བོད་ལྗོངས་ཡིག་ཚགས་ཁང་དུ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལ་ཉམས་ཞིབ་གནང་བཞིན་པ།
ཁྲལ་བསྡུ་བ་དང་ཁྲིམས་གནོན་པ་ནི་ཡུལ་དུས་ཀྱི་བཀག་རྒྱ་མེད་པར་གཞུང་ག་འདྲ་ཞིག་ཡིན་ན་དེའི་བྱེད་ལས་གཙོ་བོ་གཉིས་སུ་ཆགས་ཡོད་དེ་། རང་རེའི་བོད་ལ་ཆ་མཚོན་ན། དུས་རབས་བདུན་པའི་དུས་འགོར་བཙན་པོ་སྲོང་བཙན་སྒམ་པོས་གཅིག་གྱུར་གྱི་གཞུང་རང་མཚན་དང་ལྡན་པ་ཐོག་མར་བཙུགས་ཤིང་། བཙན་པོས་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་བཀའ་ཁྲིམས་མཛད་ཅིང་། རྒྱལ་ཁྲིམས་ཆེན་པོའི་རྨང་བཏིང་། རྗེས་སོར་བཙན་པོ་རིམ་བྱོན་སྐབས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་འཕེལ་རིམ་ཁྲོད་དུ་སྲིད་འཛིན་གྱི་སྒྲིག་གཞི་ཚགས་ཇེ་དམ་དུ་ཕྱིན་པ་དང་བསྟུན་ནས། ཁྲིམས་ལུགས་ཀྱི་བགྱི་བ་ལྷུར་ལེན་བགྱིས་ཐོག ཁྲིམས་འདོམས་ཀྱི་ལུགས་སྲོལ་རྒྱ་ཆེར་དར་ཞིང་། གཞུང་གི་སྒྲིག་གཞི་དང་ཕྱི་ནང་གི་ལས་ཚན་ཁག་ཚགས་ཚུད་པར་ཕྱིན་ཏེ་འགན་འཁྲིའི་བགྱི་བ་ངེས་གཏན་ཆགས་པའི་དུས་མཚུངས་སུ། གཞུང་གིས་བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་ལ་སོགས་པ་གཏན་འབེབས་བྱས་ཏེ་ལག་ལེན་གྱི་ཁྲོད་དུ་བདེ་སྤྱོད་ཐུབ་པ་བྱུང་བ་མ་ཟད། དངོས་སུ་ཡིག་ངོར་ཕབ་སྟེ་རྡོ་རིང་དང་། རྡོ་བརྐོས། བྲག་བརྐོས། ཤོག་དྲིལ་བཅས་ཀྱི་སྟེང་དུ་གསལ་པོར་གཏན་ཕབ་མཛད་དེ་ཕྱི་ནང་ཀུན་ལ་བསྒྲགས། བཙན་པོའི་རྒྱལ་རབས་སྐབས་ཀྱི་གཞུང་ཡིག་གལ་ཆེན་དུ་གྱུར་ཡོད་པ་དེ་དག་ལས་གྲངས་འབོར་ངེས་ཅན་ཞིག་གི་མ་ཕྱི་ངོ་མ་དུས་དེང་སང་གི་བར་དུ་མཇལ་ཐུབ་ལ། ང་ཚོས་བཙན་པའི་རྒྱལ་རབས་སྐབས་ཀྱི་སྲིད་འཛིན་སྒྲིག་གཞི་དང་། ཆབ་སྲིད་དབང་ཐང་། མངའ་མཛད་དོ་དམ། ལྷག་པར་དུ་དེའི་སྐབས་ཀྱི་སྲིད་ཁྲིམས་ལ་ཤེས་རྟོགས་དང་ཉམས་ཞིབ་བྱེད་པར་མེད་དུ་མི་རུང་བའི་ལོ་རྒྱུས་ཡིག་ཆ་ཁུངས་བཙུན་ཤོས་སུ་ཆགས་ཡོད།
