བསམ་ཡས་དགོན་པར།
【རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།】སྒོ་མེ་ཚེ་རིང་བཀྲ་ཤིས། སྨྱུག་མིང་ལ་ཁྲི་སེམས་དཔའ་ཟེར། གསར་འགོད་པ། སྙན་ངག་པ། སྒྲུང་གཏམ་པ། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཨུ་ཡོན།《གངས་རྒྱན་མེ་ཏོག》གི་གདན་ཞུ་རྩོམ་སྒྲིག་པ་བཅས་ཡིན།1979ལོར་མདོ་སྨད་ཁྲི་ཀའི་གྲོ་ཞིང་ཁ་ཞེས་པའི་གྲོང་ཚོ་ཞིག་ཏུ་སྐྱེས། 2001ལོར་ལྷོ་ནུབ་མི་རིགས་སློབ་ཆེན་ནས་མཐར་ཕྱིན། འབོལ་རྩོམ་དེབ《བསམ་གཞིག་གི་ཁ་དོག》དང་སྙན་དེབ《དིང་གླིང་ཁེར་འབུད》《ཁྲི་སེམས་དཔའི་སྙན་ངག》(རྒྱ་ཡིག འཕྲིན་ཁྱུང་གིས་བསྒྱུར)འགྱུར་དེབ《ཕ་རི་སིའི་འཕགས་མའི་ཆོས་གྲྭ》སྒྲུང་རིང་དེབ《མར་ངོའི་ཟླ་བ》སྒྲུང་ཐུང་དེབ《སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་སྒྲུང་ཐུང་ཕྱོགས་བསྒྲིགས》དང《བྱ་ཞིག་ཡིན་ན་བསམས་བྱུང》སོགས་ཡོད། སྔ་གཞུག་ཏུ་སྦྲང་ཆར་རྩོམ་རིག་བྱ་དགའ་དང་།གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ། ཟླ་ཟེར་རྩོམ་རིག་བྱ་དགའ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་བྱ་དགའ། གངས་རྒྱན་རྟགས་མའི་བྱ་དགའ། མཚོ་སྔོན་ན་གཞོན་རྩོམ་རིག་བྱ་དགའ་སོགས་ཐོབ་མྱོང་། ད་ལྟ་ཚགས་པར་ཁང་ག་གེ་མོར་གསར་འགྱུར་གྱི་ལས་ཀ་གཉེར་བཞིན་ཡོད།
ཕྱི་དྲོར་སྒེའུ་ཁུང་ལས་ཕྱི་རོལ་ཏུ་བལྟས་པ།
སྒོང་སྤྲི་ཞིག་དང་འདྲ་བའི་ཉི་མ་དེ
ནུབ་རིའི་རྩེ་ནས་གང་ཞིག་ཏུ་བཞུར་ལ་ཉེ
འོད་དང་གྲིབ་མའི་མཚམས་སུ
རི་ཚོགས་མངོན་དང་ལྐོག་གིས་འགྱིང་ནས
ངའི་འགུལ་སྐྱོད་ལ་ཚོད་བགམ་བྱེད
རྒྱང་ལ་ཤོར་བའི་མིག་མདངས་ཀྱི་རྩེ་མོར
སོམ་ཉིའི་ཐག་པ་ཞིག་འཕྲེད་ཀྱིས་དཔྱངས
ཐག་པའི་སྣེ་གཉིས་ན་འདར་བའི་ཁེར་རྐྱང་གི་ཚོར་བ་དག
ཕྱི་རོལ་གྱི་འུར་ཟིང་གིས་དཀྲོགས
ཕྱི་དྲོར་ཚང་མལ་བསྙེགས་པའི་བྱིའུ་ཚོགས
ལྗོན་རྩེ་དང་བྲལ་ཤུལ་དུ
ཁེར་ཧྲེང་གི་ཡལ་ག་དག་ལས
སྐྱོ་སྣང་གི་བ་མོ་རབ་ཏུ་འཁྲུགས
དེ་ལས་ཀྱང་རྒྱང་རིང་དང
དེ་ལས་ཀྱང་ཐག་ཉེ་རུ
ངའི་མིག་དབང་ཁོ་ན་དམིགས་མེད་དུ་ཉུལ
དེ་དུས་མཚན་མོའི་སྟ་གོན་ལ་བྲེལ་བའི་ནམ་མཁས
ང་ཞག་སྡོད་བྱེད་སའི་རྫོང་མཁར་འདི
ང་དང་ཆབས་ཅིག་མུན་ནག་གི་ཁོང་དུ་འདྲེན
ཕྱི་དྲོའི་རྗེས་སུ
ཁེར་རྐྱང་གི་གདུང་བ་ཁུར་ནས་ཅིས་ཀྱང་མུན་ནག་ལ་ལོབས་དགོས
ང་སྒེའུ་ཁུང་གི་ཁ་གཏད་དུ་བསྡད་ནས་དེ་ལྟར་དྲན་དུས
ཚོད་ཚོད་ལ་དངངས་འདར་ལན་གསུམ་བསྟུད་མུར་བརྒྱག་དགོས་བྱུང་
རྨ་ཆུའི་འགྲམ་དུ་ཁེར་རྐྱང་ལ་འཆམ་འཆམ་དུ་ཕྱིན་པ།
