ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྨང་གཞི་འདིང་མཁན།

2016-12-19 འཇམ་དཔལ།

——ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བཀྲ་ཤིས་ཚེ་རིང་ལགས་ཀྱི་གནས་ཚུལ་སྐོར།

 ཉེ་པར།

པེ་ཅིང་གི་གཞུང་ལས་ཁང་།

  བཀྲ་ཤིས་ཚེ་རིང་ལགས་ནི། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་ཐང་རྫོང་གི་མི་ཡིན་ཞིང་། རྫོང་དེའི་ཅུང་བས་མཐའི་བོད་མིའི་ས་ཁུལ་ཞིག་ཏུ་སྐྱེས། ཆུང་དུས་ནས་སློབ་སྦྱོང་ལ་སྙིང་རུས་ཤིན་ཏུ་ཆེ་བར་བརྟེན། སློབ་གྲྭའི་ནང་གི་ཕུལ་བྱུང་སློབ་མའི་གྲས་ཤིག་ཡིན། མཐོ་འབྲིང་མཐར་ཕྱིན་རྗེས་ཆིང་ཧྭ་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་དེ། བཟོ་རིག་སློབ་རབས་པའི་མིང་བཏགས་ཐོབ། དངོས་གཞི་མཐར་ཕྱིན་རྗེས་ཨ་རིའི་ཝེར་རྗེ་ནི་ཡཱ་སློབ་ཆེན་དུ་རྒྱུགས་འཕྲོད་ཅིང་། རྩིས་འཁོར་ཚན་རིག་གི་ཤེས་རམས་པའི་མཚན་རྟགས་གིས་གཟེངས་བསྟོད་ཅིང་། ཕྱིར་རྒྱལ་ནང་དུ་ཕེབས་ཏེ། ད་ལྟའི་ཆར་བོད་ཡིག་ཆ་འཕྲིན་ལག་རྩལ་ཐད་ཀྱི་ཞིབ་འཇུག་དང་གསར་སྤེལ་ལ་རང་ནུས་གང་ལྕོགས་ཀྱིས་གཞོལ་བཞིན་མཆིས།

རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་སུ་ཞུགས་པ།

  སྔ་སོར། ཧྭ་ཀོང་བོད་ཡིག་རྒྱུད་ཁོངས་དང་ཀྲུང་ཧྭ་བཀའ་བསྟན་ཆེན་མོའི་བོད་ཡིག་པར་སྒྲིག་རྒྱུད་ཁོངས་གཉིས་ཀྱི་གསར་སྤེལ་ལས་གཞིར་ཞུགས་ཤིང་། རྒྱལ་ཁབ་རིམ་པའི་ལས་གཞི་སྟེ།《ཀྲུང་ཧྭ་བཀའ་བསྟན་ཆེན་མོ》ཡི་ཞུ་དག་ལས་གྲྭའི་བོད་ཡིག་རྩིས་འཁོར་ལག་རྩལ་གྱི་རྒྱབ་སྐྱོར་དང་། མ་ལག་བདག་སྐྱོང་བའི་འགན་བཞེས་མྱོང་། རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་ཐད་ཀྱི་གསར་སྤེལ་ལས་གཞི་མང་ཤས་ལ་ཞུགས་ཤིང་། དེ་དག་གི་རྐང་འཛིན་མི་སྣར་གྱུར་ཏེ། རྒྱལ་ཁབ་ཀྱི་པུའུ་ཨུད་གསུམ་གྱིས་གཟེངས་བསྟོད་བདག་རྐྱེན་ཐོབ་པའོ། །

