ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

གེ་སར་གྱིས་བརྩམས་པའི་《གཙོད་གྲོང་གི་ཉིན་གཅིག་དང་བུ་མོ་ཞིག་གི་མིག་ཆུ》ཞེས་པའི་ཀློག་འགྲེལ་ཐུང་ངུ་།

2016-12-13

རྩོམ་པ་པོ། གེ་སར།

  དཔལ་ལྡན། པིར་མིང་ལ་གེ་སར་དུ་འབོད། མདོ་སྨད་མང་རྫོང་བྱ་མདོ་རུ་སྐྱེས། ད་ལྟ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་བྱ་བ་གཉེར་གྱིན་ཡོད། གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་སོགས་བྱ་དགའ་རེ་འགའ་ཐོབ་མྱོང་། བརྩམས་ཆོས་ལ་སྙན་དེབ《འཕུར་འདོད་དུས》དང་། སྒྲིག་རྩོམ་དང་བསྒྱུར་རྩོམ་བྱས་པའི་དཔེ་དེབ《འབྲིང་རྒྱུགས་རྩོམ་ཡིག་མཛུབ་སྟོན》དང《འཛམ་གླིང་བྱིས་སྒྲུང་གྲགས་ཅན་གཅེས་བཏུས》《ཀྲུང་ཕྱིའི་སྙན་རྩོམ་གྲགས་ཅན་དབྱེ་ཞིབ》《བོད་ཡུལ་གྱི་གནས་མཆོག་གྲགས་ཅན》《བོད་ཀྱི་ལོ་རྒྱུས་རིག་གནས》སོགས་དུ་མ་ཡོད།

 

གཙོད་གྲོང་གི་ཉིན་གཅིག་དང་བུ་མོ་ཞིག་གི་མིག་ཆུ།

 

ཁང་མིག་དོག་པོ་ཞིག་གི་ནང་རོལ་དུ།
ཁེར་རྐྱང་གི་སྙན་ངག་པས་ཅི་ཡང་མི་སེམས་པར་སྡོད་དུས།
སྤྲིན་པ་འདྲ་བའི་བུ་མོ་ཞིག་དལ་དལ་སྒོས་ཡོང་ནས།
སྙན་ངག་པའི་ནམ་མཁའ་ཡོངས་སུ་བསྒྲིབས་ཤིང་།
ཆར་བ་འདྲ་བའི་མིག་ཆུ་ཤག་ཤག་ངང་གཏོར་སོང་།

སྒེའུ་ཁུང་ལས་རྒྱང་རིང་དུ་ལྟ་བར་བྲེལ་བའི་སྙན་ངག་པས།
སྲས་མཁར་དགུ་ཐོག་སྟེང་གི་གསེར་ཏོག་དང་རྒྱ་ཕིབས་མཐོང་ཞིང་།
དེའི་ཡང་སྟེང་དུ་སྐྱོད་བཞིན་པའི་བུ་མོ་འདྲ་བའི་སྤྲིན་པ་མཐོང་དུས།
ཁེར་རྐྱང་གི་སྙན་ངག་པའི་སེམས་སུ།
འཇིག་རྟེན་མ་གཞི་ནས་བུ་མོ་ཞིག་གམ་སྤྲིན་པ་ཞིག་ཡིན་པར་སྙམ།

སྲས་མཁར་དགུ་ཐོག་གི་ཁ་གཏད་ཀྱི་རི་རྩེ་ཞིག་ཏུ།
མོའི་མིག་ཆུ་བསེར་བུས་བསྒུལ་ཅིང་སྐྲ་ལོ་རླུང་གིས་སྐྱོད་དུས།
སྙན་ངག་པ་དར་ལྕོག་ཅིག་གི་ཚུལ་གྱིས་རླུང་ཁར་འགྲེང་ནས།
ལོ་ཟླའི་ཆར་རླུང་གི་དཀའ་བ་ཡོད་ཚད་རང་སྟེང་དུ་ལེན་འདོད་སྐྱེས།

