སི་ཏེན་ནི།(Rolf Alfred Stein,石泰安1911-1999)ཧྥ་རན་སིའི་སྐད་གྲགས་ཆེ་བའི་བོད་རིག་པའི་མཁས་པ་ཞིག་ཡིན། ཁོང་ནི་འཇར་མན་གྱི་སི་ཝེ་ཙིའི་ལྗེའུ་རིགས་ཀྱི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཤིང་། ན་གཞོན་སྐབས་སུ་འཇར་མན་སྦིར་ལིན་སློབ་ཆེན་ཏུ་རྒྱ་ཡིག་ཆེད་སྦྱོང་བྱས་ཏེ་སློབ་མཐར་ཕྱིན། སྤྱི་ལོ༡༩༣༣ལོར་འཇར་མན་གྱི་ཧྥ་ཤི་སི་ལ་གཡོལ་ཆེད་དུ་ཧྥ་རན་སིར་འོངས་པ་དང་། ལོ་དེའི་ཕྱི་ལོར། ཧྥ་རན་སིའི་རྒྱལ་གཉེར་ཤར་ཕྱོགས་དེང་རབས་སྐད་བརྡའི་སློབ་གླིང་དུ་ཆས་ནས། རྒྱ་རིག་པའི་མཁས་ཆེན་གྷོ་ལན་ཡཱན(葛兰言Marcel Granet)དགེ་རྒན་དུ་བསྟེན་ནས་མུ་མཐུད་དུ་རྒྱ་ཡིག་སྦྱངས་ཤིང་། ཞོར་ལ་སྐུ་ཞབས་ཇ་ཁེ་བྷ་ཁོ(Jacques Bacot)དང་མཱར་སེ་ལེ་ལཱ་ལོའུ(Marcelle Lalou)རྣམ་གཉིས་ཀྱི་མཛུབ་སྟོན་འོག་བོད་ཡིག་སྦྱངས། སློབ་མཐར་ཕྱིན་རྗེས་ཧྥ་རན་སིའི་རྒྱའི་རིག་པ་ཞིབ་འཇུག་ཁང་དུ་ཕྱག་ལས་གཉེར།
འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ། སི་ཏེན་རྒྱ་གར་དང་ཀྲུང་གོའི་ས་མཚམས་སུ་འཇར་འགོག་དམག་འཁྲུག་ལ་ཞུགས་མྱོང་ལ། སྔ་གཞུག་ཏུ་སྒྱོགས་དམག་དང་ཧྥ་རན་སིའི་དམག་སྤྱི་པུའུ་གཉིས་ལ་ལོ་ཙཱ་བྱས་མྱོང་པ་དང་། བར་སྐབས་ཤིག་ལ་ཉི་ཧོང་བཙན་འཛུལ་དམག་གི་བཙོན་པརའང་གྱུར་མྱོང་། སྤྱི་ལོ ༡༩༤༦ ལོར། ཁོང་ཧྥ་རན་སིའི་ཤར་མཐའི་སློབ་གླིང་གི་ཞིབ་འཇུག་པའི་ཚུལ་གྱིས་ལས་གནས་བསྐྱར་གསོ་བྱས་ཤིང་། སློབ་གླིང་གིས་ཁོ་རང་ཀྲུང་གོའི་ཁུང་མིང་དང་ཁྲེང་ཏུ། པེ་ཅིང་དང་ནང་སོག་སོགས་སུ་མངགས་ནས་བརྟག་དཔྱད་ཞིབ་འཇུག་གི་འགན་བགོས་ཤིང་ཕྱིས་སུ་པེ་ཅིང་གི་རྒྱའི་རིག་པ་ཞིབ་འཇུག་ཁང་དུ་བྱ་བ་གཉེར་བ་དང་ཀྲུང་གོར༡༩༤༩ལོའི་བར་དུ་བསྡད། ཁོང་གིས་དགེ་རྒན་གྷོ་ལན་ཡཱན་དང་མཱར་སེ་ལེ་རྣམ་གཉིས་ཀྱིས་བོད་རིག་པ་དང་སོག་པོ། དེ་བཞིན་བོད་རྒྱའི་མཐའ་མཚམས་མི་རིགས་ཀྱི་རིག་གནས་ལ་ཞིབ་འཇུག་བྱ་དགོས་པའི་བསླབ་བྱ་མ་བརྗེད་པར། པེ་ཅིང་དུ་སྡོད་རིང་། ནང་སོག་དང་བོད་ལྗོངས་མཐའ་མཚམས་ཁུལ་དུ་ཐེངས་མང་པོར་ལྗོངས་རྒྱུ་ལ་ཆས་ཤིང་། རཱོཀ(J.F.Rock)དང་མཉམ་དུ་ཡུན་ནན་ལ་ཐེངས་གཅིག་ཆས་མྱོང་།
སྤྱི་ལོ ༡༩༤༩ ལོར། སི་ཏེན་ཧྥ་རན་སིར་ཕྱིར་ལོག་ཏེ་རྒྱལ་གཉེར་དེང་རབས་ཤར་ཕྱོགས་སྐད་བརྡའི་སློབ་གླིང་གི་དགེ་རྒན་ཆེན་མོའི་འགན་བཞེས། སྐབས་འདིར་ཁོང་གིས་ཉེ་བའི་ལོ་བཅུ་གྲངས་རིང་ལ་ཨེ་ཤེ་ཡ་ཤར་མར་འཚོལ་སྡུད་བྱས་པའི་རྒྱུ་ཆ་མཐའ་དག་ཀློག་ནུས་ཤིང་ཐོག་མར་སྤེལ་བའི་ཞིབ་འཇུག་བརྩམས་ཆོས་ནི་མི་ཉག་གི་སྐོར་རེད། སྤྱི་ལོ ༡༩༥༡ ལོར། གྷོ་ལན་ཡཱན་གྱི་འཕྲོ་བསྐྱངས་ནས་ཕཱ་རི་སིའི་མཐོ་རིམ་ཞིབ་འཇུག་གླིང་གི་ཆོས་ལུགས་ཚན་རིག་སྡེ་ཁག་གི“ཀྲུང་གོ་དང་ཨེ་ཤེ་ཡའི་ཤར་མཐའི་ཆོས་ལུགས་ཀྱི”དགེ་རྒན་ཆེན་མོ་བྱས་པ་དང་། ༡༩༥༧ ལོར་སྡེ་ཁག་འདིའི་མིང“ཨེ་ཤེ་ཡའི་ཤར་མཐའ་དང་ཀྲུང་གོའི་དཔྱད་བསྡུར་ཆོས་ལུགས་རིག་པ་དང་བོད་རིག་པ”ལ་བརྗེས་པ་དང་ཁོང་སྔར་བཞིན་དེར་དགེ་རྒན་ཆེན་མོ་བྱས། ༡༩༥༤ ལོ་ནས ༡༩༦༦ ལོར་འབྲས་ལྗོངས་ནང་ལ་ཚུད་པའི་ཧི་མ་ལ་ཡའི་མཐའ་འཁོར་དུ་ཐེངས་གཉིས་ལ་རྟོག་ཞིབ་དུ་ཆས། ཁོང་བོད་ཀྱི་ལོ་རྒྱུས་དང་ཆོས་ལུགས། རྩོམ་རིག སྐད་བརྡ་སོགས་ལ་ཞིབ་འཇུག་བྱེད་རྒྱུར་ཤིན་ཏུ་དགའ་པོ་ཡོད་པས། ཞིབ་འཇུག་གི་ཁྱབ་ཁོངས་ཤིན་ཏུ་ཡངས་པའི་མཁས་པ་ཞིག་ཡིན། ལོ་ངོ་བཅུ་ལྷག་རིང་གི་རིག་གཞུང་ཞིབ་འཇུག་ཁྲོད། ཁོང་གིས་དཔྱད་རྩོམ་དང་ཆེད་དེབ་མང་པོ་བརྩམས་ཡོད་དེ། གཙོ་བོ་འགའ་ཞིག་ནི། 《གེ་སར་སྒྲུང་དང་སྒྲུང་པའི་ཞིབ་འཇུག》(འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ། ༡༩༥༩ ལོར《རྒྱ་ནག་ཞིབ་འཇུག་དཔེ་ཚོགས》ཁྲོད་ཀྱི་དེབ་གཅིག་ཏུ་བྱས་དེ་ཕཱ་རི་སིར་པར་དུ་བསྐྲུན)《བོད་ཀྱི་ཤེས་རིག》《བོད་ཀྱི་ཟློས་གར》《བོད་ཡིག་མིང་ཁུངས་རིག་པའི་རེག་ཟིག》《མི་ཉག་དང‘ཞི་ཞ’》《བོད་བརྒྱུད་ནང་བསྟན་ལུགས་ཀྱི་འབག》《རྒྱ་བོད་འདྲེས་མཚམས་ཀྱི་ཆཱང》《བོད་བརྒྱུད་ནང་བསྟན་གྱི་འཆམ་དང་རྣམ་ཤེས་སྐོར་གྱི་གཞུང་ལུགས》《གེ་སར་རྒྱལ་པོ་འཁྲུངས་རབས་བྲིས་ཐང》《རྒྱ་བོད་ས་མཚམས་ཀྱི་གུ་པུ་རིགས》《བོད་ཀྱི་ལོ་རྒྱུས་སྙན་ངག་གི་གནའ་དཔེ》《གནའ་རབས་བོད་ཀྱི་ལོ་རྒྱུས་ལས་གནད་གཉིས་ཀྱི་འགྲེལ་བ》《བོད་ཀྱི་བླ་མ་སྙན་དངགས་པ་ཞིག》《འབྲུག་པ་ཀུན་ལེགས་ཀྱི་གསུངས་རྩོམ》《འབྲུག་པ་ཀུན་ལེགས་ཀྱི་མཛད་རྣམ་དང་མགུར་གླུ》《གེ་སར་སྒྲུང་གི་འཇུག་ངོགས》《མི་ཉག་གམ་ཞི་ཞ་ཡི་རྒྱུ་ཆ་གསར་བ》《བོད་རྒྱའི་ཐ་སྙད་ཀྱི་གཤིབ་བསྡུར》《བོད་ཆོས་ཀྱི་ཞང་ཞུང་སྐད》《ཏུན་ཧོང་གཏེར་ཡིག་ལས་བོད་ཆོས་ཀྱི་ཆོ་གའི་སྐོར》སོགས་བརྩམས་ཡོད་ལ། དུས་རབས་སྔོན་མའི་ལོ་རབས༨༠བ་ནས་བཟུང་ཁོང་གི་བརྩམས་ཆོས་འགའ་ཞིག་རྒྱ་ཡིག་ཏུ་བསྒྱུར་བས། རང་རྒྱལ་གྱི་བོད་རིག་པ་ཞིབ་འཇུག་གི་སྡེ་ཡིས་དོ་སྣང་དང་གདེང་འཇོག་ཆེན་པོ་མཛད།
བོད་ཀྱི་ལོ་རྒྱུས་སྙན་རྩོམ་གྱི་ཞིབ་འཇུག
དུས་རབས་སྔོན་མའི་ལོ་རབས ༥༠ པ་ནས་བཟུང་། སི་ཏེན་གྱིས་བོད་ཀྱི་ལོ་རྒྱུས་སྙན་ངག་གི་ཞིབ་འཇུག་བྱ་བར་མགོ་བརྩམས། ཁོང་ལོ་རྒྱུས་སྙན་རྩོམ་རིང་མོ《གེ་སར་སྒྲུང》ལ་ལོ་འགའ་ཤས་ཤིག་གི་སྔོན་ནས་སྤྲོ་བ་སྐྱེས་ཡོད་པར་འདུག་ཏེ། སྤྱི་ལོ༡༩༤༠ལོའི་ཟླ༥པར། ཁོང་གིས《བོད་ཀྱི་དམངས་ཁྲོད་ལོ་རྒྱུས་སྙན་ངག་ཅིག》ཞེས་པའི་རྩོམ་ཡིག་ཅིག་སྒྲོག་སྦྱངས་བྱས་འདུག་པ་དང ༡༩༥༦ ལོར། ཁོང་གིས་དར་རྩེ་མདོའི་ཤིང་དཔར་ལས་བཤུས་ཏེ་བྲིས་པའི་གླིང་སྒྲུང་གི་ལེའུ་གསུམ་གྱི་ནང་དོན་སྤེལ་འདུག་ཅིང་། དེ་སྤེལ་སྐབས་སུ་ཁོང་གིས་ཧྥ་རན་སིའི་ཡི་གེས་རིན་ཐང་ཅན་གྱི་དཔྱད་བརྗོད་རྩོམ་ཡིག་ཅིག་ཀྱང་བཀོད་འདུག་ལ། དུས་རྒྱུན་མི་བཀོལ་བའི་ཚིག་དང་ཡུལ་སྐད་ཐ་སྙད་ཀྱི་རེའུ་མིག་ཞིག་ཀྱང་བཟོས་འདུག
