་རྣམ་ཤེས་ལ་ཐིམ་ཞེས་གསལ།ཞིབ་ཕྲ་གཞན་དུ་གཟིགས།ཡང་གོང་བསྟན།སྙིང་ནམ་མཁའི་ཁམས།ཞེས་དང༌།ནམ་མཁའི་ཁམས་ཀུན་སེམས་ཀྱི་དབྱིངས།ཞེས་དང༌།ཕྱི་འབྱུང་བ་ནམ་མཁར་འཇིགནང་སྙིང་གི་རྩ་བསྡོག་ཞེས་པའི་ལུང་འདི་དག་གིས་སེམས་ནམ་མཁའ་དང་གཙོ་བོར་འབྲེལ་བ་བསྟན་སྟེ།དོན་དངོས་ལ་ནམ་མཁའ་དང་སེམས་བར་འབྲེལ་བ་ཟབ་མོ་ཞིག་མངོན་ཏེ།དཔེར་ན།འཚོ་བའི་གོམས་གཤིས་ནང་དུ།གནམ་འཐིབ་པ་དང་རླུང་དམར་བུ་ཡུག་འཚུབ་སྐབས་སེམས་ཀྱང་རང་བཞིན་གྱིས་སྡུག་སྣང་འབྱུང་བ་དང༌།ཡི་མུག་པ།འཐིབ་པ་སོགས་འབྱུང་ལ།གནམ་གཤིས་ནུབ་ངོས་ནས་སྔོ་གཡའ་དག་པ་དང༌།དྭངས་སང་ངེ་ལ་སོགས་གོང་གི་ལྡོག་ཕྱོགས་འབྱུང་སྐབས་སེམས་ལ་རང་བཞིན་གྱིས་སྤྲོ་བ་བརྟས་པ།སྣང་བ་དྭངས་བ།རིག་པ་གསལ་བ།དགའ་སྣང་འབྱུང་བ།ལུས་འཕག་ཚག་རྒྱག་པ་ལ་སོགས་ཅི་ཡང་འབྱུང་སྲིད།དེ་བཞིན་འབྱུང་ཁམས་ཤས་ཆེ་ཆུང་གིས་ལུས་སེམས་ཁྲག་དབུགས་སོགས་ལ་འགྱུར་བ་དེ་བཞིན་འགྲོ་བ་རེད།དཔེར་ན།དུས་མིན་གཉིད་ཡུར་དུས་གནམ་གཤིས་སྡུག་པའི་ལྟས་དང༌།པུས་མོ་ཟུག་གཟེར་ལངས་དུས་ཆར་ཆུ་འབབ་པའི་ལྟས་སོགས་དུ་མ་ཡོད།དེ་དག་ནི་སྣོད་བཅུད་རྟེན་འབྱུང་གི་འབྲེལ་བ་མངོན་དུ་བསྟན་བཞིན་པ་ལས་གཞན་མིན།
ཡང་སྲིད་པའམ་ཡོད་པའི་ཆ་དང་མེད་པའམ་འཇིག་སྟོང་གི་ཆ་ལ་ཁམས་ཞེས་པའི་ཐ་སྙད་འཇུག་སྟེ།ཡོད་ཁམས་དང་མེད་ཁམས་ཞེས་བརྗོད་དེ།«ཏི་སེ་དཔེ་ཚོགས»(དེབ་ཨང་12ཤོག་ངོས་4)ལས།རྒྱུ་ལྔའི་བཅུད་ལས་སྒོང་གཉིས་སྲིད།།དཀར་ནི་འོད་དང་ཟེར་ལས་བརྡོལ།།ཡོད་ཁམས་སྲིད་པའི་རྒྱལ་པོ་གསལ།།ནག་ནི་མུན་དང་འཐིབ་ལས་བརྡོལ།།མེད་ཁམས་སྟོང་པའི་རྒྱལ་པོ་གསལ།།མེད་པར་དགའ་བའི་ཡོད་མི་སྦྱོར།།ཞེས་གསལ།
