ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

ཨི་ཏ་ལིའི་བོད་རིག་པའི་མཁས་པ་གྲགས་ཅན་གྷིའུ་སེ་པེ་ཏུ་ཆི(Giuseppe•Tucci)

2014-11-12 ཚེ་བཀྲ
སྤྱི་ལོ ༡༩༣༣ ལོར། ཏུ་ཆིས་བོད་ལྗོངས་མངའ་རིས་སུ་བརྟག་དཔྱད་བྱེད་བཞིན་པའི་པར།
“བོད་ཡུལ་ནི་སྔར་བཞིན་བསམ་བློ་གསར་བ་དབའ་རླབས་བཞིན་མཆེད་ཀྱིན་པའི་འཇིག་རྟེན་དེའི་སྟེང་དུ་ཆགས་པའི་གནའ་བོའི་ཁེར་རྐྱང་གི་གླིང་ཕྲན་ཞིག་དང་འདྲ་སྟེ། དེར་འོད་སྟོང་འབར་བའི་རླབས་ཆེ་བའི་རིག་གནས་དང་ལྷན་སྐྱེས་ནས་བདོག་པའི་སྒྱུ་རྩལ་གྱི་ཚོར་ཤེས་རྣོན་པོ། རྒྱ་ཆེ་ཞིང་གཏིང་ཟབ་པའི་མི་ཆོས་ཀྱི་བྱམས་པ་ལྡན། ་་་ ་་་ བོད་ལྗོངས་ཀྱི་དུས་རིམ་བར་མའི་ཉམས་སྣང་གིས་ང་ཡི་ཡིད་སེམས་མྱོས་པར་གྱུར། ནུབ་ཕྱོགས་དང་བསྡུར་ཚེ། འདིར་ད་གཟོད་རང་ངོ་རང་གིས་ཟིན་ཏེ་རང་ཉིད་ཀྱི་བདག་པོ་བྱེད་ཐུབ་བོ” — གྷིའུ་སེ་པེ་ཏུ་ཆི།
   ཨི་ཏ་ལིའི་སྐད་གྲགས་ཆེ་བའི་བོད་རིག་པའི་ཆེད་མཁས་གྷིའུ་སེ་པེ་ཏུ་ཆི་ལགས་ནི། སྤྱི་ལོ ༡༨༩༤ ལོའི་ཟླ ༦ པར། ཨི་ཏ་ལིའི་མཱ་ཆེ་ལ་ཏ་རུ་སྐུ་འཁྲུངས། འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་སུ། དམག་ཏུ་ཞུགས་ཤིང་སྤྱི་ལོ ༡༩༡༩ ལོའི་ཟླ ༡༠ པར་དམག་ལས་ཕྱིར་བུད། ལོ་དེར་རཱོམ་སློབ་ཆེན་གྱི་རྩོམ་རིག་སྡེ་ཁག་ནས་མཐར་ཕྱིན་ཅིང་། རྒྱལ་ཚོགས་ཀྱི་དཔེ་མཛོད་ཁང་དུ་བྱ་བ་གཉེར། སྤྱི་ལོ ༡༩༢༥ ནས ༡༩༣༠ བར་དུ། ཏུ་ཆིས་རྒྱ་གར་དུ་སྡོད་པའི་ཨི་ཏ་ལིའི་གཞུང་ཚབ་ཀྱི་ཁོངས་མིའི་ཐོབ་ཐང་གིས་རྒྱ་གར་གྱི་རྒྱལ་ཁབ་སློབ་ཆེན་དང་ཀ་ལི་ཀ་ཏ་སློབ་ཆེན་གཉིས་སུ་ཨི་ཏ་ལིའི་ཡི་གེ་དང་རྒྱ་ནག་གི་ཡི་གེ་གཉིས་ཁྲིད་པ་དང་། སྤྱི་ལོ ༡༩༢༩ ལོར། ཨི་ཏ་ལི་སྐུ་དྲག་སློབ་གླིང་གི་གླིང་གཙོར་བདམས། ༡༩༣༠ ལོར། ཨི་ཏ་ལིའི་ནཱ་པོ་ལེ་སི་ཤར་ཕྱོགས་སློབ་གྲྭ་ཆེན་མོའི་ཀྲུང་གོའི་སྐད་བརྡ་དང་རྩོམ་རིག་གི་དགེ་རྒན་གཙོ་བོར་གདན་དྲངས་ཤིང་། སྤྱི་ལོ ༡༩༣༢ ལོར། རཱོམ་སློབ་ཆེན་གྱི་རྩོམ་རིག་དང་མཚན་ཉིད་རིག་པའི་སྡེ་ཁག་གི་རྒྱ་གར་དང་ཤར་མཐའི་ཆོས་ལུགས་དང་མཚན་ཉིད་རིག་པའི་སློབ་དཔོན་ཆེན་མོའི་འགན་ཁུར་པ་དང་། ༡༩༦༤ ལོར་ལས་གནས་ལས་བུད་ཅིང ༡༩༦༩ ལོར་ལས་འཁྱུར་ངལ་གསོ་བྱས། དེའི་ཕྱི་ལོར་ཕུལ་བྱུང་དགེ་རྒན་ཆེན་མོར་བདམས་ལ། སྤྱི་ལོ ༡༩༨༤ ལོར་ཨི་ཏ་ལིའི་ཊི་བོ་ལེར་སྐུ་གཤེགས།
   སློབ་ཁྲིད་མ་གཏོགས། ཏུ་ཆི་ཡིས་ད་དུང་ཡུལ་དངོས་ཀྱི་བརྟག་དཔྱད་བྱ་འགུལ་རབ་དང་རིམ་པ་མང་པོ་སྤེལ་མྱོང་ཞིང་། འབྲེལ་ཡོད་ཀྱི་ཞིབ་འཇུག་ལས་ཁུངས་བཙུགས་པ་དང་རིག་གཞུང་དུས་དེབ་ཀྱི་རྩོམ་སྒྲིག་པའང་བྱས་མྱོང་། སྤྱི་ལོ ༡༩༢༨ ནས ༡༩༤༨ ལོའི་བར་གྱི་བགྲང་བྱ ༢༠ ཡི་རིང་ལ། ཐེངས ༨ ལ་བོད་ཡུལ་དུ་བརྟག་དཔྱད་ཞིབ་འཇུག་ཏུ་བསྐྱོད་མྱོང་བ་དང་། ༡༩༢༥ ལོ་ནས ༡༩༥༤ ལོའི་བར་དུ་ཐེངས ༦ ལ་བལ་ཡུལ་དུ་བསྐྱོད་ནས་བརྟག་དཔྱད་བྱས། ཁོང་གིས་ད་དུང ༡༩༥༥ ལོ་ནས་བཟུང་སྔ་རྗེས་སུ་ཕ་ཀི་སི་ཐན་དང་ཨབ་གྷན། ཨི་རན་སོགས་སུ་གནའ་རྫས་རྟོག་ཞིབ་ཀྱི་བྱ་བ་གཉེར། ༡༩༣༣ ལོར། ཁོང་གིས་ཨི་ཏ་ལིའི་སྐད་གྲགས་ཆེ་བའི་ཤར་དབུས་དང་ཤར་མཐའི་ཞིབ་འཇུག་ཁང་བཙུགས་པ་དང ༡༩༤༧ ལོ་ནས ༡༩༧༨ ལོའི་བར་དུ་ཞིབ་འཇུག་ཁང་དེའི་དབུ་འཛིན་བྱས། ཏུ་ཆི་ལགས་དུས་དེབ་འགའ་ཤས་ཀྱི་རྩོམ་སྒྲིག་པ་བྱེད་མྱོང་སྟེ། 