ཡང་ཁོང་གིས་གེ་སར་རྒྱལ་པོའི་འཇིམ་སྐུ་ལ་ཞིབ་འཇུག་བྱས་རྗེས་སུ། བོད་ཀྱི་ལོ་རྒྱུས་སྙན་རྩོམ་དང་སྙན་ངག་པའི་སྐོར་གྱི་བརྩམས་ཆོས་རིང་བོ་ཞིག་སྤེལ། ཤོག་གྲངས ༦༠༠ ལྷག་ཡོད་པའི་ཁོང་གི་འབུམ་རམས་པའི་མཐར་ཕྱིན་དཔྱད་རྩོམ་འདི་ནི་བགྲང་བྱ་ཉི་ཤུ་ལྷག་གི་རིང་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལ་སྤྱི་བསྡོམས་བྱ་པ་ལྟ་བུ་ཞིག་སྟེ། བོད་ཀྱི་རིག་གནས་ལོ་རྒྱུས་ཞིབ་འཇུག་གི་བྱ་བར་བྱས་རྗེས་མི་དམན་པ་བཞག་ཡོད། དེ་དང་ཞོར་ལ་ཁོང་གིས་བོད་རྒྱའི་ས་མཚམས་སུ་ཡོད་པའི་མི་རིགས་སྐོར་ལ་དཔྱད་རྩོམ་བྲིས་ཤིང་། བརྩམས་ཆོས་དེ་དག་ཏུ་ལོ་རྒྱུས་ས་བབ་དང་ངག་རྒྱུན་གཞི་གཅིག་ཏུ་འདུས་པར་བྱས་པས་སྐབས་འདིར་ཐོན་ཙ་ན་བྱེད་ཐབས་འདི་ནི་ཁོང་གི་རིག་གཞུང་ཉམས་ཞིབ་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ཏུ་གྱུར་ཡོད།
ལོ་རྒྱུས་སྙན་རྩོམ་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་གལ་ཆེན།
སི་ཏེན་གྱིས་མཐོ་རིམ་ཞིབ་འཇུག་ཁང་དུ་མགོ་བཙུགས་པའི་རིག་གཞུང་འཆད་ཁྲིད་ཀྱིས་བོད་ཀྱི་ལོ་རྒྱུས་སྙན་རྩོམ་ལ་ཞིབ་འཇུག་བྱ་བའི་མུ་སྐྱོང་བར་བྱས་ཤིང་། མཐར་ཞིབ་འཇུག་གྲུབ་འབྲས་སུ《བོད་ཀྱི་ལོ་རྒྱུས་སྙན་རྩོམ་གྱི་གནའ་དཔེ་ཞིག》དང《གེ་སར་སྒྲུང་གི་དཔྱད་མཆན》བརྩམས་པ་དང་འདིའི་ཕྱོགས་ལ་ཞིབ་འཇུག་བྱེད་མཁན་གྱི་སློབ་བུ་བསྐྱངས། ༡༩༦༢ ལོར། ཁོང་གིས་ཕྱིས་སུ་ཤུགས་རྐྱེན་ཆེས་ཆེ་ཞིང་ཤིན་ཏུ་རྒྱུགས་ཆེ་བའི་གསུང་རྩོམ《བོད་ཀྱི་ཤེས་རིག》བརྩམས། ཁོང་གི་ཞིབ་འཇུག་བྱ་བའི་སྟོད་ཀྱི་ཆར་ཆོས་ཕྱོགས་ལ་དོ་སྣང་ཆེར་བྱས་མེད་པར་གཙོ་བོ་དམངས་ཁྲོད་སྲོལ་རྒྱུན་གྱི་ཕྱོགས་ཡིན་མོད་ཀྱང་། ཕྱིས་སུ་ཡུན་གྱིས་ནང་བསྟན་དང་རྒྱའི་ཏོ་ལུགས་པའི་གསུངས་རྩོམ་ཁག་ལ་ཞིབ་འཇུག་བྱས་པར་གྱུར། སྤྱི་ལོ ༡༩༦༣ ལོར། ཁོང་གིས་བརྩམས་ཆོས་གལ་ཆེན་ཞིག་སྤེལ་བ་ནི《སྤྱི་ལོའི་དུས་རབས་གཉིས་པའི་སྐབས་ཀྱི་ཏོ་ལུགས་པའི་ཆབ་སྲིད་དང་ཆོས་ལུགས་ལས་འགུལ་གྱི་དཔྱད་བརྗོད》ཡིན་ལ། དེབ་འདིར་ཁོང་གིས་དུས་རབས་གཉིས་པའི་སྐབས་ཀྱི་ཏོ་ལུགས་པ་དག་གི་སྟོང་སྣང་རིང་ལུགས་ཀྱི་ཕུགས་བསམ་དང་ཆོས་ཚོགས་ཀྱི་སྒྲིག་གཞི་ལ་བསྐྱར་དུ་དབྱེ་ཞིབ་བྱས་ཤིང་། རིག་གནས་ཕན་ཚུན་བར་ཐེབས་པའི་ཤུགས་རྐྱེན་ལ་བརྟག་དཔྱད་ཞིབ་མོ་བྱས་ཡོད།