སྤར་ཁ་བརྒྱད་ཀྱི་སོ་སོའི་ཁམས་ངོས་འཛིན་འདི་བཞིན་བསྟན་ཏེ།«ནག་རྩིས»(ཤོག་ངོས་9)ལས།ལི་མེ་ཁོན་ས་དྭ་ལྕགས་ཁམས།།ཁེན་གནམ་ཁམ་ཆུ་གིན་ནི་རི།།ཟིན་ཤིང་ཟོན་རླུང་སྤར་ཁའི་ཁམས།།གནམ་རི་རླུང་ཡང་ས་བསྡུས་པས།།དོན་ལ་འབྱུང་བ་རྣམ་པ་ལྔའོ།།ཞེས་གསལ།
ཡང་གཟའ་བརྒྱད་ཀྱི་སོ་སོའི་ཁམས་དང་རུས་སྦལ་གྱི་ཤར་ལྷོ་གང་ལ་གནས་མིན་ངོས་འཛིན་ཚུལ་ནི།«ནག་རྩིས»(ཤོག་ངོས་15)ལས།ཉི་མ་མིག་དམར་མེ་ཡི་ལྷོ།།ཟླ་བ་ལྷག་པ་ཆུ་ཡི་བྱང༌།།ཕུར་ཤིང་ཤར་ཏེ་སངས་ལྕགས་ནུབ།།སྤེན་པ་ས་ཡིན་མཚམས་ལ་དབང༌།།ར་ཧུ་སྤྱི་ཁྱབ་འབྱུང་ལྔ་ཚང༌།།ཞེས་གསལ།འདོད་ཆགས་ཞེ་སྡང་གཏི་མུག་ལས།།རླུང་མཁྲིས་བད་ཀན་རིམ་བཞིན་གྱེས།།ཞེས་པ་ལྟར།སྤྱིར་གང་ཟག་རང་ཉིད་ལ་རྒྱུ་འདོད་ཆགས་ཤས་ཆེ་ན།(12)འབྲས་བུ་འདོད་ཁམས་སུ་སྐྱེ་བ་དང༌།ནད་རླུང་ལྡང་བ།ཁམས་རླུང་ཤས་ཆེ་བ་ཡིན་པས།རྣམ་ཀུན་མནོ་སེམས་གཏོང་ཆེ་བ།རྣམ་རྟོག་ཚ་བ།ལུས་གཤོག་ཡངས་པ།ཤ་སྐམ་པ་སོགས་ཕྱི་ནང་རྟེན་འབྲེལ་གྱི་གནད་ཡོད།གང་ཟག་དེར་རྒྱུ་གཏི་མུག་ཤས་ཆེ་ན།གཏི་མུག་ལས་གཟུགས་མེད་པའི་ཁམས་སུ་སྐྱེ་བ་དང༌།ཡང་ཁམས་དྲུག་ལྡན་ཡིན་ན།ནད་མཁྲིས་པ་ལྡང་བ།ཁམས་ས་ཤས་ཆེ་བ།མནོ་སེམས་གཏོང་ཆུང་བ།རྣམ་ཀུན་ཧུར་སེམས་བྲལ་བ།ཉོབ་ཏོ་ཚ་བ།ཤ་རྒྱག་པ།གཉིད་ཆེ་བ་སོགས་ཀྱི་གནད་འབྱུང་གི་ཡོད།གང་ཟག་དེ་ལ་རྒྱུ་ཞེ་སྡང་ཤས་ཆེ་ན།ཞེ་སྡང་ཆེ་བས་གཟུགས་ཁམས་སུ་སྐྱེ་བ།ནད་བད་ཀན་ལྡང་བ།འབྱུང་བཞིའི་ཁམས་སྙོམས་པ།ལུས་སེམས་ཀྱི་བསམ་གཞིག་དང་རྩོལ་སྒྲུབ་སོགས་ཆ་མཉམ་པར་བཅས་འབྱུང༌།