《ཆོས་ལུགས་ཀྱི་འབྱུང་ཁུངས》དང《ཨི་ཏ་ལིའི་དབུས་ཤར་དང་ཤར་མཐའི་ཞིབ་འཇུག་ཁང་གི་དུས་དེབ》《ཨེ་ཤེ་ཡ》《ལྐོག་གྱུར་གྱི་ཚན་རིག་དང་ཚན་རིག་གི་ལྐོག་གྱུར》《ཤར་ཕྱོགས་དང་ནུབ་ཕྱོགས》བཅས་ཀྱི་གཙོ་སྒྲིག་པ་དང་། དཔེ་ཚོགས་འགའ་ཤས་ཀྱི་གཙོ་སྒྲིག་པའི་འགན་ཡང་འཁུར་མྱོང་སྟེ། 《རཱོམ་གྱི་ཤར་ཕྱོགས་དཔེ་ཚོགས》དང《ཨི་ཏ་ལིའི་ཤར་དབུས་དང་ཤར་མཐའི་ཞིབ་འཇུག་ཁང་གི་ཨེ་ཤེ་ཡའི་གནའ་རྫས་གཏེར་འདོན་དང་ཞིབ་འཇུག་ལྟེ་གནས་ཀྱི་སྙན་ཞུ་དང་དཔྱད་རྩོམ་ཕྱོགས་སྒྲིག》སོགས་ཀྱི་དཔེ་ཚོགས་འགའ་ཤས་ཀྱི་གཙོ་སྒྲིག་པའི་འགན་ཡང་འཁུར་མྱོང་ཡོད།
   ཏུ་ཆི་ནི་བརྟག་དཔྱད་ཁྲོད་ལོ་རྒྱུས་ཀྱི་དོན་སྙིང་འཚོལ་བར་དགའ་བ་ཞིག་སྟེ། ཁོང་གིས“གལ་ཏེ། ཚན་རིག་གིས་ཁོ་བོའི་ཀྱག་ཀྱོག་གི་ཨེ་ཤེ་ཡའི་ལྗོངས་རྒྱུ་མགོ་བརྩམས་པར་བྱས་པ་རེད་ལབ་ན། ཚན་རིག་གི་སྐུལ་ལྕག་འདི་ནི་ང་རང་གི་ལྷན་སྐྱེས་སུ་མངའ་བའི་རྒྱང་སྐྱོད་ལ་སྙེགས་པ་དང་རང་དབང་དང་ཐང་སྟོང་ལ་ཕྱོགས་པའི་གཤིས་ཀ་དང་། དེ་བཞིན་ཁོ་བོའི་སེམས་ཀྱི་རྨི་ལམ་སྒྱུ་མ་ལྟ་བུའི་ཕུགས་བསམ་མངོན་འགྱུར་བཅས་ལ་བསྟུན་པར་བྱས་པ་ཞིག་ཡིན་ལ། ཕུགས་བསམ་འདི་མངོན་འགྱུར་འོངས་དགོས་ན། ནམ་རྒྱུན་ཕྲད་བཞིན་པའི་མི་ཚོགས་དང་ཁ་བྲལ་ཏེ། ཁེར་རྐྱང་གིས་རྒྱལ་ཁམས་བསྐོར་ཅིང་། ཉིན་རེ་རེར་ཁོར་ཡུག་གསར་བའི་ནང་དུ་འཚོ་བར་བྱས་ནས། ངོ་གདོང་གསར་བ་ལ་ཕྲད་པར་བྱ་དགོས”ཟེར།
   བོད་ཡུལ་གྱིས་ཏུ་ཆིའི་ཡིད་སེམས་རབ་ཏུ་བཀུག་འདུག་སྟེ། ཁོང་གིས“བོད་ཡུལ་ནི་སྔར་བཞིན་བསམ་བློ་གསར་བ་དབའ་རླབས་བཞིན་མཆེད་ཀྱིན་པའི་འཇིག་རྟེན་དེའི་སྟེང་དུ་ཆགས་པའི་གནའ་བོའི་ཁེར་རྐྱང་གི་གླིང་ཕྲན་ཞིག་དང་འདྲ་སྟེ། དེར་འོད་སྟོང་འབར་བའི་རླབས་ཆེ་བའི་རིག་གནས་དང་ལྷན་སྐྱེས་ནས་བདོག་པའི་སྒྱུ་རྩལ་གྱི་ཚོར་ཤེས་རྣོན་པོ། རྒྱ་ཆེ་ཞིང་གཏིང་ཟབ་པའི་མི་ཆོས་ཀྱི་བྱམས་པ་ལྡན། ་་་ ་་་ བོད་ལྗོངས་ཀྱི་དུས་རིམ་བར་མའི་ཉམས་སྣང་གིས་ང་ཡི་ཡིད་སེམས་མྱོས་པར་གྱུར། ནུབ་ཕྱོགས་དང་བསྡུར་ཚེ། འདིར་ད་གཟོད་རང་ངོ་རང་གིས་ཟིན་ཏེ་རང་ཉིད་ཀྱི་བདག་པོ་བྱེད་ཐུབ་བོ”ཟེར། ཁོང་གིས་བོད་རིག་པའི་ཞིབ་འཇུག་བྱ་བ་ནི་འདི་ལྟར་བོད་ཡུལ་ལ་ནང་སེམས་ཀྱི་མཇལ་སྐོར་ཞིག་བྱ་འདོད་ཀྱི་འདུན་པས་དྲངས་ཏེ་མགོ་བརྩམས་པར་བྱས་འདུག
   བོད་རིག་པ་ཞིབ་འཇུག་ནི་ཏུ་ཆིའི་མི་ཚེའི་ཁྲོད་ཀྱི་རིག་གཞུང་ཞིབ་འཇུག་གི་ཁ་ཕྱོགས་ཆེས་གཙོ་བོ་དེ་ཡིན། ཁོང་གི་བོད་རིག་པའི་ཞིབ་འཇུག་ཁྲོད་ཀྱི་གྲུབ་འབྲས་ནི། ལོ་ངོ་མང་པོའི་རིང་ལ་བོད་ཡུལ་དུ་ལྗོངས་རྒྱུར་ཉུལ་བ་དང་། བརྟག་དཔྱད་བྱས་པ། དེ་བཞིན་སྐད་ཆའི་རྣམ་དཔྱོད་བཅས་ལ་བརྟེན་ནས་བླངས་པ་ཞིག་ཡིན། ནཱ་ལེ་སི་ནི(0.Nalesini)ཡི《གྷིའུ་སེ་པེ་ཏུ་ཆི་ཡི་བོད་ཡུལ་ཉུལ་ཐོ་དང་བརྟག་དཔྱད》ཞེས་པའི་དེབ་ཏུ། “སྐད་ཆའི་རྣམ་དཔྱོད་ཀྱིས་ཏུ་ཆི་དང་བོད་ཡུལ་གྱི་ཡོན་ཚད་མི་འདྲ་བའི་མང་ཚོགས་བར་ལ་འབྲེལ་བ་འཛུགས་པར་ཕན་པ་ཆེན་པོ་ཐོགས་འདུག བོད་སྐད་དང་རྒྱ་སྐད་ནི་བཤད་མི་དགོས་ཏེ། སམ་སྐྲྀ་ཏའི་སྐད་ཀྱང་ཕུལ་དུ་བྱུང་བ་ཞིག་མཁྱེན་པས། ཏུ་ཆི་ཡིས་མཐོ་བ་སྟོབས་ཤིན་ཏུ་ཆེ་བའི་དགོན་བདག་ལ་གོ་སྐོན་བློ་འགུག་བྱེད་ཐུབ་ཅིང་། ཐོགས་རྡུགས་མེད་པའི་རྒྱ་གར་སྐད་ཀྱིས་རྒྱ་གར་གྱི་སྲིད་གཞུང་དང་འབྲེལ་བ་བྱེད་ཐུབ་པ་མ་ཟད། དམའ་བ་ཐང་ཚོང་མཁན་དང་ཡང་རིན་གོང་གཏམ་རེས་བྱེད་ཐུབ”ཞེས་བྲིས་འདུག
   ཐེངས་མང་པོར་བོད་ཡུལ་དུ་ཉུལ་བ་བརྒྱུད། ཏུ་ཆི་ཡིས་བོད་རིག་པ་དང་འབྲེལ་བའི་བརྩམས་ཆོས་ཤིན་ཏུ་མང་པོ་སྤེལ། དཔེར་ན《ལྷ་ས་དང་བོད་བརྒྱུད་ནང་བསྟན》ཞེས་པ་དང་། 《རྒྱ་གར་དང་བོད་ཡུལ》《༡༩༣༣ ལོའི་བོད་ལྗོངས་ནུབ་ཕྱོགས་ཀྱི་བརྟག་དཔྱད་ཉམས་ཞིབ་ཀྱི་ཉིན་ཐོ》《བོད་ཡུལ་གྱི་གྲུབ་ཐོབ་པ་དང་ཇག་པ》《བོད་ཀྱི་སྐྱེ་འཆིའི་དེབ》《བོད་ལྗོངས་རིས་བྲིས》《བོད་ཡུལ་གྱི་ཆོས་ལུགས》《བོད་ཡུལ་གྱི་གནའ་རྫས་ཞིབ་འཇུག》སོགས་ཡོད་ལ། འདི་དག་གིས་བོད་རིག་པ་ཞིབ་འཇུག་གི་གོམ་སྟབས་ཆེན་པོ་གཅིག་སྤོ་བར་བྱས་ཡོད། དེ་དང་བསྟུན་ནས། ཁོང་གིས་བོད་ཡིག་གི་དཔྱད་གཞིའི་ཡིག་ཆ་དང་འདྲ་པར་མང་པོ་ཞིག་བདག་ཉར་བྱས་ཏེ་ཕྱིས་ཀྱི་བོད་རིག་པའི་ཞིབ་འཇུག་གི་བྱ་བར་རྨང་གཞི་བརྟན་པོ་བཏིངས།
   ཨི་ཏ་ལིའི་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཀ་ཞིབ་འཇུག་གླིང་གི་དཔེ་མཛོད་ཁང་གིས་ཉར་བའི《ཏུ་ཆིའི་བོད་ཡིག་ཡིག་མཛོད》ལ་ཆ་བཞག་ན། དེ་ནི་ཏུ་ཆི་ཡིས་བོད་ལྗོངས་ནུབ་ཁུལ་དང་དབུས་ཁུལ་དུ་བརྟག་དཔྱད་བྱས་རིང་དུ་འཚོལ་སྡུད་བྱས་པ་ཡིན་ལ། ཤིང་དཔར་དང་ལག་བྲིས་མ་འགའ་ཤས་བཟོས་པ་ཚགས་ཤིན་ཏུ་ཞིབ་སྟེ། དེ་དག་ནི་དེང་སང་མཐོང་དཀོན་པའི་གནའ་བོའི་དཔར་བསྐྲུན་ལག་ཤེས་ཀྱི་བདེན་དཔང་ལྟ་བུར་འདུག ཏུ་ཆི་ཡིས་བོད་ལྗོངས་སུ་བལྟ་སྐོར་བྱེད་རིང་དུ་བླངས་པའི་པར་དག་གི་བརྗོད་བྱ་དག་སྣ་ཚོགས་སུ་འདུག་སྟེ། གནའ་ཤུལ་དང་ཆོས་དཔེ། ཡུལ་ལྗོངས། མི་སྣ། དེ་བཞིན་ཉིན་རྒྱུན་འཚོ་བའི་འགྱུར་ལྡོག་སོགས་བླངས་ཡོད་ལ། འདིས་ཀྱང་བོད་རིག་པའི་ཞིབ་འཇུག་ལ་བོད་ཡུལ་གྱི་ལོ་རྒྱུས་དང་རིག་གནས་སོགས་ཀྱི་རིན་ཐང་བྲལ་བའི་རྒྱུ་ཆ་མཁོ་འདོན་བྱས་ཡོད་དོ༎ (རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག