དགེ་རྒན་ཆེ་མོ་བསྟན་དགའ་ལགས་ནི་1974ལོའི་ཟླ་5ཚེས་1ཉིན། བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཆོད་པའི་ཀརྨ་སྒར་བྲིས་ལུགས་ཀྱི་ཕ་ས་སྟེ། བོད་ལྗོངས་ཆབ་མདོ་ཁུལ་གྱི་ཀརྨ་རོང་གི་ཀ་ཞོལ་སྡེ་པའི་ཐང་གའི་ཁྱིམ་རྒྱུད་དུ་སྐུ་འཁྲུངས་ཤིང་། དགུང་ལོ་དྲུག་ནས་ཐང་ག་བཞེངས་སྟངས་སྦྱངས་གནང་བ་དང་། དགུང་ལོ་བརྒྱད་ལ་ཀརྨ་སྒར་བྲིས་ལུགས་ཀྱི་རྒྱུན་འཛིན་པ་མི་རབས་ཉེར་བརྒྱད་པ་སྟེ། ཁོང་རང་གི་ཞང་པོ་ཀརྨ་བདེ་ལེགས་སློབ་དཔོན་དུ་བསྟེན། དཀའ་སྤྱད་སྙིང་རུས་ཆེ་བས་ཐང་ག་བཞེངས་རྩལ་ཕུལ་དུ་བྱུང་བ་རྒྱུད་ལ་འཇགས་ནས་ཀརྨ་སྒར་བྲིས་ལུགས་ཀྱི་རྒྱུན་འཛིན་པ་སྐུ་ཐོག་ཉེར་དགུ་པར་གྱུར།
དགུང་ལོ་བཅུ་དགུར་ཕེབས་སྐབས་ཞང་པོ་ཀརྨ་བདེ་ལེགས་དང་ལྷན་དུ་ཀརྨ་དགོན་གྱིས་གདན་དྲངས་པ་ལྟར་དགོན་པ་དེར་འཇམ་དཔལ་དབྱངས་ཀྱི་ལྡེབས་རིས་དང་ཇོ་བོ་ཤཱཀྱ་མུ་ཎིའི་འཁྲུངས་རབས་ཀྱི་ཐང་ག་དང་ལྡེབས་རིས། དེ་བཞིན་ཀརྨ་རིམ་འབྱུང་གི་གདན་རབས(ཐང་ག་དང་ལྡེབས་རིས་42)བཞེངས།
1998ལོར་བསྟན་དགའ་ལགས་ཀྱིས་བོད་ལྗོངས་ལྷ་མོའི་བླ་མཚོ་ཐང་ག་གླིང་གི་གདན་ཞུས་ལྟར་ཀརྨ་སྒར་བྲིས་ལུགས་ཀྱི་སློབ་དཔོན་གྱི་འགན་ཁུར་ནས་ཕུལ་བྱུང་གི་ཐང་གའི་ལྷ་བྲིས་པ་འབོར་ཆེན་གསོ་སྐྱོང་གནང་། དེ་རྗེས་བསྟན་དགའ་ལགས་ཀྱིས་ཉན་ཤུལ་རྡོ་རྗེ་དོན་གྲུབ་ལགས་དང་མཉམ་དུ་འཚོལ་ཞིབ་ཧུར་ཐག་བྱས་པ་བརྒྱུད། མཐར་ལུགས་སྣ་མང་ལ་བྱང་ཆུབ་པའི་ཐང་གའི་དབུ་ཆེན་དུ་གྱུར། སློབ་དཔོན་གནང་རིང་། ཁོང་གིས་གསར་རྩོམ་གནང་བའི་ཐང་གར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ། ལྷ་རིས་པ་ཨ་མདོ་བྱམས་པ། སེར་རྟའི་བླ་མ་སོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་དང་ཕྱག་བྲིས་ཕྱག་བསྟར་མ་ཐོབ་ལ། རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་མི་སྣ་དང་བླ་མ་སྐྱེས་ཆེན་དམ་པའི་གདེང་འཇོག་གང་ལེགས་ཐོབ་པ་དང་ཆབས་ཅིག ཐང་ག་གླིང་གི་ཚབ་བྱས་ཏེ་པེ་ཅིང་དུ་གཉེར་བའི་སྐབས་གསུམ་པ་དང་བཞི་པའི་རྒྱལ་སྤྱིའི་རིག་གནས་འགྲེམས་ཚོགས་ལ་ཞུགས།
2010ལོའི་ཟླ་8པར། ཐང་གའི་གླིང་གི་ཚབ་བྱས་ཏེ“བོད་ཀྱི་སྐབས་དང་པོའི་ཐང་གའི་སྒྱུ་རྩལ་འགྲེམས་ཚོགས”ལ་ཞུགས་པ་དང་འབྲེལ། བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྲིད་གཞུང་སྡེ་ཚན་གྱིས“བོད་ཀྱི་རིམ་པ་དང་པོའི་ཐང་གའི་ལྷ་བྲིས་ཆེ་མོར”དཔྱད་འདེམས་བྱས་པ་རེད།
2014ལོའི་ཟླ་9པར། ཀྲུང་ཧྭ་རིག་གནས་འཕེལ་རྒྱས་སྐུལ་འདེད་ཚོགས་པ་དང་། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་། བོད་རང་སྐྱོང་ལྗོངས་རིག་གནས་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། བོད་ལྗོངས་རིག་གནས་ཐོན་ལས་མཐུན་ཚོགས་བཅས་ཀྱིས་མཉམ་དུ་གཉེར་བའི“རྡོ་རྗེ་དོན་གྲུབ་དང་བསྟན་དགའི་ཐང་གའི་བརྩམས་ཆོས་འགྲེམས་སྟོན”དེ་པེ་ཅིང་ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་བྱས་པ་དེའི་ཁྲོད་ནས་ཐང་ག་4ཀྲུང་གོའི་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གིས་ཉར་ཚགས་བྱས་པ་རེད།