ད་ལྟའི་ཆར་ཡོད་པའི་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་སྲོལ་ཡིག་ཚགས་གཙོ་བོ་ནི་རིགས་གསུམ་སྟེ། རིགས་དང་པོ་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་ཁྲི་ལྡེ་སྲོང་བཙན་སྐུ་རིང་ལ་བཙུགས་པའི་རྡོ་རིང་ཁག་ཅིག་དང་། རྡོ་བརྐོས། བྲག་བརྐོས་ཡི་གེ་ལས་ཐོན་པའི་ཁྲིམས་སྲོལ་ཏེ། བཙན་པོས་དམ་པའི་ཆོས་མི་བསྣུབས་པ། ཡུན་དུ་གནས་པ། བརྟན་པར་གནས་པར་བརྣན་པའི་དཀའ་གཙིགས་དང་། བཙན་པོས་བློན་སྟག་སྒྲ་ཀླུ་ཁོང་དང་། བན་དེ་མྱང་ཏིང་ངེ་འཛིན། རྐོང་ཀར་པོ་མང་པོ་རྗེ། ལྡེའུ་ཅུང་སོགས་བྱས་ཅན་གཟེངས་སུ་བསྟོད་པ་དང་ཞལ་གྱིས་བཞེས་པའི་གཙིགས་ཀྱི་ཡི་གེ་སོགས་འདུས། དེ་དག་ནི་ད་ལྟའི་ལྷ་ས་དང་། སྣེའུ་རྭ་མ་སྒང་། དབུ་སྟོད། དེ་མོ་གཡུང་དྲུང་འཛིན། ལྷོ་བྲག་ལྡེའུ་ཅུང། ལྷོག་བྲག་སྨན་ཐང་སོགས་ས་ཆའི་རྡོ་རིང་དང་རྡོ་བྲག་ཏུ་གསལ་པོར་བཀོད་པ་དང་། དུས་རབས་བརྒྱད་པའི་མཇུག་ནས་དགུ་པའི་སྟོད་ཆར་ཆེད་དུ་རྡོ་རིང་དང་། རྡོ། བྲག་ལ་བརྐོས་པ་ཤ་སྟག་ཡིན། རིགས་གཉིས་པ་ནི་ཏུན་ཧོང་གཏེར་ཡིག་ལས་ཐོན་པའི་འབྲེལ་ཡོད་ཁྲིམས་སྲོལ་ཤོག་དྲིལ་ཏེ། རི་དྭགས་ལ་མདས་རྒྱག་པའི་ཁྲིམས་ཡིག﹙ཡིག་ཨང་P.T.1071﹚ཁྱི་རྦོད་ནས་མི་བསད་པའི་ཁྲིམས་ཡིག﹙ཡིག་ཨང་P.T.1073﹚རྐུན་པོས་བརྐུས་པའི་རྐུན་ཆད་ཀྱི་ཁྲིམས་ཡིག ﹙ཡིག་ཨང་ P.T.1075﹚འབྲུག་ལོར་ཕོ་བྲང་ལྡན་ཀར་ནས་ཤ་ཅུའི་རྩེ་རྗེ་ལ་བསྩལ་པའི་མཆིད།﹙ཡིག་ཨང་p.T.1085﹚ཕག་ལོར་བློན་ཆེན་པོས་འདུན་ཙ་ལོང་ཅུ་ནས་རྒྱ་སྡེ་གཉིས་ཀྱི་དཔོན་སྣས་གསོལ་བར་ཕྱག་རྒྱ་འཆང་དུ་བསྩལ་བ།﹙ཡིག་ཨང་P.T.1083﹚སྟོང་སར་གྱི་ཤོག་མཁན་གྱིས་བློན་རྒྱལ་གཟིགས་ལ་ཤོག་ཁྲལ་ཆད་པའི་དཔང་ཡིག﹙ཡིག་ཨང་P.T1078﹚བྲན་མོའི་གྱོད་དོན་གྱི་གཏུག་ཡིག ﹙ཡིག་ཨང་P.T.1297﹚སྟོང་སར་གྱི་སྡེའི་ཚལ་ཞིང་ལ་རྩོད་པ་བྱུང་བར་ཕྱིན་ཆད་ཞིང་ཡིག་བཞིན་རྩོད་མེད་ཡོང་བར་བྲོ་བསྐྱལ་བའི་ཆོད་ཡིག﹙ཡིག་ཨང་P.T.1078bis﹚བྱི་བའི་ལོར་ཞང་ཤེས་ཀྱིས་ཁྲོམ་ཆེན་པོའི་འདུན་ས་ནས་བྲན་བུ་ལི་གཡང་དཔལ་གྱི་རྩོད་རྙོག་སྐོར་ལ་ཕོག་པའི་བཀའ་རྟགས་ཀྱི་ཕྱག་རྒྱ།﹙ཡིག་ཨང་P.T.1081﹚ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ་﹙ཡིག་ཨང་P.T.1283﹚བྱི་བ་ལོའི་དགུན་ཟླ་འབྲིང་བར་ལྷོ་མྱི་ལ་གླང་མཇལ་བའི་དཔང་རྒྱ﹙ཡིག་ཨང་P.T.1094﹚ལ་སོགས་པའི་གཡར་ལེན་གྱི་གན་རྒྱ་དང་། ཉོ་ཚོང་གི་གན་རྒྱ་སོགས་ཡིན་ཏེ། དུས་རབས་བརྒྱད་པ་དང་དགུ་བའི་སྐབས་སུ་ཏུན་ཧོང་ནས་ཐོན་པའི་ཤོག་བུའི་སྟེང་དུ་བྲིས་པའི་ཤོག་དྲིལ་ཤ་དག་ཡིན། རིགས་གསུམ་པ་ནི་བཙན་པོའི་གཞུང་ངམ་ཁྲོམ་ཆེན་པོ་ནས་གཏན་འབེབས་གནང་བའི་དམག་ཁྲིམས་སྐོར་གྱི་གཞུང་ཡིག་སྟེ། 2015ལོ་ནས་དངོས་སུ་ཕྱིར་བཀྲམས་པའི་འདུལ་བ་ལུང་སྡེ་བཞིའི་གཞུང་རྒྱ་ནག་གི་ཡི་གེར་བྲིས་པའི་ཤོག་དྲིལ་ཞིག་གི་རྒྱབ་ངོས་སུ་བྲིས་པའི་བོད་ཡིག་གི་དམག་ཁྲིམས་བཤུས་མ་སྟེ། ཁྱོན་ཡིག་ཕྲེང་507དང་དུམ་བུ་69ཅན་ཤོག་དྲིལ་ཤ་སྟག་ཏུ་གྲུབ་པའི་བཙན་པོའི་རྒྱལ་རབས་སྐབས་ཀྱི་དུས་རབས་བཅུ་གཅིག་པའི་སྐབས་སུ། བཙན་པོ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་བཀའ་གཙིགས་ཀྱི་ཡི་གེ་ཁག་སྟེ། དཔེར་ན་ཡབ་སྲས་གསུམ་གྱི་མཛད་ཚུལ་གྱི་དྲིལ་དང་། ཆོས་འཁོར་བསྟན་པར་བཟུང་བའི་ཁྲིམས། ཡེ་ཤེས་འོད་ཀྱི་འབངས་ཁྱིམ་པ་དང་ངན་སྐྱའི་ཚོགས་ལ་བྲོ་འཚལ་བའི་མདོ་ལྟ་བུའོ།། བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་སྲོལ་སྐོར་གྱི་ལོ་རྒྱུས་ཡིག་ཚགས་དེ་དག་ནི་གཞུང་ཡིག་གི་རིགས་ཀྱི་ཆ་ནས་བཤད་ན། གཙོ་བོ་གཞུང་གིས་གཏན་ལ་ཕབ་པའི་ཁྲིམས་དང་། བཙན་པོའི་ཕོ་བྲང་དང་ཁྲོམ་ཆེན་པོ་ནས་བསྩལ་ཞིང་ཕྱག་རྒྱར་བཏབ་པའི་མཆིད། དཔང་རྒྱ།གཏུག་ཡིག ཆོད་ཡིག གན་རྒྱ། བསླབ་བྱའི་ཚུལ་དུ་བཀོད་པའི་ཆོས་ཁྲིམས། བཀའ་གཙིགས་ཀྱི་ཡི་གེ དམག་ཁྲིམས་སོགས་རེད། གོང་དུ་བཀོད་པའི་ཏུན་ཧོང་གཏེར་ཡིག་ཁྲོད་ཀྱི་ཁྲིམས་སྲོལ་ཡིག་ཆ་དག་ནི་ད་ལྟ་ཧྥ་རན་སིའི་རྒྱལ་ཁབ་ཀྱི་དཔེ་མཛོད་ཁང་དང་དབྱིན་ཇིའི་རྒྱལ་ཁྱབ་ཀྱི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་ལ། དབྱིན་ཇིའི་ཏུན་ཧོང་གཏེར་ཡིག་གི་ཆེད་མཁས་པ་སྦི་རན་ཏུན་རྡོ་ཐི་སུན་སོགས་ཀྱིས་གཉེར་བའི་རྒྱལ་སྦྱིའི་ཏུན་ཧོང་ལས་གཞིའི་དྲྭ་ཚིགས་ངོས་ནས་མ་ཕྱིའི་གློག་པར་གསལ་པོ་བལྟ་ཐུབ་པ་ལ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རྒྱལ་ཕྱིའི་མི་རིགས་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