སྤྱི་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན།
རླུང་བུས་སྤྲིན་པ་འདྲ་བའི་བུ་མོ་ཞིག་ཁུར་ནས་ཐོན།
རླུང་བུས་བུ་མོ་འདྲ་བའི་སྤྲིན་པ་ཞིག་ཁུར་ནས་ཐོན།
ཁེར་རྐྱང་གི་སྙན་ངག་པ་ཡང་རླུང་གིས་ཁུར་ནས་གཙོད་གྲོང་དུ་ཐོན།

                                                                       (2007.5.26)

 

《གཙོད་གྲོང་གི་ཉིན་གཅིག་དང་བུ་མོ་ཞིག་མིག་ཆུ》ཞེས་པའི་ཀློག་འགྲེལ་ཐུང་ངུ་།

དཔྱད་བརྗོད་པ། ཨ་བུ།

  དཔལ་ལྡན་ནམ་གེ་སར་གྱིས་སྙན་ངག་བྲིས་ནས་མི་ལོ་ཉི་ཤུ་ལྷག་འགོར་སོང་། སྙན་ངག་པ་ཁོང་དང་ཁོང་གི་སྙན་ངག་བརྩམས་ཆོས་ལ་ཆ་རྒྱུས་ཅུང་ཙམ་བདོག་པའི་ཆ་ནས། བདག་གིས་དཔྱད་གཞིར་བཅོལ་པའི《གཙོད་གྲོང་གི་ཉིན་གཅིག་དང་བུ་མོ་ཞིག་གི་མིག་ཆུ》ཞེས་པའི་སྙན་ངག་འདིར་ཀློག་འགྲེལ་ཐུང་ངུ་ཞིག་བྲི་རྒྱུའི་ལས་བྱ་དེ་དགའ་བས་དང་ལེན་བྱས་པ་ཡིན། རྒྱུ་མཚན་ནི། གེ་སར་གྱི་སྙན་ངག་བརྩམས་ཆོས་ཡོད་དོ་ཅོག་ལས། ཁོ་བོ་ཆེས་དགའ་ས་ནི་ཚན་པ་བཞི་དང་ཚིག་རྐང་བཅོ་བརྒྱད་ཀྱིས་གྲུབ་པའི་སྙན་ངག་ཐུང་ངུ་འདིའོ།།
  སྙན་ངག་འདི་དང་པོར་མཐོང་ཙ་ནས(《སྦྲང་ཆར》2008.4)དགའ་སྣང་སྤྲོ་སྣང་ཅིག་ཅར་དུ་འཕེལ་མྱོང་ཞིང་། ཇི་ལྟར་བཀླགས་པ་དེ་ཙམ་གྱིས་དགོང་ཁའི་ལྷག་ཟེར་ལྟ་བུའི་སྙན་རོ་ཁྱད་པར་བ་ཞིག་ལྕེ་རྩེ་ནས་སེམས་ཁོང་དུ་འབྱམས་ཤིང་སིམ་པར་བྱེད། འོན་ཀྱང་ད་ལྟ་དངོས་སུ་ཀློག་འགྲེལ་ཐུང་ངུ་ཞིག་བྲི་རྒྱུའི་སྐལ་བ་ལྡན་ཚེ། ལྡོག་སྟེ་སྨྲ་བ་ཡོངས་སུ་ཁེགས་ཤིང་ཚིག་རྡོག་གཅིག་ཀྱང་ཤོག་ངོས་སུ་འབེབས་དཀའ་བའི་གནས་ཚུལ་ལྷགས་བྱུང་། ཚུལ་འདིར་འདང་རེ་བརྒྱབ་ན། སྨྲ་བསམ་བརྗོད་མེད་འདི་ཡང་སྙན་ངག་བརྩམས་ཆོས་འདིའི་ཡོན་ཏན་དང་ཁྱད་ཆོས་ཤིག་ཅི་ལ་མིན་ཞེས་སྙམ་ནའང་། འདི་ཙམ་གྱིས་རང་གཞན་སུ་ཡང་མགུ་གང་བ་དང་ཡིད་འཕེར་བར་མི་འགྱུར་བས་ན། ཐོག་མའི་ཚོར་ཤེས་ནས་བར་གྱི་མྱོང་ཤེས་དང་མཐའ་མའི་དཔྱོད་ཤེས་གསུམ་དཀྱུས་གཅིག་ཏུ་སྦྲགས་ཐོག སྙན་ངག་འདི་ཇི་ལྟར་ལེགས་པའི་རྒྱུ་མཚན་ནམ། ཡང་ན་སྙན་ངག་འདིའི་ཡོན་ཏན་དང་ཁྱད་ཆོས་ཇི་ལྟ་བུ་ཞིག་ཡིན་པའི་སྐོར་ནས་གསལ་ཁ་ཅུང་ཙམ་གདོན་པའི་དགོས་པ་ཤིན་ཏུ་ཆེའོ་སྙམ། དེས་ན་སྙན་ངག་འདིའི་ཡོན་ཏན་དང་ཁྱད་ཆོས་ཀྱི་ཐད། གཤམ་གྱི་དོན་ཚན་གསུམ་གྱི་སྒོ་ནས་འཆད་པ་ལ། 
  དང་པོ། རི་མོའི་ཁྱད་ཆོས། 
  དོན་གྱི་རང་མཚན་སྣང་བརྙན་དུ་ཤར་བ་རི་མོའི་ཁྱད་ཆོས་ཞེས་པ་ལྟར། སྙན་རྩོམ་ལ་ཁྱད་ཆོས་མང་བོ་ཡོད་པ་ལས། གལ་ཆེ་བའི་ཁྱད་ཆོས་ཤིག་ནི་བརྗོད་བྱའི་དངོས་པོའི་དབྱིབས་དང་ཁ་དོག རྣམ་འགྱུར་སོགས་ཀློག་མཁན་དག་གི་ཡིད་ངོར་སྣང་བརྙན་བཞིན་དུ་གསལ་ལེར་འཆར་ཐུབ་པ་ཅན་ཞིག་སྟེ། འདིར་གླེང་བར་བྱ་བའི《གཙོད་གྲོང་གི་ཉིན་གཅིག་དང་བུ་མོ་ཞིག་གི་མིག་ཆུ》ཞེས་པར་ཡང་། གོང་སྨྲས་ཀྱི་རི་མོའི་ཁྱད་ཆོས་ལྡན་པར་འདོད་པ་ཡིན། ཡུལ་ལྗོངས་ཀྱི་དབང་དུ་བྱས་ན་ཉེ་བ་ནས་རྒྱང་རིང་དུ་ཕྱོགས་པ་དང་། དེ་ཡང་རྐྱོང་སྐུམ་དང་འཕྲོ་འདུ་ཡོད་པ་ཅན་ཞིག་རེད། དང་པོ་ཁང་མིག་དོག་པོ་ཞིག་ནས་རིམ་གྱིས་སྲས་མཁར་དགུ་ཐོག་སྟེང་གི་གསེར་ཏོག་དང་རྒྱ་ཕིབས། བར་དུ་སྲས་མཁར་དགུ་ཐོག་གི་ཁ་གཏད་ཀྱི་རི་རྩེ། མཐའ་མར་རི་རྩེ་དེར་འགྲེང་བའི་གཞོན་ནུ་ཕོ་མོ་ཟུང་གི་གཟུགས་བརྙན་བཅས་རི་མོ་བཞིན་དུ་ཀློག་པ་པོའི་མིག་ལམ་དུ་འཆར་ཐུབ་པ་དང་། ཡང་ན། གློག་བརྙན་གྱི་པར་མིག་ནང་བཞིན་ཉེ་བ་ནས་རྒྱང་རིང་དུ་བསྐོར་ཞིང་། པར་མིག་དེའི་འཁོར་ཕྱོགས་དང་བསྟུན། གཙོད་གྲོང་གི་ཉིན་གཅིག་དང་བུ་མོ་ཞིག་གི་མིག་ཆུ། གཞན་རླུང་ཁར་འགྲེང་བའི་སྙན་ངག་པ་ཞིག་གི་སྣང་བརྙན་བཅས་ཀློག་མཁན་གྱི་མིག་ལམ་དང་སེམས་ཁོང་དུ་སིམ་པར་བྱེད་ཐུབ་པ་ཞིག་རེད།
