སྤྱིར་བཏང་གི་གསར་འགྱུར་ཞིག་ལའང་སྡིག་དམོད་དང་དམའ་འབེབ་ཀྱི་ཞབས་མཆན་མང་པོ་འབྱུང་སྲིད་ལ། རྩོམ་མཁན་མ་ཟད་ཞབས་མཆན་པ་གཞན་དག་ལའང་དེའི་གནོད་འཚེ་ཕོགས་སྲིད། དྲ་ལམ་དུ་འདི་འདྲ་བའི་སྣང་ཚུལ་མང་བོ་བྱུང་བས། ད་ལྟ་ཚང་མས་དེ་འདྲ་དོ་སྣང་མི་བྱེད་པའམ། གཡུག་ཞོགས་སྙམ་པའི་སེམས་ཤིག་སྐྱེ་བཞིན་ཡོད། འོན་ཀྱང་ཟླ་དྲུག་པའི་ཚེས་གཉིས་ཉིན《ཆན་ཅང་དགོང་དྲོའི་ཚགས་པར》སྟེང་བཀོད་པའི་ གསར་འགྱུར་ཞིག་ཏུ། བུ་མོ་ཞིག་གིས་རང་ལ་དྲ་བས་ལམ་ནས་སྡིག་དམོད་ཕོག་པས། མོས་དྲ་བའི་གླེང་སྟེ་གས་དེ་ཁྲིམས་ལ་གཏུགས་པ་རེད། ཁྲིམས་ཁང་གིས་དྲ་བ་ལ་བསྡིག་མཁན་གྱི་གནས་ཚུལ་གསལ་བོ་སྤྲོད་དགོས་པའི་ཐག་བཅད་ཡོད་པ་རེད། དོན་འདི་ལས་ང་ཚོས་ཤེས་ཐུབ་པ་ནི་དྲ་ལམ་གྱི་གཏམ་བརྗོད་ཀྱང་རང་སྣང་གང་ཤར་མ་ཡིན་པར་ཁྲིམས་ཀྱི་ཚད་བཀག་ཡོད་ཅིང་། ཚད་བཀག་དེ་ལས་བརྒལ་བ་ཡིན་ན་དོ་བདག་གིས་འགན་འཁུར་དགོས་པ་མ་ཟད། ཐེ་གཏོག་དྲ་བའང་འགན་ཁུར་ཅི་ཡང་མེད་པ་མིན་པར་ཞོར་གཏོག་གི་འགན་འཁུར་དགོས་པ་རེད།
གསར་འགྱུར་དེ་རུ་ལིན་ལིན་ཞེས་པའི་བུ་མོ་ཞིག་གིས་དྲ་ལམ་དུ་གྲོང་བརྡལ་ག་གེ་མོའི་ དོ་དམ་ཡག་པོ་མེད་པའི་སྐོར་གྱི་རྩོམ་ཞིག་སྤེལ་བར། དྲ་འབུ་བཞི་ཡིས་ཞབས་མཆན་བཀོད་ནས་མོ་ལ་བསྡིགས་པ་རེད། མོས་དྲ་ཚིགས་དེར་དྲ་འབུའི་འབྲེལ་ཡོད་ཆ་འཕྲིན་བསླངས་པར་ལན་མ་བྱུང་བས། ཐབས་ཟད་དེ་དྲ་ཚིགས་དེ་ཁྲིམས་ལ་གཏུག་པ་རེད། ཁྲིམས་ཁང་གིས་བརྟག་དཔྱད་བརྒྱུད། དྲ་འབུ་བཞི་བོས་གཞན་གྱི་ཁེ་དབང་ལ་འཚེ་བའི་ཉེས་པ་བསགས་ཡོད་ཅིང་། བུ་མོ་ལིན་ལིན་གྱིས་དྲ་བ་ལ་མི་དེ་དག་གི་ཆ་འཕྲིན་བསླངས་པ་ཁྲིམས་དང་མཐུན་པས་རྒྱབ་སྐྱོར་བྱ་རྒྱུའི་ཐག་བཅད་ཡོད།
འདི་ལ་ཁྲིམས་ཀྱི་གཞི་འཛིན་ས་ཅི་ཞིག་ཡོད་ཅེ་ན《བརྡ་འཕྲིན་དྲ་བ་བེད་སྤྱད་ནས་མི་ ལུས་ཀྱི་བདག་དབང་ལ་གནོད་པའི་དམངས་དོན་གྱོད་གཞིར་འཚམ་པའི་ཁྲིམས་ལུགས་དང་འབྲེལ་བའི་གནད་དོན་འགའི་ཐག་བཅད》ཅེས་པའི་དོན་ཚན་བཞི་བ་རུ། ཞུ་སྦྱོར་སྔ་མས་དྲ་བའི་ཞབས་ཞུ་སྤྲོད་མཁན་ཁྲིམས་ལ་གཏུག་པའི་ཚེ། དྲ་བའི་ཞབས་ཞུ་སྤྲོད་མཁན་གང་དེས་བདག་དབང་ལ་གནོད་འཚེ་བསྐྱལ་བའི་རྩོམ་དང་ཞབས་མཆན་སོགས་ནི་དྲ་དམངས་ཀྱི་བྱ་སྤྱོད་ཡིན་པར་ཁ་གཡར་ན། མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་སྔ་མའི་རེ་བ་དང་གྱོད་དོན་གྱི་གནས་ཚུལ་ཞིབ་ཕྲ་ལྟར། དྲ་བའི་ཞབས་ཞུ་སྤྲོད་མཁན་ལ་གཞན་གྱི་ཁེ་དབང་ལ་གནོད་འཚེ་བཟོས་པའི་དྲ་བའི་བེད་སྤྱོད་པ་ཚོའི་མིང་དང་འབྲེལ་གཏུག་བྱ་ཐབས། དྲ་བའི་ས་གནས་སོགས་མི་དམངས་ཁྲིམས་ཁང་ལ་སྤྲོད་དགོས་པའི་བཀའ་དབབ་ཆོག དྲ་བའི་ཞབས་ཞུ་སྤྲོད་མཁན་ལ་གནས་ལུགས་དོན་མཐུན་མེད་པར་གོང་གསལ་གནས་ཚུལ་མི་ སྤྲོད་པ་བྱུང་ན་མི་དམངས་ཁྲིམས་ཁང་གིས་དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་ དོན་ཚན་བརྒྱ་དང་བཅུ་བཞིའི་ནང་འཁོད་ཀྱི་ཐག་བཅད་ལྟར་དྲ་བའི་ཞབས་ཞུ་སྤྲོད་མཁན་ལ་ཆད་པ་སོགས་གཅད་ཆོག ཞུ་སྦྱོར་ཕྱི་མས་དྲ་བའི་ཞབས་ཞུ་སྤྲོད་མཁན་གྱིས་སྤྲད་པའི་གནས་ཚུལ་གཞིར་བཟུང་ནས་དྲ་འབུ་དེ་ཞུ་སྦྱོར་ཕྱི་བར་འཁོད་པའི་རེ་བ་ཞུས་ན། ཁྲིམས་ཁང་གིས་དེ་ལ་ཆོག་མཆན་སྤྲོད་དགོས་པ་ཡིན།
འདི་དང་ཆ་འདྲ་བའི་གྱོད་དོན་མང་པོ་ཡོད་ཅིང་། ༢༠༠༨ལོའི་ཟླ༩བར《ཀྲུང་གོའི་གཞོན་ནུའི་ཚགས་པར》དུ་བཀོད་པའི་གནས་ཚུལ་ཞིག་ལྟར་ན། ཝང་ཡོན་ཅན་ཞུ་བའི་དྲ་གྲོགས་ཤིག་གིས་དྲ་ལམ་དུ་ལྟ་ཚུལ་སྤེལ་བར་དམའ་འབེབ་དང་སྒྲོ་སྐུར་ཕོག་པ་མ་ཟད། གཏམ་བརྗོད་སྤེལ་མཁན་སུ་ཡིན་རྩད་མ་ཆོད་པས། མཐར་དྲ་ཚིགས་ཁྲིམས་ལ་སྦྱར་བ་རེད། ཕྱིས་སུ་དྲ་ཚིགས་དེས་དངོས་སུ་དགོངས་དག་ཞུས་པ་མ་ཟད། བསམ་བློའི་གུན་གསབ་ལ་སྒོར་སྟོང་གཉིས་སྤྲོད་དགོས་བྱུང་ཡོད་པ་རེད། འདི་ལྟ་བུའི་ཁྲིམས་ལ་སྦྱར་ཞིང་བདེན་མཐའ་གསལ་བའི་དོན་རེ་གཉིས་ཡོད་མོད། དྲ་དམངས་མང་ཕྱོགས་ཀྱིས་དྲ་ལམ་ནས་རང་གི་ཁེ་དབང་ལ་གནོད་འཚེ་ཕོག་ནའང་། ཞུ་གཏུག་གི་འགྲོ་སོང་དང་དུས་ཚོད་སོགས་ཀྱི་ཟད་གྲོན་ཆེ་བ་སོགས་རྒྱུ་མཚན་དུ་བྱས་ནས་བཟོད་བསྲན་བྱས་ཡོད་པ་རེད།