་ཏེ། ཧྲང་ཧེའི་དཔེ་རྙིང་དཔེ་སྐྲུན་ཁང་གིས་རིམ་པར་པར་དུ་བཏང་ཡོད། ལོ་རྒྱུས་ཀྱི་རྡོ་རིང་གི་ཡི་གེ་དག་ནི་སྐར་ཆུང་གཙུག་ལག་ཁང་གི་རྡོ་རིང་ལ་སོགས་པའི་ཆག་གྲུམ་དུ་ཤོར་བ་ཁག་ཅིག་ཕུད། དེ་མིན་གྱི་རྡོ་རིང་མང་པོ་ཞིག་ནི་ད་ལྟ་དངོས་སུ་མཇལ་རྒྱུ་ཡོད། གཞན་ད་ལྟ་ཉར་ཚགས་བྱས་ཡོད་པའི་སྤྱི་ཁྱབ་བཀའ་ཤག་སྡེ་ཁག་གི་གཞུང་ཡིག་གི་ཁྲོད་དུ་ཇོ་བོ་དབུ་སྐྲུའི་རྡོ་རིང་དང་། ཞོལ་རྡོ་རིང་ཕྱི་མ། ཞོལ་ཁང་སེར་ཤར་གྱི་རྡོ་རིང་། ཞོལ་ཁང་སེར་ནུབ་ཀྱི་རྡོ་རིང་། ལྷ་འབྲུམ་གྱི་རྡོ་རིང་ལ་སོགས་པའི་ཞལ་བཤུས་ཡོད་པ་དང་། ཞལ་བཤུས་ཀྱི་ལོ་ཚིགས་མི་གསལ་དེ་མིན་ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུའི﹙1698ནས་1755བར་འཚོ་བཞུགས་མཛད﹚ཕྱག་དཔེའི་ཁྲོད་དུ1422ལོར་ཐོག་མར་ཞལ་བཤུས་མཛད་པའི་བཤུས་མ་ཁག་ཅིག་བཞུགས། དུས་རབས་གོང་མའི་དཀྱིལ་ཙམ་དུ་དབྱིན་ཇི་བ་རོས་ཅར་སུན་གྱིས་སྐར་ཆུང་གཙུག་ལག་ཁང་གི་རྡོ་རིང་། ཞྭའི་ལྷ་ཁང་གི་རྡོ་རིང་སོགས་རྡོ་རིང་དགུ་ཙམ་ངོ་བསྐྱོད་ཀྱིས་ཞལ་བཤུས་བགྱིས་ཤིང་། དབྱིན་ཇིའི་ཡི་གེར་བསྒྱུར་ཏེ་ཞིབ་འཇུག་གང་འཚམ་གནང་ཡོད། 2014ལོར་བོད་ལྗོངས་རིག་དངོས་ཅུས་ཀྱི་གནའ་དཔྱད་དང་རིག་དངོས་ཞིབ་འཇུག་པ་ཤར་རྒན་དབང་འདུས་ལགས་ཀྱིས་དབུས་གཙང་ཀོང་གསུམ་དུ་གནས་པའི་བཙན་པོའི་སྐབས་ཀྱི་རྡོ་རིང་ངོ་གྲངས་22བཀབ་བཤུས་བྱས་པ་སོགས་ནི་ཐུགས་གཞིགས་ཡོད་པ་ཀུན་ལ་ཕན་དུ་གདའ། དེ་དག་ཏུ་ཁྲིམས་སྲོལ་དང་འབྲེལ་བ་ཡོད་མེད་གཉིས་ཀ་ཡོད་པའང་ཀུན་ལ་གསལ་བཤད་དང་བཅས་ཞར་དུ་གླེང་བ་ཤེས་པར་གྱིས། དམག་ཁྲིམས་སྐོར་གྱི་ཤོག་དྲིལ་དེ་ནི་བོད་ལྗོངས་དཔལ་བརྩེགས་དཔེ་རྙིང་ཞིབ་འཇུག་ཁང་གི་ཀརྨ་བདེ་ལེགས་བརྒྱུད་རྒན་པ་ཚབ་པ་སངས་དབང་འདུས་དང་སྐ་བ་ཤེས་རབ་བཟང་པོ་ལགས་གཉིས་ཀྱིས་སྔ་གཞུག་ཏུ་རྒྱ་ཡིག་གི་ཀྲུང་གོའི་བོད་རིག་པའི་དུས་དེབ་2014ལོའི་འདོན་ཐེངས་གསུམ་པ། 