ནུབ་རླུང་ཞིག་རྨ་ཆུའི་ཕ་རོལ་ནས་ལྡང་འོངས
དེ་ནི་རྡོག་འོག་གི་རྡེའུ་དཀར་ནག་འདི་དག་དང་འབྲེལ་བ་ཅི་ཡང་མེད
ལྗོན་ལོ་དག་ཤིག་ཤིག་གཡོ་ཙམ་བྱས
ངའི་སྐྲ་ལོའང་གཡོ་ཙམ་བྱས
གོམ་ཁ་མདུན་དུ་བསྒྱུར་བའི་སག་སྒྲའི་ཁྲོད་དུ
རྡེའུ་མང་པོ་གཡས་ལོག་གཡོན་འགྱེལ་བྱེད
དེ་ནི་བསིལ་རླུང་དང་ཡང་འབྲེལ་བ་ཡེ་ནས་མེད
ངས་རྒྱབ་ཏུ་གཡོ་ཙམ་གཡོ་ཙམ་བྱེད་པའི་གྲིབ་མ་ཁུར་ནས
རྨ་ཆུའི་དྭངས་བསིལ་ལ་མིག་ཟུང་ཧྲིག་གེར་བལྟས་དུས
རྨ་ཆུས་ངའི་ལྷབ་ལྷུབ་འདར་བའི་གདོང་རིས་བསྐྱུར་ནས་མདུན་དུ་བཞུར
རྒྱང་རིང་དུ་བཞུར
རྨ་ཆུའི་གསལ་ལ་མི་གསལ་བའི་བཞུར་སྒྲ
ས་ཆེན་གྱིས་བཏོན་པའི་ཤུགས་རིང་བཞིན
ཁེར་རྐྱང་གི་ངའི་སེམས་ངོགས་སུ་བསྐྱིལ
ངས་དེ་ལྟར་མ་ཡུམ་གྱི་ནུ་ཞོར་འབོད་པའི་རྨ་ཆུ་ལ་བལྟས་ནས་བསྡད
ངས་རང་གི་ལྷབ་ལྷུབ་གཡོ་བའི་གདོང་རིས་ལ་བལྟས་ནས་བསྡད
དེ་དུས་ཡང་བསྐྱར་ནུབ་རླུང་ཞིག་ཤུགས་ཀྱིས་ལྡང་འོངས
རླུང་གིས་ངའི་གདོང་རིས་གཅོལ་སོང
ཡང་ན་རླུང་གིས་ངའི་གདོང་རིས་བསམ་གཟས་ནས་ཧྲིག་ཆག་ཏུ་བཏང་སོང
ཤུལ་དུ་ཁོའི་ཤིག་ཤིག་གཡོ་བའི་ཞབས་རྗེས་ང་རྒྱལ་གྱིས་བཀོད་དེ
ལྗོན་ཤིང་གི་ཚོགས་ལ་ཁ་ཤུ་འདེབས
དེ་ནི་ང་ལ་རྒྱུ་མཚན་མེད་པར་ཟུར་ཟ་བྱེད་པ་དང་འདྲ
ཞོགས་པར་ང་གཅིག་པུ་སད་དུས་ཁྱི་སྐད་རེ་གཉིས་གྲག་འོངས།
ཞོགས་པར་ང་གཅིག་པུ་སད་དུས
རྨ་ཆུའི་འགྲམ་ངོགས་སུ་ཆགས་པའི་རྫོང་མཁར་འདི་ད་དུང་སད་མི་འདུག
རྒྱང་རིང་ནས་ཁྱིའི་ཟུག་སྐད་རེ་གཉིས་གྲག་འོངས
ཁྱི་དེ་ཚོ་ངའང་མ་སད་གོང་ནས་སད་ཡོད་པ་དཔྱད་ན་ཤེས་ཐུབ
རྫོང་མཁར་ཧྲིལ་བོ་ཧ་ཅང་དབེན་ཐང་ཁྲོད་གཉིད་ལ་ཡུར་ནས
རྨི་ལམ་གྱི་རབ་ཁར་འཛུམ་ཤིག་ཤིག་བྱེད
དེ་ནི་ངས་རྟོགས་བཟོ་ཁོ་ན་ཙམ་ཡིན་མི་སྲིད
གློ་བུར་བའི་དངངས་འཚུབ་ཅིག་གིས
ངའི་སེམས་ལ་ཙག་ཤེད་བསྟུད་མུར་ལན་འགའ་བྱིན
སྒེའུ་ཁུང་ལས་མཐོང་བའི་ཕྱི་རོལ་ཏུ
མེ་ཏོག་འཐོར་ཟིན་པའི་ཆིང་བ་ལིའི་སྡོང་བོ་དག་གིས
ཞོགས་པའི་མཁའ་དབུགས་ཁྲོད་སུ་ཞིག་ལ་མྱ་ངན་བྱེད་པ་བཞིན
བཀྲག་མདངས་ཡོངས་སུ་ཤོར་ནས
རྨ་ཆུའི་སྔུར་དབྱངས་ལ་རྣ་བ་བླགས་འདུག
མི་རྣམས་ད་དུང་མ་སད
ཁྱིའི་ཟུག་སྐད་ཐར་ཐོར་དེ་ཚོ་ད་དུང་ཡང་གྲག་བཞིན་འདུག
བསིལ་ཞིང་འཇམ་པའི་ཞོགས་པ་དེ
ཡང་ན་རྫོང་མཁར་འདི་ཁོ་ནར་དབང་བའི་ཞོགས་པ་འཇམ་པོ་དེ
ཁྱིའི་ཟུག་སྐད་ཁྲོད་ནས་དེ་འདྲའི་ཡི་གར་འོང་ནའང
ང་ལ་སྐྱིད་པའི་སྣང་བ་ཅི་ཡང་མ་བྱུང
ངའི་ཕྱི་རོལ་ཏུ་རྣ་གཤོག་བརྐྱངས་ནས
སུ་ཞིག་གི་རྡོག་སྒྲས་ངའི་ཁེར་རྐྱང་དཀྲོགས་པར་བསྒུགས་བསྡད
(རྩོམ་སྒྲིག་འགན་འཁུར་བ། འཇམ་དཔལ།)