  ཁོང་གིས་བོད་ཡིག་རྩིས་འཁོར་གྱི་སྐད་བརྡ་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་སུ་ཉམས་ཞིབ་བགྱིས་ཏེ། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་དུས་དེབ་ཐོག་ཏུ་ཤུགས་རྐྱེན་ཆེས་ཆེར་ལྡན་པའི་དཔྱད་རྩོམ་མི་ཉུང་བ་ཞིག་སྤེལ་གནང་མཛད་དེ། བོད་ཡིག་ཆ་འཕྲིན་ཅན་དུ་བསྒྱུར་བའི་ལམ་བུའི་ཁྲོད་དུ་སྟོང་ཆ་མང་པོ་བསྐངས་ཡོད། དེར་མ་ཟད། ཁོང་ནས་སྤྱི་ཚོགས་ཀྱི་སྤྱོད་སྒོ་ཤིན་ཏུ་ཆེ་བའི་བོད་ཡིག་མཉེན་ཆས་མང་པོ་གསར་སྤེལ་གནང་སྟེ། རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་ཐད་ཀྱི་འཕེལ་རྒྱས་ལ་གལ་ཆེའི་གསོན་ཤུགས་བསྩལ་ཡོད། སྔ་ཕྱིར་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་ཚོགས་འདུ་ཐེངས་བཞི་ཙམ་གྱི་ཐོག་ཏུ། བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཆེད་དོན་ཚོ་ཆུང་གོ་སྒྲིག་དང་གཙོ་སྐྱོང་གནང་སྟེ། རྒྱལ་སྤྱིའི་བོད་རིག་པའི་སྡིངས་ཆར་རིག་པའི་དགའ་སྟོན་འགྱེད་ཡོད། ཁོང་ཉིད་བོད་རྒྱ་དབྱིན་གསུམ་གྱི་ཡིག་རིགས་ལ་བྱང་ཞིང་། རྩིས་འཁོར་གྱི་ཚན་རིག་ཤེས་བྱར་མཁས་པས། རྒྱལ་ཁབ་ཕྱི་ནང་གི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རིག་ཚན་ཁྲོད། ཞིབ་འཇུག་གི་སྣེ་ཁྲིད་པར་གྱུར་ཡོད་ཅིང་། བོད་ཡིག་ཆ་འཕྲིན་ལག་རྩལ་ལེགས་ལམ་དུ་བསྐུལ་བར་གལ་ཆེའི་རྨང་གཞི་བཏིངས་ཡོད།

རྒྱལ་ནང་གི་རིག་གཞུང་གྲོས་ཚོགས་སུ་ཞུགས་པ།

  1995ལོར་ཁོང་གི་མི་ཚེའི་དཔྱད་རྩོམ་ཐོག་མ་དེ་སྤེལ་གནང་ཞིང་། དེ་ཡང་།《རྒྱལ་སྤྱིའི་ཚད་ལྡན་གྱི་བོད་ཡིག་རྩིས་འཁོར་ཨང་སྒྲིག་གི་ཡིག་རྟགས་ཚོགས་སྤྱིའི་ཞིབ་འཇུག》ཅེས་པ་དེས 1997ལོར《བོད་ཡིག་རྩིས་འཁོར་ཨང་སྒྲིག་གི་རྒྱལ་ཁབ་ཀྱི་ཚད་གཞི་དང་རྒྱལ་སྤྱིའི་ཚད་གཞི》ཞེས་པ་ཡོངས་སུ་གྲུབ་པར་མཐུན་རྐྱེན་བསྐྲུན། དཔྱད་རྩོམ་དེས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་འཕེལ་རྒྱས་ཐད་སྲ་བརྟན་གྱི་རྨང་གཞི་བཏིངས་ཤིང་། སྤྱི་ལོ 2006ལོར། ཁོང་གིས《བོད་ཡིག་རྩིས་འཁོར་ཨང་སྒྲིག་གི་རྒྱལ་སྤྱིའི་ཚད་གཞི》བསྣམས་ཏེ། ཨ་རིའི་མཉེན་ཕྲན་ཀུང་སིར་ཞུ་འབུལ་མཉམ་ལས་ཐོག Windowsརྒྱུད་ཁོངས་ནང་དུ་བོད་ཡིག་ལ་རྒྱབ་སྐྱོར་ཐོབ་སྟེ། བོད་ཡིག་ཆ་འཕྲིན་ཅན་དུ་འགྱུར་བར་གསར་བརྗེ་རང་བཞིན་གྱི་དོན་སྙིང་ཐོན་ཡོད། 2010ལོར་ཁོང་གི་དཔྱད་རྩོམ《རྒྱལ་སྤྱིའི་ཚད་ལྡན་གྱི་བོད་ཡིག་རྩིས་འཁོར་ཨང་སྒྲིག་གི་ཡིག་རྟགས་ཚོགས་སྤྱིའི་ཞིབ་འཇུག》ཅེས་པར་ཀྲུང་གོའི་བོད་རིག་པའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་བྱ་དགའ་སྟེ།“ཇོ་མོ་གླང་མ”ཡི་བྱ་དགའ་ཐོབ། འདི་ནི་རང་རྒྱལ་གྱི་བོད་རིག་པའི་སྡེ་དང་བོད་ཡིག་ཆ་འཕྲིན་ལག་རྩལ་པའི་སྡེ་ཡིས་། ཁོང་ཉིད་ཀྱིས་མི་ལོ 20ལྷག་ནང་དུ་བོད་ཡིག་ཆ་འཕྲིན་ལག་རྩལ་ཐད་ཀྱི་ཞིབ་འཇུག་དང་། གསར་སྤེལ་གྱི་འབད་རྩོལ་གྲུབ་འབྲས་ལ་གདེང་འཇོག་དང་དབུགས་དབྱུང་གནང་བ་ཡིན་ནོ། ། 2011ལོར། ཁོང་ཉིད་བོད་ཡིག་ཆ་འཕྲིན་ལག་རྩལ་ཐད་ཀྱི་ངེས་དོན་གྱི་མཁས་པ་ཞིག་ཡིན་པའི་ཆ་ནས། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི 《མདོ་གནད་བཅར་འདྲི》ཡི་ལེ་ཚན་ནང་དུ། རང་རྒྱལ་གྱི་བོད་ཡིག་ཆ་འཕྲིན་ལག་རྩལ་ཁྱབ་ཁོངས་ཁྲོད། བོད་ཡིག་ཆ་འཕྲིན་ཅན་དུ་འགྱུར་བའི་ཐད་ཀྱི་དགའ་འོས་པའི་གྲུབ་འབྲས་དག་ཁྱབ་བསྒྲགས་བྱས་པ་རེད། 2015ལོའི་ཟླ1པོའི་ནང་དུ《རྒྱང་གཟིགས》གཟའ་དེབ་ཀྱིས《བོད་ཡིག་ཆ་འཕྲིན་མྱུར་ལམ་གྱི་རྨང་འདིང་པ་བཀྲ་ཤིས་ཚེ་རིང་།》ཞེས་པའི་བརྗོད་གཞིའི་ཐོག་ནས་མི་སྣའི་ཆེད་བསྒྲིགས་ལེ་ཚན་དུ་ཁོང་གི་གནས་ཚུལ་བཀོད་པའོ། །

 

ཨ་རིའི་མཉེན་ཕྲན་ཀུང་སིའི་ཞིབ་འཇུག་གསར་སྤེལ་བྱེད་མཁན་དང་ལྷན་དུ།

  ཆེད་ལས་ཐད་ཀྱི་གྲུབ་འབྲས་གཙོ་བོ་འགའ་ལས། བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་རྒྱལ་ནང་དང་རྒྱལ་སྤྱིའི་ཚད་ལྡན་གྱི་ཞིབ་འཇུག་དང་གསར་སྤེལ་ལ་ཞུགས་པ།

  དེ་ཡང་། གཅིག་ནས་བོད་ཡིག་རྩིས་འཁོར་ཨང་སྒྲིག་གི་རྒྱལ་ཁབ་ཀྱི་ཚད་གཞི་དང་རྒྱལ་སྤྱིའི་ཚད་གཞི།(1997ལོ།)གཉིས། བོད་ཡིག་ཡིག་གཟུགས(པར་སྐྲུན་ཡིག་གཟུགས)རྒྱལ་ཁབ་ཀྱི་ཚད་གཞི།(2004ལོ།)གསུམ། བོད་ཡིག་མཐེབ་གཞོང་གི་མཛུབ་གནས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི།(2008ལོ།)བཞི། རྒྱལ་ཁབ་ཀྱི་ཚད་གཞི་ཅན་གྱི《བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་མིང་མཛོད》བཅས་གསར་སྤེལ་མཛད། གཉིས་ནས། གལ་ཆེའི་ལས་གཞིར་གཙོ་སྐྱོང་དང་མཉམ་ཞུགས་གནང་བའི་སྐོར། དེ་ཡང་། གཅིག་ནས། རྒྱལ་ཁབ་རིམ་པའི་ལས་གཞི་སྟེ།《ཀྲུང་ཧྭ་བཀའ་བསྟན་ཆེ་མོ》ཡི་ཞུ་དག་ལས་གྲྭར་མཉམ་ཞུགས་མཛད། གཉིས།《བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་ཐ་སྙད་རྒྱལ་ཁབ་ཀྱི་གཅིག་གྱུར་ཚད་གཞིར་འགྱུར་བའི་ཞིབ་འཇུག》ལས་གཞི། གསུམ།《ཇོ་མོ་གླང་མའི་ཡིག་གཟུགས་ཁག་ཅིག་གི》གསར་སྤེལ། བཞི།《ཇོ་མོ་གླང་མའི་བོད་ཡིག་གཏགས་ཆས》ཀྱི་གསར་སྤེལ་ལས་གཞི། ལྔ།《མཉེན་ཕྲན་ཀུང་སིའི Windows བོད་ཡིག་ཡིག་གཟུགས་དང་གཏགས་ཆས》ཀྱི་གསར་སྤེལ་བཅས་གནང་ཞིང་།

ཨ་རིའི་མཉེན་ཕྲན་སྤྱི་ཁྱབ་ཀུང་སི་ཡོད་པའི་ཤི་ཡ་ཐུའུ།

 

ཁོང་གིས་གཙོ་སྒྲིག་གནང་བའི་《བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཤན་སྦྱར་ཚིག་མཛོད》

  གསུམ་ནས། ཆེད་རྩོམ་དང་མཉེན་ཆས་སྐོར་ཞིག་སྤེལ་བ་སྟེ།

  1.《བོད་རྒྱ་དབྱིན་གསུམ་ཆ་འཕྲིན་ལག་རྩལ་གྱི་ཤན་སྦྱར་ཚིག་མཛོད》གཙོ་སྒྲིག་མཛད། ཀྲུང་གོའི་བོད་རིགས་པ་དཔེ་སྐྲུན་ཁང་། 2007ལོ།

  2.《དེང་རབས་བོད་ཡིག་ཟློས་ཕྱོད་ཚིག་མཛོད》མཉམ་སྒྲིག 2010ལོ། མི་རིགས་དཔེ་སྐྲུན་ཁང་།

  3.《ཇོ་མོ་གླང་མའི་བོད་ཡིག་ཡིག་གཟུགས》མཉམ་སྒྲིག 2010ལོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

  4.《བོད་རྒྱ་དབྱིན་གསུམ་གྱི་བརྡ་ཆད་གསར་པའི་མིང་མཛོད》མཉམ་སྒྲིག 2015ལོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།

  5.《ཆ་འཕྲིན་ལག་རྩལ་སྐོར་གྱི་བོད་ཡིག་ཐ་སྙད》གཙོ་སྒྲིག 2016ལོ། ཀྲུང་གོའི་ཚད་ལྡན་དཔེ་སྐྲུན་ཁང་། སོགས་དང་། མཉེན་ཆས་ལས།《བོད་ཡིག་སྦྱོར་འབྲི་དང་བརྡ་སྤྲོད་ཞིབ་བཤེར་མཉེན་ཆས》དང་།《 ཧི་མ་ལ་ཡའི་བོད་ཡིག་ཡིག་གཟུགས་དང་གཏགས་ཆས》སོགས་སྤྱོད་ནུས་ཤིན་ཏུ་བདེ་བའི་མཉེན་ཆས་དང་། དེ་འབྲེལ་ཆེད་དེབ་དང་དཔྱད་རྩོམ་སོགས་ཁྱོན་བརྩམས་ཆོས་གསུམ་བཅུ་ལྷག་བཀྲམ་ཡོད་དོ།།                                      

འབྲེལ་ཡོད་རྩོམ་ཡིག