2015ལོའི་འདོན་ཐེངས་འཕར་མ་SOརྟགས་ཅན། བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་གི་རིག་གཞུང་དུས་དེབ2015ལོའི་འདོན་ཐེངས་4པར་བཀོད་པའི་ཤོག་དྲིལ་གྱི་མ་ཕྱིའི་གློག་པར་ལ་གཞི་བཅོལ་ཏེ་ཞལ་བཤུས་བྱས་པ་ཡིན། དེ་མིན་གྱི་ཡིག་ཆ་དག་ནི་ཆོས་འབྱུང་དང་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་ཕྱི་ར་106བཀོད་པའི་ལྷ་བླ་མ་ཡེས་འོད་ཀྱི་རྣཾས་ཐར་རྒྱས་པ་བཞུགསྷོ་ཞེས་པ་སོགས་འབྲེལ་ཡོད་ཀྱི་དེབ་ཐེར་དང་རྣམ་ཐར་དུ་དྲངས་ཡོད་པའོ། །
དུས་རབས་བཅུ་གསུམ་པར་ས་སྐྱ་པའི་སྲིད་དབང་བྱུང་པ་ནས་བཟུང་སོག་པོའི་རྒྱལ་པོའི་བཀའ་ཤོག་དང་། ཏི་ཤྲིའི་བཀའ་ཤོག སྣེ་གདོང་གོང་མའི་བཀའ་ཤོག་མན་ཇིའི་གོང་མའི་བཀའ་ཤོག གཞུང་ས་དགའ་ལྡན་ཕོ་བྲང་གི་དུས་འགོ་ནས་དུས་མཇུག་ཏུ་བྱུང་བའི་བཀའ་གཏན། རྩ་འཛིན་གྱི་དོན་ཚན། དཔྱད་མཚམས་ཁྲ་མ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་རྒྱལ་ཚབ། སྲིད་སྐྱོང་གིས་བསྩལ་བའི་རྩ་ཚིག་ཁག ལུགས་གཉིས་ཀྱི་གོང་མ་ཁྲིམས་བདག་རིན་པོ་ཆེའི་ཞབས་དྲུང་དུ་ཞེས་ཡི་གེའི་མགོར་གསལ་པའི་གན་རྒྱ་ལ་སོགས་པ་ནི་ཁྲིམས་སྲོལ་གྱི་ལོ་རྒྱུས་ཡིག་ཚགས་སུ་གྲུབ་པའི་གཞུང་ཡིག་ཤ་སྟག་ཡིན། དེ་དག་ནི་གོས་ཆེན་དང་སྐྱེམས་ཤོག སྙེ་ཤོག་ལ་སོགས་པའི་བོད་ཤོག་སྤུས་དག་སྟེང་འབྲུ་ཚ་དང་། ཚུགས་མ་འཁྱུག འཁྱུག་བྲིས་སོགས་གཞུང་བྲིས་འཁྲུལ་མེད་དུ་བྲིས་ཡོད། བཀའ་ཤོག་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་རྒྱལ་པོ་དང་། གོང་མས་ཆེད་དུ་བསྩལ་བའི་གཞུང་ཡིག་གི་རིགས་ཤིག་ཡིན་ལ། དུས་རབས་རིམ་བྱུང་གི་སྐབས་སུ་གཙོ་ཆེར་ཧོར་ཡིག་གསར་མ་དང་། བོད་ཡིག མན་སོག་བོད་ཡིག་ཤན་སྦྱར་དུ་བཀོད་ཡོད་པའི་རིགས་སོགས་འདུས་ལ། ལྷག་པར་དུ་མན་ཆིང་སྲིད་གཞུང་གི་སྐབས་སུ་སེར་ཤོག་ཆེན་པོའི་སྟེང་དུ་གསེར་ཡིག་ཏུ་བྲིས་ཡོད། བཀའ་གཏན་ནི་དུས་ཐོག་རིམ་པར་གཞུང་གང་ཞིག་གི་སྲིད་འཛིན་འགོ་འདོམས་ཀྱིས་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཆེས་ཆེར་བསྒྲེངས་མཁན་གྱི་བླ་མ་དང་། མཁན་པོ། གཞུང་དོན་དུ་ཐོད་པ་འབོགས་ནུས་པའི་སྒེར་པ་མི་དྲག་སོགས་བྱས་ཅན་མི་སྣ། ཆོས་སྡེ་འགངས་ཅན་གྱི་འཛིན་དབང་བདག་ཐོབ་དང་སྒྲུབ་ཆག་འཇགས་གསུམ་གྱི་སྐོར་ལ་ཆེད་དུ་བསྩལ་བའི་གཞུང་ཡིག་གལ་ཆེན་རིགས་ཤིག་ཡིན། དེ་ནི་གཙོ་བོ་གོས་ཆེན་དང་བོད་ཤོག་སྤུས་དག ཡང་ན་བོད་ཤོག་སྤུས་དག་སྨན་ཙེའམ་འགོ་རས་རྒྱབ་ལྡན་གྱི་སྟེང་དུ་གཞུང་བྲིས་འཁྲུལ་མེད་དུ་བཀོད་ཡོད། བཀའ་ཤོག་དང་བཀའ་གཏན་ཞེས་པར་བྱེ་བྲག་གི་ཁྱད་པར་ཆེན་པོ་མེད་པ་མ་ཟད། དོན་གཅིག་མིང་གི་རྣམ་གྲངས་སུ་བཀའ་ཤོག བཀའ་གཏན། གཏན་ཚིག ཤེ་བམ་སོགས་ཡོད། དཔྱད་མཚམས་ཁྲ་མ་ནི་ཁྲིམས་སར་བཀོད་ཁྱབ་ཀྱིས་འཁྲུན་ཆོད་དུ་སོང་བའི་གཞུང་ཡིག་རིགས་ཤིན་ཡིན། དེ་བཞིན་དུ་རྩ་ཚིག་ཅེས་པ་ནི་གཞུང་གང་ཞིག་གི་སྲིད་འཛིན་འགོ་འདོམས་ཀྱིས་གཞུང་གི་བབས་འབྲེལ་ལས་དོན་གྱི་བྱེད་སྒོ་སོགས་ལ་གཏན་འཁེལ་གནང་བའི་གཞུང་ཡིག་གལ་ཆེན་རིགས་ཤིག་ཡིན་པ་དང་། དེ་ལ་སྦྱིར་བཏང་དང་དམིགས་བསལ་གྱི་རྩ་ཚིག་སོགས་ཡོད་ལ། ཡིག་ཚང་གིས་རི་རྒྱ་ཀླུང་རྒྱ་བསྡམས་པར་སྩལ་བའི་རི་ཀླུང་རྩ་ཚིག རྫོང་སྡོད་སོགས་ཀྱི་ལག་འཁྱེར་རྩ་ཚིག་ལྟ་བུ་ཡོད། ཡིན་ནའང་ཁྲིམས་སྲོལ་དང་འབྲེལ་བའི་གཞུང་ཡིག་གི་རིགས་ཁག་མཐའ་གཅིག་ཏུ་དེ་འདྲ་ཡིན་དགོས་པའི་ངེས་པ་མེད་པ་ཀུན་ལ་གོ་ཤེས་སུ་གསལ་འདེབས་དང་། དེ་མིན་ཁྲིམས་སྲོལ་དང་འབྲེལ་བའི་གཞུང་ཡིག་ནི་བཅའ་ཡིག་དང་། གན་རྒྱ་ལ་སོགས་པ་མང་།
ལྷག་པར་དུ། ཕག་མོ་གྲུ་པའི་སྡེ་སྲིད་མི་རབས་དང་པོ་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་དུས་སྐབས﹙1349ལོ་ནས1364ལོའི་བར་དུ་སྲིད་དབང་བཟུང﹚སུ་གཏན་འབེབས་གནང་བའི་ཞལ་ལྕེ་བཅོ་ལྔ་དང་། གཙང་པ་སྡེ་སྲིད་ཀརྨ་བསྟན་སྐྱོང་དབང་པོའི་དུས་སྐབས﹙1620ལོ་ནས1642ལོའི་བར་དུ་སྡེ་སྲིད་མཛད﹚སུ་གཏན་འབེབས་གནང་བའི་ཞལ་ལྕེ་བཅུ་དྲུག ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་དུས་སྐབས་སུ﹙ཞལ་ལྕེ་འདི་ནི་ཕལ་ཆེར1653ལོ་ནས1655ལོའི་ནང་དུ་མཛད﹚གཏན་འབེབས་གནང་པའི་ཞལ་ལྕེ་བཅུ་གསུམ། དགའ་ལྡན་ཕོ་བྲང་པ་ཆེན་པོའི་ཞབས་འབྲིང་པ་ཀུན་གྱི་མཐོང་རྒྱུད་ཕྱག་བཞེས་མེད་དུ་མི་རུང་བའི་ཁྲིམས་ཡིག་སྟེ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་བྱའི་ལོར﹙1681﹚ལྷ་སའི་གཙུག་ལག་ཁང་དུ་གནས་པའི་ཁྲིམས་ཁང་དུ་