  དེ་ལྟར། ཐག་ཉེའི་ཡུལ་ལྗོངས་ཤིག་ནས་ཐག་རིང་གི་ཡུལ་ལྗོངས་ཕྱོགས་སུ་བསྐྱོད་པའི་གོ་རིམ་ཁྲོད་དུ། སྙན་ངག་པས།“སྤྲིན་པ་ལྟ་བུའི་བུ་མོ”དང“བུ་མོ་འདྲ་བའི་སྤྲིན་པ”ལྟ་བུའི“རྗེས་ཁྲིད”དང“ཚིག་དོན་བསྐོར་བ”དང“ཕན་ཚུན་དཔེ་རྒྱན”ལྟ་བུའི་ཚིག་གི་སྦྱོར་བས་ཟུར་ལེགས་པར་བརྒྱན་ཏེ། སྒྲ་མེད་ཀྱི་པར་མིག་དེའང་སྤྲིན་པ་ལྟ་བུའི་གཡོ་འགུལ་ཅན་དང་བུ་མོ་ལྟ་བུའི་སྒྲ་གཟུགས་ཅན་དུ་བྱས་པ་ཤིན་ཏུ་མཛེས་ཤིང་། སྙན་ངག་ཐུང་ངུ་འདིའི་ཚིག་སྦྱོར་གྱི་ཉེར་ལེན་ནི་དེ་ལྟར་མཚོན་སྟོབས་ཆེ་བ་ཅན་འབའ་ཞིག་ལས། དགོས་མེད་ཀྱི་ཚིག་འབྱམས་དང་ར་རིའི་དྲི་མས་ཅི་ཡང་མ་གོས་པར་ཤིན་ཏུ་སྙན་དྭངས་ཀྱི་ཡོན་ཏན་འབའ་ཞིག་ལྡན་པར་ཁོ་བོས་སེམས་སོ།།
  གཞན་ཡང་།“རྗེས་ཁྲིད”དང“ཚིག་དོན་བསྐོར་བ”དང“ཕན་ཚུན་དཔེ་རྒྱན”ལྟ་བུའི་ཚིག་སྦྱོར་དེས་སྙན་ངག་ཧྲིལ་བོར་དབྱངས་ཀྱི་འདེགས་འཇོག་ལྡན་པ་དང་སྒྲའི་འགྱུར་ཁུགས་ཀྱིས་ཁྱོགས་འདུག་པར་མ་ཟད། ཉེ་བ་ནས་རྒྱང་རིང་དུ་ཁྱབ་ཅིང་རྒྱང་རིང་ནས་སླར་ཡང་བྲག་ཅར་མཆེད་པའི་གཙོད་གྲོང་གི་རི་གླུ་སྙན་མོ་ཞིག་དང་ཡང་ཀུན་ནས་མཚུངས་པས། སྙན་ངག་གི་ཕྱི་ནང་གཉིས་ཀྱི་འགྱུར་ཁུགས་དེ་ཆུ་ལ་ཆུ་བཞག་གི་ངང་ཚུལ་དུ་སོང་ཞིང་། ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཐོན་འདུག་སྙམ།
  གཉིས་པ།  གཏམ་རྒྱུད་ཀྱི་ཤོང་ཚད།