རྩ་ཁམས་ཞེས་པ་གང་ཟག་སོ་སོར་འབྱུང་བའི་རྩ་ཁམས་ཆགས་སྟངས་སམ་ཡང་ན་རྩ་ཁམས་ཟུག་སྟངས།སེམས་ཁམས་འཁྱེར་སྟངས།རླུང་ཁམས་རྒྱུ་ལུགས།ལུས་ཁམས་ཆགས་ཚུལ་སོགས་ཀྱི་ཁྱད་པར་མི་འདྲ་བ་སྣ་ཚོགས་ཡོད་པས།གང་ཟག་སོ་སོར་སེམས་ཀྱི་མོས་ཕྱོགས་མི་འདྲ་བ་དང༌།མནོ་སེམས་གཞིག་སྟངས་མི་འདྲ་བ།རྩོལ་སྒྲུབ་དྲག་ཞན་མི་འདྲ་བ།ལུས་ཁམས་ཡང་ལྗི་མི་འདྲ་བ།སེམས་སྟོབས་ཆེ་ཆུང་མི་འདྲ་བ།ལུས་ཟུངས་ཀྱི་སྟོབས་ཤུགས་མི་འདྲ་བ།ཐ་ན་སྐུ་ལུས་རྒྱག་པ་དང་སྐམ་མིན་ལ་ཁྱད་འབྱུང་གི་ཡོད།
གསུམ་པ། ཁམས་ཀྱི་ནང་དོན་དང་མཇུག་བསྡུ་སྐོར།
མདོར་ན་ཁམས་ནི་མཚན་ཉིད་རིག་པས་ཁས་འཆེས་ཚུལ་ལྟར་ན་བོན་ནམ་བསམ་མནོའི་ཤེས་རྒྱུ་ཡོད་པའི་ཤེས་བྱ་ཐམས་ཅད་ལ་འཇུག་ཆོག་པ་ཡིན།དེ་ལྟར་ཡིན་ཚུལ་ནི།གཞི་དང་ལམ་འབྲས་འབུས་བུའི་ཁམས་ཞེས་པས།གནས་ལུགས་དང་།ས་ལམ་ཐམས་ཅད།འབྲས་བུ་ཐམས་ཅད་འདུས་ཡོད།ཡང་ཁམས་དྲུག་ལྡན་ཅེས་པས།ནམ་མཁའ།འབྱུང་བ་བཞི།ཡེ་ཤེས་ཁམས་ཞེས་བསྟན།དེ་བཞིན་ཁམས་བཅོ་བརྒྱད་ཅེས་པས།གཟུགས་སྒྲ་དྲི་རོ་རེག་བྱ་བོན་དང༌།དེ་འཛིན་ཤེས་པ་དྲུགདེ་དག་རྟེན་སའི་དབང་གཟུགས་དྲུག་བཅས་བསྟན།རྒྱ་ཆེ་ཁམས་ནི་གསུམ་གྱི་མཛོད་ཅེས་པ།སེམས་དང་དབང་པོ་གང་ཟག་གསུམ་བསྟན།ཡང་ཁམས་གསུམ་ཅེས་པས།འདོད་ཁམས།གཟུགས་ཁམས།གཟུགས་མེད་ཁམས་བཅས་གསུམ་བསྟན།ཡང་ཡོད་ཁམས་དང་མེད་ཁམས་ཅེས་པ་བསམ་བཟང་སྲིད་པ་འདོད་པ་དང་བསམ་ངན་བརླག་པར་འདོད་པ་བཅས་བསྟན།མདོར་ན་ཐམས་ཅད་སྐྱ་སྔོ་གསེས་པ་ལྟ་བུ་ཕྱོགས་གཅིག་ཏུ་སྤུངས་པ་མིན་ཀྱང༌།ཁམས་ཞེས་པའི་ཐ་སྙད་འདི་ཆོས་དང་འཇིག་རྟེན་གང་ཐད་ནས་བཀོལ་སྤྱོད་འདྲ་མིན་ཞིག་བྱས་ཡོད་ཚུལ་སྐོར་གཞུང་སོ་སོ་ནས་གང་བཤད་པ་དང་ནང་དོན་ཅི་ཞིག་འབྱུང་མིན་སྐོར་ལ་ཕྲན་བུ་ཞིག་བཤད་ཁུལ་བྱས་པ་ཡིན།
བྱེད་མཁན་གྱི་རྩོལ་སྒྲུབ་ལ་མི་ལྟོས་པར་རང་བཞིན་གྱི་སྲིད་པ་རྣམས་ལ་ཁམས་ཞེས་པའི་ཐ་སྙད་འཇུག་པ་སྟེ་«མཛོད་ཕུག»ལས།ཅི་ཡང་བྱེད་པ་མེད་པ་ལ།།རང་གི་མཚན་ཉིད་འཛིན་ཕྱིར་ཁམས།།ཞེས་བསྟན་པའི་རང་བཞིན་ཡེ་སྲིད་རྣམས་ལ་རང་འབྱུང་གི་ཁམས་ཞེས་འགྲེལ་ཆོག་པར་སྙམ།ད་དུང་གཞུང་དེའི་ནང་ཁམས་ཀྱི་གོ་དོན་གཞན་ཅིག་བསྟན་པ་ནི།སྣང་ཞིང་སྲིད་པའི་ཁམས་འདིར་སྣོད་བཅུད་ཐམས་ཅད་སོ་སོར་མ་འདྲེས་པར་ཆེས་མང་ཞིང་རྒྱ་ཆེ་བ་ཡོངས་སུ་ཐ་དད་གནས་ཤིང་བྱེད་ལས་མི་འདྲ་བ་དུ་མ་ཞིག་གནས་པ་ལ་ཁམས་ཞེས་བཤད་དེ།«མཛོད་ཕུག»ལས།སྣང་སྲིད་མང་ཞིང་རྒྱ་ཆེ་ལ།།ཡོངས་སུ་ཐ་དད་འཛིན་ཕྱིར་ཁམས།།ཞེས་སོགས་ཁམས་ཀྱི་གོ་ས་དུ་མ་ཞིག་ཡོད་ངེས།མདོར་ན།སྤྱིར་ཁམས་ཞེས་པ་བསམ་མནོའི་ཤེས་རྒྱུ་ཡོད་ཚད་དང༌།ངོ་བོ།རང་བཞིན།གཤིས་ཀདངས་མ།སོ་སོའི་ལྟ་བ་འཁྱེར་ཕྱོགས་སོགས་ལ་འཇུག་ཅེས་མཐའ་སྡོམས་འདི་ཞིག་བསྡུ་ཆོག་པར་སྙམ།
དཔྱད་གཞིའི་དཔེ་ཁུངས་སྐོར། (1) «གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས།»མི་རིགས་དཔེ་སྐྲུན་ཁང་།དེབ་ཨང་12མཛོད་ཕུག་ཤོག་ངོས་17ལས།ཞང་སྐད་དུ།དིང་ཀུན་ད་དོད་དྲུང་མི་ཁུམ།།ཞེས་པར།བོད་སྐད་དུ།ཀུན་བསྐྱེད་རིན་ཆེན་འབྱུང་བའི་ཁམས།།ཡང༌།ཏི་པྲ་རྦང་སྣིས་མུ་ཁིར་ཁམ།།ཡང་ཤོག་ངོས་61ལས།རྐོ་ཀུན་གུ་ལིང་ཏི་རོག་ཁམས།།ལུས་ནི་འབྱུང་བཞི་ཀུན་འདུས་ཁམས།།ཞེས་གཞུང་དེར་ཞང་ཚིག་ལ་མི་འདྲ་བ་གསུམ་སྣང༌།