བརྩམས་གྲུབ་མཛད་པའི་གསུང་བླང་དོར་གསལ་བར་སྟོན་པའི་དྲང་ཐིག་དྭངས་ཤེལ་མེ་ལོང་ཉེར་གཅིག་པ་བཅས་ནི་དུས་སྐབས་སོ་སོར་གཞུང་རང་གིས་དངོས་སུ་གཏན་འབེབས་མཛད་པའི་ཁྲིམས་སྲོལ་གྱི་གཞུང་ཡིག་གལ་ཆེན་ཤ་སྟག་ཡིན། ད་དུང་འབྲས་ལྗོངས་བསྟན་སྲུང་རྣམ་རྒྱལ་གྱིས་སྡེ་སྲིད་སངས་རྒྱས་རྒྱ་མཚོར་ཁྲིམས་སྐོར་དོགས་སེལ་ཞུས་པའི་དྲི་བ་དྲིས་ལན། དེ་མིན་ཁྲིམས་བསྡམས་པའི་དཔེར་བརྗོད་ཁག་ཅིག་དང་གའུ་ལེར་ཕན་རིགས་སྣ་ཚོགས་ཕན་སླད་དུ་བཀོད་དེ་ཕྱོགས་སྒྲག་གིས་གཞུང་ཡིག་ཏུ་གྲུབ་པ་ཁག་ནི་ཞལ་ལྕེ་ཁག་གོ་བ་ལོན་པར་གོ་གསེད་དང་དངོས་སུ་ལག་ལེན་ཐོག་ཁྲིམས་ཇི་ལྟར་བསྡམས་པའི་ནག་པོ་འགྲོ་ཤེས་ཀྱི་དཔེར་མཚོན་ཡིན། ཞལ་ལྕེ་ལ་སོགས་པའི་ཁྲིམས་སྲོལ་སྐོར་གྱི་ལོ་རྒྱུས་ཡིག་ཚགས་འདི་དག་ལ་བྲིས་མ་དང་ཤིང་པར་ཅི་རིགས་མཆིས་ཏེ། གཞུང་ཡིག་དེ་དག་ཕན་ཚུན་བསྡུར་དཔྱོད་སྒོས། ཡིག་ཆའི་ཁུངས་དང་། བརྗོད་དོན། ཚིག་སྦྱོར་གྱི་བབ། བརྡ་དག་གི་འགྲོས་སོགས་ལ་ཉམས་ཞིབ་བྱས་ཚེ། ཡིག་ཆའི་ཁུངས་བཙུན་མིན་དང་དུས་སྐབས་སོ་སོའི་བརྡ་སྤྲོད་ལུགས་ལ་མཐུན་མིན། ཐ་སྙད་ཀྱི་བེད་སྤྱོད་སྟངས་སོགས་མི་འདྲ་བ་ཅི་རིགས་ཐོན་ཡོད། དཔེར་ན། དྭངས་ཤེལ་མེ་ལོང་ཉེར་གཅིག་ཅེས་པར་སྔ་དུས་ཀྱི་པར་རྙིང་ཞིག་ཡོད་པ་དང་། སྲིད་སྐྱོང་སྟག་བྲག་པཎྜི་ཏ་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་མཆོག﹙1941ལོ་ནས་1950ལོའི་བར་སྲིད་སྐྱིང་གནང﹚གི་བཀའ་དགོངས་བཞིན་གཞུང་ས་མཆོག་ནས་པར་གཞི་གསར་བསྐྲུན་བགྱིས་ཏེ་ཞོལ་པར་ཁང་གངས་ཅན་ཕན་བདེ་གཏེར་མཛོད་གླིང་དུ་བཞུགས་པའི་པར་གསར་གཞིས་ཡོད། ཕན་ཚུན་གོ་བསྡུར་བགྱིས་ཏེ་ཤེས་གསལ་ལྟར་ན། དེ་སྔའི་པར་རྙིང་དེ་ཚིག་སྦྱོར་གྱི་བབ་དང་བརྡ་དག་གི་འགྲོས་གཉིས་ཐད་ནས། དུས་རབས་བཅུ་བདུན་པའི་གཞུང་ཡིག་གི་ཤན་ཤེད་ཆེ་བར་སྣང་། གཞན་ཡང་ད་ལྟ་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་ཡོད་པའི་ལྕགས་མོ་བྱ་ལོར་﹙1621﹚བཀོད་པའི་དེབ་ཐེར་རྫོགས་ལྡན་གསར་པའི་ཉི་གཞོན་བླང་དོར་གསལ་བྱེད་ཅེས་ཞལ་ལྕེ་བཅུ་དྲུག་དང་བཅས་པ། ལྕགས་མོ་ལུག་གི་ལོར﹙1631