  སྙན་ངག་བརྩམས་ཆོས་འདི་དང་པོར་མཐོང་དུས་ཙ་ན། ཁོ་བོས་སྙན་ངག་རྩོམ་མཁན་གེ་སར་ལགས་ལ། སྙན་ངག་འདི་ཉུང་མཐའ་ཡང་སྒྲུང་འབྲིང་ཞིག་ཏུ་བྲི་ཆོག་པར་འདུག་ཅེས་ཞུས་མྱོང་། སྤྱིར་བཏང་དུ། སྙན་ངག་དང་སྒྲུང་གཏམ་གཉིས་བར་འགལ་འབྲེལ་ཅི་ཞིག་མཆིས་པ་བརྗོད་དཀའ་ནའང་། གནའ་དེང་ཕྱི་ནང་གི་སྙན་ངག་བརྩམས་ཆོས་གང་ཞིག་ཡིན་རུང་། སྤྲིན་པ་འདི་ཡིད་བརྙན་དུ་བྱས་པའམ་ཡང་ན་ཐད་ཀར་སྤྲིན་པ་བྲིས་པའི་སྙན་རྩོམ་ཕལ་མོ་ཆེར་མཚོན་ན། གཏམ་རྒྱུད་ཀྱིས་ཕྱུག་ཅིང་ལྷག་པར་དུ་མི་སེམས་སྒུལ་བའི་བརྩེ་དུངས་ཀྱི་གཏམ་རྒྱུད་ཕུན་སུམ་ཚོགས་པར་མཆིས་པ་ནི་ཕྱི་དོན་བདེན་པ་ལྟ་བུར་གྲུབ་འདུག
  གེ་སར་གྱི་སྙན་ངག་བརྩམས་ཆོས་འདིར་མཚོན་ནའང་། ཚིག་རྐང་བཅོ་བརྒྱད་ལས་མ་འདས་མོད། དེར་སྒྲུང་འབྲིང་ཞིག་གི་ཤོང་ཚད་མཆིས་པ་རེད། སྤྱི་ལོ2007ལོའི་ཟླ་ལྔ་པའི་ཚེས་དྲུག་ཉིན། སྙན་ངག་པས་ལན་གྲུ་གྲོང་ཁྱེར་གྱི་ཁེར་རྐྱང་དང་སུན་སྣང་། དུད་སྨུག   ཡང་ན་སྔ་དགོང་གི་ཆང་སྡུག་མ་བཟོད་པར་རླུང་བུ་ཡང་མོ་ཞིག་གིས་བསྒུལ་བར་རྐྱེན་བྱས་ཏེ། ཡུན་རིང་མ་ཕྲད་པའི་བྱམས་པ་དང་གཙོད་གྲོང་དུ་དུས་ཆད་བཏབ་ཅིང་། དང་པོ་ཁང་མིག་དོག་པོ་ཞིག་ཏུ་འཛོམས་དུས། སྐད་ངག་ཅི་ཡང་མ་འཁྲོལ་བར་ཆར་བ་འདྲ་བའི་མིག་ཆུ་ཤག་ཤག་ངང་གཏོར་བ་དང་། དེ་ནས་མིག་ཟུང་རྒྱང་རིང་དུ་གཡེང་སྟེ། འཇིག་རྟེན་འདི་མ་གཞི་ནས་བུ་མོ་ཞིག་གམ་སྤྲིན་པ་ཞིག་ཡིན་པར་སྙམ་དུས་ཀྱི་དགའ་བ་དང་སྐྱོ་བ་བཅས་ལུ་གུ་རྒྱུད་དུ་བསྟར་འདུག དེ་དག་གཏམ་རྒྱུད་ཀྱི་ཕྲེང་བར་བརྒྱུས་ཏེ་རིམ་གྱིས་སོང་ཚེ། ཚན་པ་བཞི་པའི་གནས་སྐབས་ནི་གཏམ་རྒྱུད་ཀྱི་མཐོ་རླབས་འཕྱུར་ས་ཡིན་ཏེ། མཚམས་འདིར། སྙན་ངག་པ་དར་ལྕོག་ཅིག་གི་ཚུལ་གྱིས་རླུང་ཁར་འགྲེང་ནས། ལོ་ཟླའི་ཆར་རླུང་གི་དཀའ་བ་ཡོད་ཚད་རང་སྟེང་དུ་ལེན་འདོད་སྐྱེས་ཤིང་། སྤྲིན་པ་འདྲ་བའི་བུ་མོ་དང་ཁེར་རྐྱང་གི་སྙན་ངག་པའི་ལས་འབྲེལ་གྱི་མདུད་པའང་མི་ཤིགས་དགུ་མདུད་དུ་ཕོག་པའི་དབུགས་དབྱུང་ཐོབ་སྟེ། ཀློག་མཁན་དག་གིས་ཀྱང་དགའ་བའི་ཐལ་མོ་མི་རྡེབ་རང་དབང་ཅི། 
  ཡང་གཅིག་བཤད་ན། འདི་ནི་སྙན་ངག་ཅིག་ལ་ཡོད་སྲིད་པའི་མིག་ཅེས་པའམ་འཇུག་སྒོ་གལ་ཆེན་ཞིག་དང་། སྙན་ངག་པའི་སེམས་བསྐྱེད་ཆེན་པོའམ་སྙན་ངག་གི་སྲོག་དབང་གནས་སའང་རེད། དེ་བས། འདི་ནི་མཐའ་གཅིག་ཏུ་བརྩེ་དུངས་སྟོན་པའི་སྙན་ངག་ཅིག་རེད་ཅེས་ནའང་འགྲིག་འདུག་པའི་ངེས་པ་མེད། འདི་ནི་གཏམ་རྒྱུད་ཀྱི་ཤོང་ཚད་ལས་བརྒལ་ཏེ་སྙན་ངག་ཐུང་ངུ་འདིའི་བསྟན་དོན་གྱི་ཟབ་ཚད་དང་འབྲེལ་བ་ཡོད་པ་ཞིག་ཀྱང་རེད་སྙམ། 
  དེ་ལྟར། བྱུང་རིམ་གྱི་གུང་བསྒྲིགས་ཏེ་མུ་མཐུད་དུ་གཏམ་རྒྱུད་ཀྱི་ལམ་བུར་བསྙེགས་ཚེ། འདི་ནི་བརྩེ་དུངས་ཀྱི་མནར་གཅོད་དང་བཟོད་སྒོམ། ཞིམ་མངར། ཁུར་ཐེག མཇུག་འབྲས་བཅས་ཀྱི་རྒྱུ་ཚོགས་ཐམས་ཅད་ཚང་བའི་སྒྲུང་གཏམ་ལེགས་པོ་ཞིག་རེད་ལ། མཐར་གཏམ་རྒྱུད་དེ་བྱུང་སའི་ཡུལ་དུས་རྒྱུ་རྐྱེན(ཡུལ་གཙོད་གྲོང་། དུས་སྤྱི་ཟླ་ལྔ་པའི་ཚེས་ཉེར་དྲུག  རྐྱེན་རླུང་བུ)བཅས་ཁ་གསལ་བོར་ངོ་སྤྲད་པ་དང་སྦྲགས་གཏམ་རྒྱུད་མཇུག་རྫོགས་པར་བྱས་ཡོད།
  གསུམ་པ། སྒྲིག་གཞིའི་མཛེས་པ། 
  སྙན་ངག་རིང་མོ་ལྟ་ཅི། སྙན་ངག་ཐུང་ངུ་དག་ལའང་མགོ་རྩོམ་ཚུལ་དང་ཁོག་འབུབས་ཚུལ། མཇུག་སྡུད་ཚུལ་བཅས་གསལ་བོ་ཞིག་ཡོད་འདུག གེ་སར་གྱི་སྙན་ངག་འདིར་མདོ་སྨད་ཧེ་རུ་ཀས་མཐོང་ལུགས་གསར་བ་ཞིག་རྙེད་འདུག་པ་ནི། སྙན་ངག་བརྩམས་ཆོས་འདི་མགོ་ནས་མཇུག་བར་ལུགས་འབྱུང་དུ་བཀླག་ཀྱང་རུང་ལ། མཇུག་ནས་མགོ་བར་ལུགས་ལྡོག་ཏུ་བཀླག་ཀྱང་ཆོག་པ་ཞིག་རེད་ཅེས་པའོ། ། དེ་ལྟར། མགོ་ནས་མཇུག་བར་ལུགས་འབྱུང་དུ་བཀླགས་པའི་ཚེ། གནས་སྔོན་ལ་བསྟན་པ་དང་། རྩོམ་པ་པོའི་སེམས་ཁམས་ཀྱི་ཆ་ནས་བཤད་ན། ཕྱི་རོལ་ནས་ནང་རོལ་ཏུ་བསྐྱོད་པའི་ཁྱད་ཆོས་མཆིས་པའམ། (དཔེར་ན། ཚན་པ་དང་པོར། ཁེར་རྐྱང་གི་སྙན་ངག་པས་ཅི་ཡང་མི་སེམས་པར་སྡོད་དུས། ཞེས་པ་ནས་ཚན་པ་བཞི་པར། ལོ་ཟླའི་ཆར་རླུང་གི་དཀའ་བ་ཡོད་ཚད་རང་སྟེང་དུ་ལེན་འདོད་སྐྱེས་ཞེས་པ་ལྟ་བུའོ) ཡུལ་ལྗོངས་ཀྱི་ཆ་ནས་བཤད་ན། ཉེ་བ་ནས་རྒྱང་རིང་དུ་ཕྱོགས་པ་ཅན་ཞིག་རེད། ཡང་། མཇུག་ནས་མགོ་བར་ལུགས་ལྡོག་ཏུ་བཀླགས་པའི་ཚེ། དུས་སྔོན་ལ་བསྟན་པ་དང་། རྩོམ་པ་པོའི་སེམས་ཁམས་ཀྱི་ཆ་ནས་བཤད་ན། ནང་རོལ་ནས་ཕྱི་རོལ་ཏུ་བསྐྱོད་པའི་ཁྱད་ཆོས་མཆིས་པའམ། (དཔེར་ན། གོང་གི་ཚན་པའི་མགོ་མཇུག་བརྗེས་པས་འཐུས་ཤིང་། ཡུལ་ལྗོངས་ལའང་དེ་ལྟར་རིགས་བསྒྲེས་པར་བྱའོ) ཡུལ་ལྗོངས་ཀྱི་ཆ་ནས་བཤད་ན། རྒྱང་རིང་ནས་ཉེ་བའི་ལམ་དུ་ཕྱོགས་པ་ཅན་ཞིག་རེད། དེར་མ་ཟད། ཉེ་བ་ནས་རྒྱང་རིང་དང་རྒྱང་རིང་ནས་ཉེ་བ། ནང་རོལ་ནས་ཕྱི་རོལ་དང་ཕྱི་རོལ་ནས་ནང་རོལ་དུ་འགྲོ་ལྡོག་བྱེད་པའི་གནས་སྐབས་སུ། དེ་ནི་པར་མིག་གི་གམ་རྒྱང་དང་ཡུལ་ལྗོངས་ཀྱི་ཕྱི་ནང་བརྗེ་སྤོར་བྱེད་པ་ཙམ་མ་ཡིན་པར། སྙན་ངག་པའི་ནང་སེམས་ཀྱི་འགྱུར་ལྡོག་ཀྱང་དེའི་རང་བཞིན་ཤུགས་སུ་འཕྱོ་འཇགས་དང་འཕར་ལྡིང་བྱེད་ཅིང་མཆིས་པ་ནི། སྙན་ངག་འདིའི་ཕྱིའི་སྒྲིག་གཞིའི་མཛེས་པ་ཞིག་དང་ནང་གི་སྒྲིག་གཞིའི་གསང་བའི་ཆ་ཞིག་ཀྱང་རེད་འདོད། 