(2) «
སམ་བོད་སྐད་གཉིས་ཤན་སྦྱར་དེབ།»སི་ཁྲོན་པར་མ།ཤོག་ངོས་419, 370, 373ལས་གསལ།
(3) «
ནག་རྩིས།»སྨན་རི་དགོན་པའི་དཔེ་གཟུགས་ཅན།ཤོག་ངོས་3ལས།ཤར་ཕྱོགས་མཆིན་པའི་རྩ་ཁམས་ལ།འབྱུང་བ་ཤིང་སྲིད།ལྷོ་ཕྱོགས་སྙིང་གི་རྩ་ཁམས་ལས།འབྱུང་བ་མེ་སྲིད།ནུབ་ཕྱོགས་གློ་བའི་རྩ་ཁམས་ལས།འབྱུང་བ་ལྕགས་སྲིད།བྱང་ཕྱོགས་མཁལ་མའི་རྩ་ཁམས་ལས།འབྱུང་བ་ཆུ་སྲིད།མཚམས་བཞི་མཚེར་བའི་རྩ་ཁམས།ཞེས་བསྟན་ཡོད།
(4) «
ནག་རྩིས།»སྨན་རི་དགོན་པའི་དཔེ་གཟུགས་ཅན།ཤོག་ངོས་5ལས།དང་པོ་ཀེག་ནི་ཤིང་ཁམས་དང༌།།ཇི་མེ་ཀུང་ས་ཤང་ལྕགས་ཁམས།།འུ་ཆུ་རུས་ཆེན་ལྔ་རུ་གྲགས།།དེ་དག་སོ་སོའི་ངོས་འཛིན་ནི།།སྐད་འགག་གྲེ་འདར་ཀེག་ཤིང་ཁམས།།སྒ་རིགས་ཡིན་ཏེ་ལུག་ལ་བླ།།ཞེས་པ་ནས།མཆུ་སྡུད་མཆུ་འཛུམ་འུ་ཆུ་ཁམས།།འགྲུ་རིགས་ཡིན་ཏེ་གཡག་ལ་བླ།།དེ་རྣམས་རུས་ཆེན་སྡེ་ལྔ་ཡིན།།ཞེས་གསལ།
(5) «
ཏི་སེ་དཔེ་ཚོགས།»མི་རིགས་དཔེ་སྐྲུན་ཁང་།དེབ་ཨང་5འབུམ་བཞི་ཤོག་ངོས་18ལས།དུས་བཞིའི་རྩ་ལ་འབྱུང་ལྔ་ཁམས་ལྔ་ཕྱེ།།ནད་མེད་མི་ལ་ངོ་མཚར་རྩ་བདུན་ལྟ།།ཞེས་གསལ།
(6) «
གཟི་བརྗིད།»བོད་ལྗོངས་དཔེ་རྙིང་དཔེ་བསྐྲུན་ཁང༌།དེབ་ཨང་2ཤོག་ངོས་347ལས།དཔྱད་ལ་རྣམ་པ་བཞི་ཡིན་ཏེ།རྒྱུ་རྐྱེན་མཐོང་ལ་དཔྱད་པ།ངོས་འཛིན་རྩ་ལ་དཔྱད་པ།ཕན་གནོད་ཆུ་ལ་དཔྱད་པ།འཆི་སོས་ཁམས་ལ་དཔྱད་པ་ཞེས་གསལ་ཡོད།
(7) «
ཏི་སེ་དཔེ་ཚོགས།»མི་རིགས་དཔེ་སྐྲུན་ཁང་།དེབ་ཨང་5འབུམ་བཞི་ཤོག་ངོས་18ལས།ན་ཚུལ་རྒྱུ་རྐྱེན་འདྲི་བའི་ཁམས་བརྟག་དང༌།།ཁམས་ལ་ལེགས་བརྟག་ཚིག་གི་དྲི་བ་ཡིས།།ཞེས་གསལ་ཡོད།
