ཀྲུང་གོའི་བོད་ལྗོངས་དྲ་བ།>དཔྱད་གཏམ།

ཐོན་སྐྱེད་སླར་གསོ་བྱེད་དུས་རིམས་འགོག་སྔོན་འགྲོར་འཛིན་དགོས།

2020-03-13 སྣང་རྡོས་བསྒྲིགས།
         སྤྱི་ཟླ་3པའི་ཚེས་4ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྐྱོང་གནང་ནས། མིག་སྔའི་ཏོག་གསར་གློ་ཚད་ནད་ཡམས་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཁོར་སྐྱོད་བརྟན་ལྷིང་ཡོང་བ་བྱེད་པའི་གཙོ་གནད་ལས་དོན་ཐད་ཞིབ་འཇུག་གནང་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅིས། ནད་ཡམས་སྔོན་འགོག་ཚོད་འཛིན་དང་འཚམ་པའི་དཔལ་འབྱོར་སྤྱི་ཚོགས་འཁོར་སྐྱོད་སྒྲིག་ལམ་གང་མགྱོགས་འཛུགས་པ་དང་། འབྲེལ་ཡོད་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཐོབ་པར་དཀའ་བའི་འཕེལ་ཚུལ་བཟང་པོ་འདི་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གང་མགྱོགས་ཡང་དག་པའི་འཁོར་ལམ་ཐོག་ལོག་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

         ཏོག་གསར་གློ་ཚད་ནད་ཡམས་ཐོན་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནད་ཡམས་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱེད་པའི་ཐད་གལ་ཆེའི་མཛུབ་སྟོན་ཐེངས་མང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་ད་ཐེངས་ཀྱི་གལ་ཆེའི་གསུང་བཤད་གནང་བ་དེ་ནི། ཡང་བསྐྱར་སྐུལ་སློང་དང་། ཡང་བསྐྱར་བཀོད་སྒྲིག་གནང་ཐེངས་ཤིག་ཡིན་པས། གཅིག་ནས་མིག་སྔའི་ནད་ཡམས་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་རྙོག་འཛིང་རང་བཞིན་བསྟན་གནང་ཡོད་ལ། གཉིས་ནས་ལས་དོན་རྣམས་གྲངས་ཁག་ལ་གཅིག་གྱུར་ཐོག་དམ་འཛིན་བྱེད་པའི་འགན་སེམས་དང་ཁ་ཚ་དགོས་གཏུགས་ཀྱི་བསམ་པ་ནན་སྟོན་གནང་ཡོད་པས། ང་ཚོས་རིམས་འགོག་ལ་མཐའ་མཇུག་གི་རྒྱལ་ཁ་ལེན་རྒྱུར་གལ་ཆེའི་མཛུབ་ཁྲིད་དོན་སྙིང་ལྡན་པ་ཞིག་རེད།
         དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད། མིག་སྔའི་ནད་ཡམས་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལས་ཐོབ་པར་དཀའ་བའི་འཕེལ་ཕྱོགས་བཟང་པོ་མངོན་ཡོད། ང་ཚོས་དེར་གཅེས་འཛིན་ལྡབ་བརྒྱ་བྱས་ནས། འཕེལ་ཚུལ་བཟང་པོ་འདི་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ནད་ཡམས་སྔོན་འགོག་ཚོད་འཛིན་བྱ་རྒྱུ་ནི་སྔར་བཞིན་མིག་སྔའི་ཁ་གཏུགས་ཀྱི་ལས་འགན་དེ་ཡིན། ཧུའུ་པེ་དང་ཝུའུ་ཧན་ནི་ནད་ཡམས་སྔོན་འགོག་ཚོད་འཛིན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཡུལ་དེ་ཡིན་པས་ལས་འགན་སྔར་བཞིན་ལྕི་པོ་ཡོད། ང་ཚོས་མུ་མཐུད་ནང་ཁྱབ་བཀག་འགོག་དང་། ཕྱིར་ཁྱབ་བཀག་འགོག་བྱེད་པའི་སྔོན་འགོག་ཚོད་འཛིན་བྱ་ཐབས་འཛིན་དགོས་པ་སྟེ། གཅིག་ནས་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་དང་། བསྡུ་བཅོས་གནས་སྤོ། དངོས་ཟོག་མཁོ་སྤྲོད་སོགས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་། དམ་འཛིན་ལེགས་པོ། དམ་འཛིན་ཞིབ་ཕྲ་བཅས་བྱེད་པ་དང་། གཉིས་ནས་རྒྱལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཐུན་མོང་ཐོག་འགག་གཏོར་ཐུབ་པ་བྱེད་དགོས།