དྲ་ལམ་ནས་སྨྲ་བརྗོད་ཀྱི་ཁེ་དབང་གནོད་འཚེ་བཟོ་བ་སྤྱིར་རིགས་འགའ་ཞིག་ཏུ་བསྡུ་ཆོག་སྟེ། དོན་མེད་དུ་འུར་སློང་བའམ་སྐད་ཆ་མི་གཙང་བ་གང་འདོད་དུ་སྨྲ་བ། གཞན་གྱིས་མངགས་བཅོལ་ལྟར་རྩོད་གཞི་སོགས་ཀྱི་དོ་ཟླ་ལ་འཁོན་ལན་བསློག་པ། རང་གི་དམིགས་ཡུལ་འགྲུབ་ཆེད་སྒྲོ་སྐུར་གྱི་གཏམ་སྤུར་ནས་སྨྲ་བརྗོད་ཀྱི་ཟིང་ཆ་སློང་བ། ད་དུང་ཆེད་ལས་སུ་བྱས་པའི་དྲ་བའི་བཀོལ་དམག་གིས་ཆེད་དུ་འཁྱོག་བརྗོད་དང་ནག་པོ་བཟོ་བ་སོགས་ཡོད། འགན་འཁུར་རྩད་གཅོད་མཁན་མེད་པ་ནི་འདི་ལྟར་གང་འདོད་དུ་ཚིག་རྩུབ་དང་སྒྲོ་སྐུར་ཆེས་ཆེར་འཕེལ་བའི་རྒྱུ་མཚན་ཆེ་ཤོས་རེད།
དྲ་བའི་ཁོར་ཡུག་གཙང་བ་མ་བཟོ་བ་དང་། སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབས་བྱ་བ་ལ་ཁྲིམས་ལག་བསྟར་མཁན་དང་ཁྲིམས་འཛིན་མཁན་གྱི་སྡེ་ཁག་གིས་ཁྲིམས་གི་འགན་འཁྲི་བསྒྲུབས་ནས་དོ་བདག་གི་ཞུ་གཏུག་མ་རྩ་ཆུང་དུ་གཏོང་དགོས་པ་དང་། དོ་བདག་རང་ཡང་སྙིང་སྟོབས་ཆེན་པོས་ཁེ་དབང་སྲུང་སྐྱོབ་ལ་ཞུགས་དགོས་པ་དང་། དམངས་དོན་གཏུག་བཤེར་སོགས་བརྒྱུད་ནས་མི་ལུས་དང་རྒྱུ་ནོར་གྱི་དབང་ཆ་སྲུང་ སྐྱོབ་བྱ་དགོས་ལ། དམའ་འབེབ་དང་སྒྲོ་སྐུར་སོགས་ཉེས་དོན་ཁྲིམས་འགལ་གྱི་ཉེས་པ་བསགས་ཚབས་རིགས་ལ་ཉེས་དོན་གཏུག་བཤེར་བྱ་དགོས་པ་རེད། གྱོད་གཞི་འདྲ་མཚུངས་མང་པོ་བྱུང་ན་སྤྱི་དམངས་ཀྱི་ཁེ་དབང་སྲུང་བའི་འདུ་ཤེས་རང་ཤུགས་ཀྱིས་ཇེ་མཐོར་འགྲོ་བ་དང་། གང་འདོད་དུ་གཤེ་ཞིང་གཞན་ལ་དམའ་འབེབ་བྱ་རིགས་ཀྱང་ཟིལ་གྱིས་གནོན་ཐུབ།
དྲ་བའི་ཞབས་ཞུ་སྤྲོད་མཁན་ལ་ཆ་མཚོན་ན་དེ་ནི་སྟེགས་བུ་ཞིག་ཡིན་པས་དྲ་དམངས་ཀྱི་རྩོམ་ཡིག་ཀུན་ལ་འགན་འཁུར་བ་ནི་མི་སྲིད་པ་ཞིག་ཡིན་མོད། གལ་སྲིད་ཁེ་དབང་ལ་གནོད་པའི་དོན་རྐྱེན་བྱུང་ཚེ་དུས་ལས་མ་ཡོལ་བར་ཐག་གཅོད་མ་ཐུབ་པའམ་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་མ་ཐུབ་ན་དེ་འབྲེལ་གྱི་འགན་འཁུར་དགོས། དེའི་ཕྱིར་དྲ་ཚུགས་དང་སྟེགས་བུ་སོགས་ཀྱིས་ངེས་པར་དུ་ཞུ་གཏུག་གི་བརྒྱུད་ལམ་ལེགས་པོ་བཟོ་དགོས་པ་དང་། དོ་བདག་གིས་ཁེ་དབང་སྲུང་སྐྱོབ་བྱ་བར་སྟབས་བདེ་སྐྲུན་དགོས། འདི་ནི་དྲ་བར་ཞུགས་མཁན་ཚོར་འགན་འཁུར་བ་ཙམ་མིན་པར། དྲ་ཚིགས་རང་ལ་སྲུང་སྐྱོབས་བྱེད་པའང་ཡིན། གལ་ཏེ་དེ་ལྟར་མ་བྱས་པར་ཁེ་དབང་ལ་གནོད་འཚེ་བཟོ་མཁན་གྱི་ལག་རོགས་སུ་གྱུར་ཚེ། དྲ་ཚིགས་དང་སྟེགས་བུའི་རྒྱང་རིང་གི་མདུན་ལམ་ལའང་གནོད་པ་བཟོ་སྲིད་དོ།།(རྩོམ་འགན་པ། རྟ་མགྲིན)