(8) «
ཏི་སེ་དཔེ་ཚོགས།»མི་རིགས་དཔེ་སྐྲུན་ཁང་།དེབ་ཨང་10ཁམས་སྡུད་ཤོག་ངོས་6ལས།སྟོན་པས་རིན་ཆེན་གླིང་ལ་རྒྱུན་ཁམས་བཤད།།ཁམས་ཆེན་བརྒྱད་ལ་རིན་ཆེན་རྒྱུ་ཡོད་དོ།།ཅིའི་ཕྱིར་ཞེ་ན་སྲིད་ལས་མི་འབྱུང་མེད།།ཅེས་གསལ་ཡོད།
(9) «
ཏི་སེ་དཔེ་ཚོགས།»མི་རིགས་དཔེ་སྐྲུན་ཁང་།དེབ་ཨང་10མངོན་རྟོགས་ལམ་རིམ་ཤོག་ངོས་236ལས།སྲིད་པའི་ཁམས་ཉིད་རྒྱུན་ཁམས་ཉིད།།དེ་ནས་སྣང་བའི་ཁམས་ཉིད་དང༌།།སྟོང་བའི་ཁམས་སུ་སྟོན་པ་དང༌།།སོ་སོར་རིག་པའི་ཁམས་ཉིད་དང༌།།ཀློང་ཆེན་དབྱིངས་ཀྱི་ཁམས་ཉིད་དང༌།།མཉམ་པའི་ཁམས་དང་དེ་རྣམས་བརྒྱད།།ཅེས་བསྟན།
(10) «
ཏི་སེ་དཔེ་ཚོགས།»མི་རིགས་དཔེ་སྐྲུན་ཁང་།དེབ་ཨང་12མཛོད་ཕུག་ཤོག་ངོས་2ལས།རྒྱ་ཆེ་ཁམས་ནི་གསུམ་གྱི་མཛོད་ཅེས།དབང་པོའི་ཁམས།ཤེས་པའི་ཁམས།སེམས་ཅན་གྱི་ཁམས།ཡང་«རྗེ་ཡི་མཛོད་འགྲེལ»ཤོག་ངོས་262ལས།འབྱུང་དབང་པོའི་རྐྱེན་འཛོམ་པས།།སེམས་ཅན་ཁམས་ནི་གསུམ་དུ་གནས།།ཞེས་དང༌།
(11) «
རྗེ་མཛོད་འགྲེལ།»སྨན་རི་དགོན་པའི་དཔེ་གཟུགས་ཅན།ཤོག་ངོས་263ལས།མཚན་མ་གཟུགས་ལ་བརྟེན་པ་ཡི།ཁམས་ནི་བཅུ་བདུན་དག་ཏུ་གསལ་ཞེས་དང༌།ཡང་ཤོག་ངོས་266ལས།གཟུགས་ནི་ཁམས་གསུམ་འཁོར་བ་སྟེ།།གཟུགས་སུ་རུང་བའི་མཚན་ཉིད་འཛིན།།ཡང་།རྣམ་ཤེས་ཁམས་གསུམ་འཁོར་བ་སྟེ།།སོ་སོར་ཡུལ་གཅོད་མཚན་ཉིད་འཛིན།།ཞེས་གསལ།
(12) «
ཏི་སེ་དཔེ་ཚོགས།»མི་རིགས་དཔེ་སྐྲུན་ཁང་།དེབ་ཨང་25ཤོག་ངོས་270ལས།ཞེ་སྡང་ཆེ་ཞིང་གནས་པས་གཟུགས་ཁམས་སུ་སྐྱེ།འདོད་ཆགས་ཤས་ཆེ་བས་འདོད་ཁམས།གཏི་མུག་ལས་གཟུགས་མེད་པའི་ཁམས་སུ་སྐྱེ་ཞེས་གསལ།