         ཉིན་ཤས་རིང་། འཛམ་གླིང་ཧྲིལ་པོར་ནད་ཡམས་དེ་འགོས་ཁྱབ་འགྲོ་བཞིན་ཡོད་པ་དང་། ཀྲེ་ཅང་དང་། ཀོང་ཏུང་། པེ་ཅིང་སོགས་ས་ཁུལ་དུ་ཕྱིའི་རྒྱལ་ཁབ་ནས་ཡོང་བའི་ནད་པ་ཐོན་པས། སྔོན་འགོག་ཚོད་འཛིན་ལས་དོན་ལ་ཉེན་ཁ་གསར་པ་འཕྲད་བཞིན་ཡོད། དེར་བརྟེན། ང་ཚོས་དོགས་ཟོན་ཆེར་བསྐྱེད་བྱས་ནས། ནད་ཡམས་ཕྱི་རྒྱལ་ནས་འགོས་ཁྱབ་ཡོང་རྒྱུར་བཀག་འགོག་ནན་པོ་བྱེད་དགོས་ཏེ། གནམ་ཐང་དང་། གྲུ་ཁ། མེ་འཁོར་འབབ་ཚུགས་སོགས་སུ་དུས་ཐོག་ཡོངས་བཤེར་དང་། འགག་སྒོ་གནས་སྤོ་བྱེད་པ། ལོགས་དབྱེ་བྱ་ཐབས་བཅས་ཁྱོན་ཡོངས་ནས་སྤེལ་བ་དང་ཆབས་གཅིག ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རང་རྒྱལ་འདི་ཉིད་འགན་ཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་ཁབ་ཁག་དང་ཐུན་མོང་ཐོག་མིའི་རིགས་ཧྲིལ་པོར་འཕྲད་པའི་ནད་ཡམས་འདིར་འགོག་རྒོལ་བྱེད་དགོས།
         ནད་ཡམས་ཀྱིས་དཔལ་འབྱོར་ལ་གནས་སྐབས་བརྡབ་གསིག་བཟོ་བ་ནི་ལྡོག་ཐབས་མེད་པ་ཞིག་རེད། འོན་ཀྱང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་མཚམས་འཇོག་བྱེད་མི་རུང་། ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཐད་ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་རྒྱུ་སྔོན་འགྲོར་འཛིན་དགོས་པ་དང་། ཧུར་བརྩོན་དང་། རང་འགུལ། བརྟན་པོ་བཅས་ཀྱི་ཐོག་ནས་སྐུལ་འདེད་གཏོང་དགོས། དེ་ཡང་གཅིག་ནས། ལས་ཀ་དང་ཐོན་སྐྱེད་སླར་གསོ་དང་ནང་མཁོ་རྒྱ་སྐྱེད་གཏོང་རྒྱུ་གཉིས་ཟུང་འབྲེལ་བྱས་ནས། ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་པའི་བརྒྱུད་རིམ་ཁྲོད་ཐོན་པའི་འཛད་སྤྱོད་དགོས་མཁོ་གསར་པ་དང་། རིམ་འཕར་འཛད་སྤྱོད་གསོ་སྤེལ་སྟོབས་ཆེར་གཏོང་བ། 5Gདྲ་བ་དང་། གྲངས་གཞིའི་ལྟེ་བ་སོགས་རྣམ་པ་གསར་པའི་རྨང་གཞིའི་སྒྲིག་ཆས་ཁག་གོང་འཕེལ་གཏོང་བ་དང་། ཚོད་འཛིན་ཕོག་པ་དང་། བཀག་རྒྱ་ཕོག་པའི་འཛད་སྤྱོད་ཁག་སླར་གསོ་ཐུབ་པ་བྱེད་དགོས། ཕྱོགས་གཞན་ཞིག་ནས། ཕྱི་ཕྱོགས་སྒོ་དབྱེ་རྒྱ་སྐྱེད་གཏོང་བའི་བརྒྱུད་རིམ་ཁྲོད་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུར་སྐུལ་འདེད་བཏང་ནས། སྣེ་འདྲེན་ཁེ་ལས་ཀྱི་ལས་ཀ་དང་ཐོན་སྐྱེད་སླར་གསོར་འགན་སྲུང་བྱེད་པའི་ལས་དོན་ཁག་ལེགས་པོ་སྒྲུབ་པ་དང་། འཛམ་གླིང་ཧྲིལ་པོའི་མཁོ་སྤྲོད་མུ་ཁྱུད་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་བྱེད་པ། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་དང་། ཕྱི་དངུལ་བརྟན་པོ་ཡོང་བ་བྱེད་པའི་ལས་དོན་ཁག་ཧུར་ཐག་ངང་བསྒྲུབས་ནས། སྣེ་མང་རང་བཞིན་གྱི་རྒྱལ་སྤྱིའི་ཁྲོམ་ར་རྒྱ་སྐྱེད་གཏོང་དགོས།

         ནད་འགོག་དམག་འཐབ་མུ་མཐུད་རྒྱག་བཞིན་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། མིག་སྔའི་ཐོབ་པར་དཀའ་བའི་འཕེལ་ཕྱོགས་བཟང་པོ་འདི་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། མུ་མཐུད་ཚན་རིག་དང་མཐུན་པའི་འགོག་བཅོས་དང་། གནད་འཕིགས་ཇུས་འདོན། བརྟན་ཞིང་གོ་རིམ་ལྡན་པ་བཅས་དང་། དངོས་ཐོག་བདེན་འཚོལ་དང་། ཚང་མ་དོན་དངོས་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁུལ་དབྱེ་རིམ་དབྱེའི་སྒོ་ནས་གནད་ལ་འཕིགས་པའི་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་པ། འབད་བརྩོན་ཆེར་བསྐྱེད་ཀྱིས་ནད་ཡམས་ཀྱིས་བཟོས་པའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་ནས། རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་སྔ་ཙམ་ཁྱོན་ཡོངས་ནས་ཡང་དག་པའི་འཁོར་ལམ་ཐོག་ལོག་ཐུབ་པ་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་རྒྱུ་དང་། དབུལ་སྒྲོལ་འགག་གཏོར་དམིགས་ཚད་བསྒྲུབ་རྒྱུར་མཐུན་རྐྱེན་བསྐྲུན་དགོས།
འབྲེལ་ཡོད་རྩོམ་ཡིག