  གེ་སར་གྱི་སྙན་ངག་འདི་གཙོས་པའི་སྙན་ངག་གཞན་མང་བོ་ཞིག་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། རྒྱུན་ལྡན་གྱི་འཚོ་བ་ནས་མགོ་བརྩམས་ཤིང་མྱོང་བ་རྣལ་མ་ཞིག་ལ་གཞིར་བཅོལ་ཐོག ཉུང་དྲིལ་དང་བབ་ཆགས་ཀྱི་ཚིག་སྦྱོར་ལ་བརྟེན་ནས། ཡུལ་དུས་བྱེ་བྲག་པ་ཞིག་ཀློག་མཁན་གྱི་མིག་སྔར་བཤམས་པའི་མཚུངས་སུ།“ཕྲ་མཐོང་ཆེ་ཤེལ”གྱིས་རྒྱ་ཆེ་རུ་བསྐྱེད་པ་དང་མཐོངས་གསལ་བར་བྱེད་པ་བཅས་ཀྱིས་སྐད་ཅིག་མའི་ཚོར་བ་ཕྲ་ཞིང་ཕྲ་བ་དེའི་རིགས་ལ་སྲོག་དབང་གསར་བ་ཞིག་དང་བརྗོད་དོན་ཡངས་པ་ཅན་ཞིག་བསྒོས་འདུག་པར་མ་ཟད། མཐོང་ཐོས་རེག་གསུམ་ཅན་ཏེ་རི་མོའི་མཛེས་པ་དང་བཟོ་བཀོད་ཀྱི་བརྗིད་ཉམས་ཀྱིས་ཁྱོགས་འདུག་སྙམ། དེ་མིན། ཁོའི་སྙན་ངག་བརྩམས་ཆོས་སོགས་སུ་སྙན་ངག་པའི་ཚོར་བ་དེ་ཕྱི་ངོས་ཙམ་ནས་འཕར་ལྡིང་དང་འཕྱོ་འཇགས་ཤིན་ཏུ་ཆེ་བ་ཞིག་མ་ཡིན་པར་མངོན་ཆུང་དང་གབ་སྦས་ཀྱི་ཚུལ་དུ་མཆིས་པ་དང་། ཡོད་ཚད་སིམ་གདུང་བར་མའི་ཚོད་དུ་གནས་པ་འབའ་ཞིག་རེད། དེར་རྣོ་དབལ་ལྡན་པ་དང་ཡང་ན་ང་རོ་དང་ཀུ་ཅོ་འདོན་པའི་ཚིག་དོན་གྱི་སྦྱོར་བ་ཅི་ཡང་མེད་པར་ལྷིང་འཇགས་དང་ཁུ་སིམ་གྱི་ངང་དུ། ཐོས་མ་ཐོས་དང་ཚོར་མ་ཚོར་གྱི་བར་ནས་ཁྱོད་ལ་སྙན་ངག་གི་ཉམས་ཁྱད་པར་བ་ཞིག་སྦྱིན་པར་བྱེད་ངེས། དོན་དུ་སྙན་ངག་བརྩམས་ཆོས་ཀྱིས་འདི་ལས་གཞན་ཅི་ཞིག་ནུས་པ་རེད་ཨང་། ཡང་ན། ཅི་ཞིག་ནུས་དགོས་སམ། ཁོ་བོར་མཚོན་ན་དེ་ཙམ་གྱིས་ཆོག་གོ།
  ཞེས་པ་འདི་ནི་གེ་སར་གྱི《གཙོད་གྲོང་གི་ཉིན་གཅིག་དང་བུ་མོ་ཞིག་གི་མིག་ཆུ》ཞེས་པའི་ཀློག་འགྲེལ་ཙམ་སྟེ། སླད་མའི་ཆར་ཡང་སྙན་ངག་པ་ཁོང་གི་བསམ་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་ཤོག་ཅེས་ཟླ་ཚེས་བཟང་བོར་གུས་ཕུལ།

 

(རྩོམ་སྒྲིག་འགན་འཁུར་པ། འཇམ་དཔལ།)

འབྲེལ་ཡོད་རྩོམ་ཡིག