གསང་སྔགས།
ཆོས་ལུགས་གཤིབ་བསྡུར་རིག་པ་བར་མཚོན་ན། གསང་སྔགས་ནི་ཆེས་དཀའ་བའི་ཞིབ་འཇུག་བྱ་ཡུལ་ཞིག་ཡིན་པ་སྨྲོས་མ་དགོས་ཏེ། དེར་རྒྱ་གར་གྱི་ཧིན་རྡུའི་ཆོས་དང་སངས་རྒྱས་ཆོས་ལུགས་གཉིས་ཀ་འདྲེས་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་གར་ནས་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ཏུ་དར་བའི་གོ་རིམ་ཁྲོད། ས་གནས་ཀྱི་ཆོས་ལུགས་ཁག་གི་ཆོ་ག་དང་ལྷ་སྲུང་ཡང་ནང་དུ་འདྲེན་པར་བྱས་པས་ན། ཡུན་གྱིས་སྤྱི་ཚོགས་རིམ་པ་སོ་སོའི་ཆོས་ལུགས་བྱེད་སྒོ་ཀུན་གྱི་ནང་དུ་འདྲེས་པར་གྱུར། སངས་རྒྱས་ཆོས་ལུགས་དང་ཏོ་ལུགས་གཉིས་ལ་མཚོན་ན། དམ་པ་དག་ནི་རྟག་པར་ཆོས་ལུགས་ཀྱི་བཅས་པ་ལས་ལྡོག་པའི་སྤྱོད་ལམ་གཉེར་བའི་སྨྱོན་པའི་བརྟུལ་ཞུགས་ཅན་སྟེ། སྔགས་ལུགས་ཀྱི་གྲུབ་ཆེན་དང་ཏོ་ལུགས་པའི་ཀྲིན་རིན་ནི་འཆལ་པོའི་བརྟུལ་ཞུགས་འཛིན་པའི་ཐད་ནས་ཤིན་ཏུ་འདྲའོ༎ མདོར་ན། འདི་དག་ཡོད་ཚད་སི་ཏེན་གྱི《འབྲུག་པ་ཀུན་ལེགས་སྐོར་གྱི་བོད་ཡིག་གི་ཡིག་ཆ》དང《འབྲུག་པ་ཀུན་ལེགས་ཀྱི་མཛད་རྣམ་དང་མགུར་གླུ》《འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐད་ལས་བོད་ཡིག་གི་ཐ་སྙད》སོགས་ཀྱི་ནང་རྒྱས་པར་བྲིས་ཡོད།
སི་ཏེན་གྱིས་ཧྥ་རན་སིའི་སློབ་གླིང་དུ ༡༩༨༡ ལོའི་ཟླ ༡༠ བའི་རྒན་ཡོལ་བྱེད་རག་བར་དུ་དགེ་རྒན་ཆེན་མོའི་འགན་བཞེས་ཤིང་། ༡༩༩༡ ལོར་དགོངས་པ་རྫོགས། བོད་ཀྱི་ལོ་རྒྱུས་སྙན་རྩོམ་དང་རིག་གནས་ལོ་རྒྱུས། ཏོ་ལུགས་ཞིབ་འཇུག་དང་རྒྱའི་དམངས་ཁྲོད་ཆོས་ལུགས་ཞིབ་འཇུག་གི་ཐད་ལ་འབྲས་བུ་མི་དམན་པ་བླངས་ཡོད་ལ། ཤུལ་འཛིན་པའི་སློབ་མའང་མང་པོ་ཞིག་བསྐྱངས་ཡོད་དོ།།(རྩོམ་འགན་པ། རྟ་མགྲིན)