ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

བོད་ཀྱི་རོལ་མོ་པ་མིག་ལོང་ཞིག་གི་མི་ཚེའི་གཏམ་རྒྱུད།

2015-04-29

《ཨ་ཇོ་བསོད་ནམས་རྡོ་རྗེ》དང《ཟླ་བ་གཞོན་ནུ》ཞེས་པ་སོགས་དུས་རབས་སྔོན་མའི་དུས་སྟོད་ཀྱི་སྟོད་གཞས་བཅུ་ཕྲག་ལྷག བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་བྱུང་ཞིང་། ད་བར་མ་ཉམས་པར་ས་ཁུལ་སོ་སོར་རླུང་ལྟར་གྲགས་བཞིན་འདུག

འོན་ཀྱང་། ད་ལྟའི་དམངས་གླུ་དེ་དག་བསྐྱར་ལེན་བྱེད་མཁན་དག་གིས། སྟོད་གཞས་དེ་ཚོ་ནི་བོད་ཀྱི་རོལ་དབྱངས་པ་མིག་ལུང་ཨ་ཇོ་རྣམ་རྒྱལ་བྱ་བ་ཞིག་གིས་གསར་རྩོམ་གནང་བ་ཡིན་པ་ཧ་གོ་མཁན་དཀོན། རྣམ་ རྒྱལ་ནི ༡༨༩༤ ལོར་བོད་ལྗོངས་དྭགས་པོ་ས་ཁུལ་གྱི་གླང་རྫོང་གི་ཁྱིམ་ཚང་དབུལ་བོ་ཞིག་ཏུ་སྐྱེས།

བྱིས་པའི་དུས་སུ། ཕ་མ་གཉིས་རི་མགོར་འབུད་ཤིང་འཐུ་རུ་འགྲོ་སྐབས་ཞིག་ལ། རྣམ་རྒྱལ་སྒྲིལ་གཟན་ནང་དུ་བཞག་ནས་ཡོད་པའི་དུས་སུ་མིག་འབྲས་གཉིས་གླག་གིས་འཁྱེར་སོང་བ་རེད། དེའི་རྗེས་སུ་ཁོའི་ཚེ་སྲོག་སྐྱོབ་ཐུབ་བྱུང་ཡང་། འཇིག་རྟེན་འདིའི་ངོ་མཚར་ལྟད་མོ་མཐོང་བའི་ཁོམ་ལོང་མ་བྱུང་བར་མིག་ལུང་དུ་གྱུར་བ་རེད།

དཀའ་སྡུག་གི་ལོ་ཟླའི་ཁྲོད་དུ། རྣམ་རྒྱལ་རིམ་བཞིན་ནར་སོན། རྒྱུད་དྲུག་པི་ཝང་དཀྲོལ་བར་དགའ་བའི་ཕ་རྒན་གྱིས། རྣམ་རྒྱུན་མི་གཞན་ལ་པི་ཝང་དཀྲོལ་པར་དགའ། བུ་ཆུང་རྣམ་རྒྱལ་གྱིས་མིག་གིས་མི་མཐོང་ནའང་ཁོ་རང་བློ་རིག་ལྡན་པ་ཞིག་ཡིན་པས། དེ་ལྟར་དུས་ཚོད་ཡུན་རིང་འགོར་རྗེས། རྣམ་རྒྱལ་གྱིས་རྣ་བས་ཉན་ཞིང་ལག་པས་མྱོང་བར་བརྟེན་ནས་དམངས་གླུ་འགའ་རེ་དཀྲོལ་ཐུབ་པ་བྱུང་།

ངལ་རྩོལ་ལ་བརྟེན་ནས་འཚོ་བ་སྐྱེལ་བ་ནི། མིག་ལུང་རྣམ་རྒྱལ་ལ་མཚོན་ན་མངོན་འགྱུར་བྱེད་དཀའ་བ་ཞིག་རེད། རྣམ་རྒྱལ་གྱི་ཕ་རྒན་དང་ཨ་ཁུ་གཉིས་ཀྱིས་བྱིས་པ་འདི་རོལ་དབྱངས་ཐད་ཚོར་བ་དམིགས་བསལ ་ལྡན་པས། ཁོ་རང་གིས་དེ་ལ་བརྟེན་ནས་རང་ཁ་རང་གསོ་བྱེད་ཐུབ་ངེས་ཆེ་འདོད་པས། རྣམ་རྒྱལ་ལོ་བདུན་དུ་སོན་དུས། ཕ་རྒན་གྱིས་རང་ཉིད་ཆེས་དགའ་བའི་པི་ཝང་རྣམ་རྒྱལ་ལ་གཏེར་ཞིང་། ཁོ་བོར་རོལ་དབྱངས་ལ་བརྟེན་ནས་རང་ཉིད་ཀྱི་ཁ་རྒྱབ་སོས་ཐབས་བྱེད་དགོས་ཞེས་བཤད་པ་རེད།