ལོ﹚བཀོད་པའི་ཁྲིམས་ཡིག་བསྡུས་པ། ཞལ་ལྕེ་བཅུ་གསུམ། ཆུ་ལུག﹙1643ལོ﹚ཧོར་ཟླ་བཅུ་པའི་ཡར་ཚེས་ལ་རྒྱལ་དབང་ལྔ་པ་ཆེན་པོས་རྒྱ་ཁྱབ་རྫོང་གཞིས་ཁག་ལ་སྩལ་བའི་ཁྲིམས་སུ་བཅའ་བའི་རྩ་ཚིག་རགས་རིམ། ཞལ་ལྕེའི་དཔེར་བརྗོད་དང་གའུ་ལེར་ཕན་རིགས་སྣ་ཚོགས་ཕྱོགས་སྡེབ་ཏུ་བཀོད་པ་བཅས་ཕྱོགས་སྒྲིག་ཏུ་བཀོད་པའི་དེབ་བྲིས་མ་དེ་བྲིས་མ་གཞན་དང་པར་གཞི་གཞན་དག་དང་ཐོད་གཏུགས་ཚེ་ནང་དོན་ཕན་ཚུན་འདྲ་ཤས་ཆེ་ནའང་། ཡིག་གེའི་འགྲོས་དང་། བརྡ་སྤྲོད་ཀྱི་ལྷུ། ཐ་སྙད་ཀྱི་བབས་སོགས་མི་འདྲ་བ་གང་འཚམ་འདུག་གཞུང་ཡིག་དེ་དག་ནི་མ་ཕྱི་ནི་ད་ལྟ་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གཙོ་བྱེད་ཀྱི་ལྗོངས་ཕྱི་ནང་གི་འབྲེལ་ཡོད་རིམ་པ་ཁག་གི་ཡིག་ཚགས་ལས་ཁུངས་སུ་གཅིག་གྱུར་དུ་ཉར་ཚགས་བྱས་ཡོད་པ་མ་ཟད། གཞུང་འབྲེལ་གྱི་རྟེན་རྫས་བཤམས་མཛོད་ཁང་དང་། ཆོས་སྡེ་ཁག ཐ་ན་མི་སྒེར་དང་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་ཁ་འཐོར་དུ་ཉར་ཚགས་བྱེད་ཡོད།
བོད་ཀྱི་ཁྲིམས་སྲོལ་སྐོར་གྱི་ལོ་རྒྱུས་ཡིག་ཚགས་བམ་བཤད་ཙམ་དུ་སོང་བ་འདི་ནི། 2016ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི་བོད་ཡིག་དཔེ་སྐྲུན་གྱི་ལས་གཞིའི་རྒྱབ་སྐྱོར་འོག་ཏུ་གུས་ཆུང་བདག་དང་ནུ་བོ་རྡོ་སྦིས་ཚེ་རིང་རྡོ་རྗེ་གཉིས་ཀྱིས་བོད་ཀྱི་ཁྲིམས་སྲོལ་སྐོར་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག་ཅེས་པའི་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་སྲོལ་ཡིག་ཚགས་དང་། ཞལ་ལྕེ་ཕྱོགས་སྒྲིག གཞུང་ཡིག་ཕྱོགས་སྒྲིག་ཅེས་པའི་དེབ་གསུམ་པོ་རྩོམ་སྒྲིག་བྱེད་པའི་དགོས་པར་དམིགས་ཏེ་བྲིས་པ་ཞིག་ཡིན་ལ། ཕྱོགས་སྒྲིག་ཏུ་བཀོད་པའི་གཞུང་ཡིག་ཁག་ཅིག་ལ་བདག་གིས་ཉམས་ཞིབ་གང་ལ་གང་འཚམ་རེ་བྱས་ཡོད་པ་དུས་དེབ་གཞན་དུ་བཏོན་ཡོད་། རྗེས་སོར་མུ་མཐུད་དུ་གཞུང་ཡིག་གཞན་དག་ཁག་ཅིག་ལ་རྒྱུས་ལོན་དང་ཉམས་ཞིབ་བྱེད་ཐུབ་པའི་རེ་སྨོན་དང་འཆར་གཞི་ཡོད་ཅེས་རང་ཉིད་ལ་གསལ་འདེབས་དང་བཅས་སྦྱར་བ་དགེའོ། །
(རྩོམ་སྒྲིག་འགན་འཁུར་པ། འཇམ་དཔལ།)