དེའི་རྗེས་སུ། རྣམ་རྒྱལ་གྱི་ཕ་མ་གཉིས་སྔ་རྗེས་སུ་ཚེ་ལས་འདས་པས་ཁོ་རང་ཁེར་རྐྱང་དུ་ལས།དུས་སྐབས་དེར་ལྕགས་སྤྲག་ས་ཁུལ་གྱི་ཡར་ཀླུང་གཙང་པོའི་ཉེ་འགྲམ་གྱི་གླིང་མདའི་གྲུ་ཁར། དུས་རྒྱུན་དུ་གླུ་དབྱངས་བླངས་ཏེ་སློང་མོ་བྱེད་མཁན་ཞིག་ཡོད་པ་དེ་ནི་རྣམ་རྒྱལ་རེད། རིམ་བཞིན་དུས་ཚོད་འགོར་རྗེས། རྣམ་རྒྱལ་གྱིས་ས་གནས་དེ་གའི་རོལ་དབྱངས་དཀྲོལ་ཤེས་པ་མ་ཟད། ད་དུང་གྲུ་ཁ་ནས་ཕར་འགྲོ་ཚུར་འོང་མཁན་གྱི་གམ་ནས་ལྷ་སའི་ས་གནས་གཞན་པའི་རོལ་དབྱངས་དང་བྲོ་གར་ཡང་སློབ་སྦྱོང་བྱས།

མཇུག་མཐར་ཁོ་རང་བོད་ཀྱི་གླུ་གར་ལ་ཆ་རྒྱུས་ཆེ་བའི་མི་སྣ་གལ་ཆེན་ཞིག་དང་འཕྲད་ལ། མི་དེས་རྣམ་རྒྱལ་ལྷ་སར་ཁྲིད་པ་རེད། ལྷ་སར་ཐོན་མ་ཐག་གི་དུས་སྐབས་དེའི་རིང་། རྣམ་རྒྱལ་གྱིས་ཉིན་དཀར་སྲང་ལམ་ནས་གླུ་དབྱངས་བླངས་ཏེ་སྒོར་མོ་སློང་བ་དང་། དགོང་མོ་སྲང་མདོ་དང་ཁང་བའི་མདའ་གཡབ་འོག་སོགས་སུ་ཉལ་ནས་བསྡད། སྐབས་དེར་ལྷ་ས་པ་ཚོ་ཆེས་དགའ་བའི་གླུ་དབྱངས་ནི་སྟོད་གཞིས་དང་ནང་མ་ཡིན་པ་རེད།

ལྷ་ས་རུ་ཡུན་རིང་བསྡད་རྗེས། རྣམ་རྒྱལ་གྱིས་གནའ་བོའི་བོད་ལྗོངས་ཀྱི་རོལ་དབྱངས་ཚོགས་པ་“ནང་མའི་སྐྱིད་སྡུག”ཅེས་པའི་ཚོགས་མི་ངོ་ཤེས་བྱུང་བས། ཁོ་ཚོས་རྣམ་རྒྱལ་གྱི་སྐད་ངག་དང་པི་ཝང་དཀྲོལ་རྩལ་ལ་བསྔགས་བརྗོད་ཚད་མེད་གནང་། དེའི་རྗེས་སུ་ཁོ་རང་ཡང་ཚོགས་པ་དེའི་ཚོགས་མི་གཅིག་ཏུ་གྱུར་ཏེ། དུས་དེ་ནས་བཟུང་ཡུལ་གྱར་གྱི་འཚོ་བ་མཇུག་རྫོགས་པ་རེད།

རོལ་དབྱངས་ཐད་ལ་ཐུན་མིན་གྱི་ཚོར་བ་ཡོད་པ་མ་ཟད། ཁོ་རང་མིག་ལུང་ཡིན་པས་མི་གཞན་ལས་ལྷག་པར་བློ་སེམས་རྩེ་གཅིག་གིས་སློབ་སྦྱོང་ཐུབ་པས། ལོ་ཁ་ཤས་ལས་མ་འགོར་བར་ཡར་བསྐྱེད་ཆེན་པོ་བྱུང་སྟེ། སྟོད་གཞིས་དང་ནང་མའི་རོལ་དབྱངས་མང་པོ་བློ་ལ་ངེས་པ་དང་། རོལ་ཆས་ཀྱང་མང་པོ་དཀྲོལ་ཤེས་པ་བྱུང་བ་རེད།

ལྷ་ས་ནས་མི་ཚོས་རྣམ་རྒྱུན་དུ།“ལུང་པ་རྣམ་རྒྱལ་རོལ་ཆས་མང་པོ་དཀྲོལ་བར་མཁས”ཞེས་བསྔགས་བརྗོད་བྱེད།“ནང་མའི་སྐྱིད་སྡུག”གི་ཚོགས་གཙོ་ཚེ་ལས་འདས་པ་དང་བསྟུན་ནས། རྣམ་རྒྱལ་ནི་ཚོགས་གཙོ་གསར་བར་བསྐོས་པ་རེད།

དེའི་རྗེས་སུ། རྣམ་རྒྱལ་གྱི་མཚན་སྙན་ཆེན་པོ་རྒྱས་ཏེ། མི་ཚང་མས“ཨ་ཇོ་རྣམ་རྒྱལ”ཞེས་འབོད་པ་རེད། ཨ་ཇོ་རྣམ་རྒྱལ་གྱི་མཚན་སྙན་ཉིན་རེ་བཞིན་ཇེ་རྒྱས་བྱུང་བ་དང་བསྟུན་ནས། ཁོ་རང་གིས་གམ་ནས་རོལ་དབྱངས་ཤེས་བྱ་དང་རོལ་ཆས་རྡུང་དཀྲོལ་སོགས་སློབ་སྦྱོང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་གྱུར། ཁོང་གིས་བ་སྐོར་སྲང་ལམ་ནས་ཁང་མིག་གཉིས་གླས་ཏེ། ལྷ་སའི་ལོ་རྒྱུས་ཐོག་གི་རོལ་དབྱངས་སློབ་གྲྭ་ཐོག་མ་བཙུགས། དུས་རབས་སྔོན་མའི་ལོ་རབས ༣༠ ནས ༤༠ བར་དང་། ཐ་ན་ལོ་རབས ༥༠ པར་ཡང་། ལྷ་སའི་རོལ་དབྱངས་མཁན་ཚོ་མང་ཆེ་བར་རྣམ་རྒྱལ་གྱི་ཤུགས་རྐྱེན་ཐེབས་ཡོད་པ་རེད།

༡༩༤༢ ལོར། ཨ་ཇོ་རྣམ་རྒྱལ་ལ་ནད་གཞི་ཕོག་ནས། ལོ་གྲངས ༤༨ ལས་མ་བཞུགས། འོན་ཀྱང་། ཁོང་གིས་བོད་ཀྱི་རོལ་དབྱངས་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད་ལ། ཁོང་གིས་བྲིས་པའི་གླུ་དབྱངས་དེ་དག་ནི་དུས་ནམ་ཡང་བོད་ལྗོངས་མཐོ་སྒང་དུ་མ་ཉམས་པར་གནས་ཤིང་། བོད་ལྗོངས་མི་དམངས་ཀྱི་དགའ་ཞེན་ཆེན་པོ་ཐོབ་པ་དང་། ཀྲུང་ཧྭ་མི་དམངས་ཀྱི་རོལ་དབྱངས་བང་མཛོད་ཁྲོད་ཀྱི་སྒྱུ་རྩལ་ནོར་བུ་རྩ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།

ད་ལྟ། མི་རྣམས་ཀྱིས་ཨ་ཇོ་རྣམ་རྒྱལ་ལ་འདི་ལྟར་གདེང་འཇོག་བྱེད་བཞིན་ཡོད། དུས་རབས ༢༠ པའི་དུས་སྟོད་དུ། གནའ་མཁར་ལྷ་ས་གྲོང་ཁྱེར་དུ་མིག་ལུང་རོལ་དབྱངས་པ་ཨ་ཇོ་རྣམ་རྒྱལ་ཞེས་བྱ་བ་ཞིག་བྱུང་། ཁོ་རང་གིས་ས་གནས་དེ་རུ་རོལ་དབྱངས་སློབ་གྲྭ་བཙུགས་ཤིང་། རོལ་དབྱངས་འཇོན་ལྡན་མི་སྣ་གསོ་སྐྱོང་དང་། གངས་ལྗོངས་མཐོ་སྒང་གི་ཁྱིམ་ཚང་མང་པོར་ཆ་རྒྱུས་ཡོད་པའི་སྟོད་གཞིས་མང་པོ་གསར་རྩོམ་བྱས་ཡོད་པ་རེད།

འབྲེལ་ཡོད་རྩོམ་ཡིག