ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

གཞས་པའི་མགྲིན་གསང་འགྱུར་ཁུག་སྙན། ཐོས་འཛིན་བུ་ཁའི་གསོས་སུ་གྱུར།

2017-04-25
ཀ +

    “སྒྱུ་རྩལ་ཞབས་གཞས་ནི་མི་རྣམས་ཀྱི་བསམ་པའི་ལོངས་སྤྱོད་ཡིན་ལ། སྲིད་འདིར་གླུ་གར་རོལ་དབྱངས་ལ་མི་སྤྲོ་བའི་སྐྱེ་བོ་ཉུང་ཤས་ཙམ་ཡིན་པས། རང་ཉིད་ཀྱི་སྐྱེ་ཐོབ་ཤེས་རབ་དང་། ཕ་མའི་ཤུགས་རྐྱེན། སྦྱངས་བརྩོན་བཅས་ཟུང་དུ་སྦྲེལ་བ་ལས་བྱུང་བའི་གླུ་གཞས་ཀྱིས་མི་རྣམས་ལ་སྤྲོ་སྣང་སྦྱིན་རྒྱུ་དང་། སྐད་གསང་མཐོན་པོས་དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་ཀྱི་གླུ་དབྱངས་ཏེ། ཕུལ་དུ་བྱུང་བ་དང་། རིན་ཐང་བྲལ་བ། མྱོང་ཤེད་ཆེ་བ་བཅས་ཀྱི་གླུ་གཞས་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུ་ནི་རང་ཉིད་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་རེད། ང་རང་ད་ལྟ་ན་གཞོན་ཡིན་པས་རང་ཉིད་ནས་འཛད་མཐའ་མེད་པའི་བོད་ཀྱི་དམངས་ཁྲོད་གླུ་གཞས་ཀྱི་རྒྱ་མཚོར་ཞུགས་ཏེ་དམངས་ཁྲོད་གླུ་གཞས་ཀྱི་རྦ་རླབས་དགུང་དུ་འཕྱུར་བ་བྱ་རྒྱུའི་སེམས་ཤུགས་ཡོད”ཅེས་པ་དེ་ནི་གསར་འགོད་པས་བཅར་འདྲི་ཞུ་སྐབས། བོད་ཀྱི་དམངས་ཁྲོད་གཞས་པ་གཙང་པ་ནོར་བུ་ལགས་ཀྱི་བགྲོ་གླེང་ནས་སྙིང་བསྡུས་བྱས་པའི་སྐད་ཆ་དུམ་བུ་ཞིག་ཡིན་ལ། དེ་ནི་ན་གཞོན་གཞས་པ་ཁོང་གིས་མི་རབས་འདིར་སྨྱུ་གུ་སྒུལ་ནས་བོད་ཀྱི་དམངས་ཁྲོད་གླུ་གཞས་འཚོལ་བསྡུ་དང་། མགྲིན་གསང་ལ་བརྟེན་ནས་གང་སར་ཁྱབ་པ་བྱེད་པ། མི་སྣ་གསོ་སྐྱོང་ལ་བརྟེན་ནས་རྒྱུན་འཛིན་དར་འཕེལ་གཏོང་བ་བཅས་ཀྱི་ཆེད་དུ་ཡོད་ཚད་སྐྱེས་སུ་འབུལ་རྒྱུའི་དམ་བཅའ་ཞིག་ཀྱང་རེད།
  ཕ་མ་བཟང་པོའི་སྒྱུ་རྩལ་ཤུགས་རྐྱེན་གྱིས། ཆུང་ངུའི་དུས་ནས་སྒྲ་སྙན་རོལ་ཆར་འགྲོགས།
  དཔྱིད་དཔལ་གསར་པས་མི་རྣམས་ལའང་གསོན་ཤུགས་གསར་པ་ཞིག་སྦྱིན་པའི་ད་ལོའི་དཔྱིད་དུས་ཀྱི་ཉིན་ཞིག གསར་འགོད་པས་གཙང་པ་ནོར་བུ་ལགས་དང་ཐུག་འཕྲད་ཀྱིས། ཁོང་ཇི་ལྟར་བྱས་ཏེ་དམངས་ཁྲོད་སྒྱུ་རྩལ་པ་ཞིག་ཏུ་གྱུར་པའི་བརྒྱུད་རིམ་དང་བཅས་པ་ངོ་སྤྲོད་གནང་རོགས་ཞུས་པ་ཡིན། གཞས་པ་ནོར་བུ་ལགས་ནི་སྤྱི་ལོ་1979ལོར་གཞིས་རྩེ་གྲོང་ཁྱེར། བཞད་མཐོང་སྨོན་རྫོང་ཁོངས་རྟ་ནག་མདའ་ཤང་གི་ཞིང་པ་དཀྱུས་མའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། བོད་དུ་སྒྱུར་བཅོས་སྒོ་དབྱེའི་སྐྱ་རེངས་ཤར་བའི་དུས་སུ་ཁོང་མི་ཡུལ་དུ་ཁ་གཏད་པ་དེ་ནི། དམངས་ཁྲོད་སྒྱུ་རྩལ་རྒྱུན་འཛིན་པ་ཞིག་ཐོན་པ་ཞིག་ཡིན་ཏེ། གཞས་པ་ནོར་བུ་ལགས་ཁོང་ཡང་སྙིང་སྒྲ་སྙན་གཏོང་མཁས་པ་དང་། གླུ་གཞས་གཏོང་མཁས་པ། བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་ལ་དགའ་ཞེན་ཆེ་བ་བཅས་སུ་ཇི་ལྟར་བྱས་ནས་གྱུར་པ་ཡིན་ནམ་ཞེ་ན། དེ་ལའང་སྒྲུང་ཞིག་ཡོད་དེ། གཞས་པ་ནོར་བུ་ལགས་ཀྱི་ཕ་མ་གཉིས་ནི་སྔོན་ཆད་མི་དམངས་ཀུང་ཧྲེའི་ཐོན་སྐྱེད་རུ་ཁག་ནང་རུ་ཁག་མི་འདྲ་བ་སྟེ། གྲོང་ཚོ་ཁག་གཉིས་ཀྱི་ལས་ཞོར་འཁྲབ་སྟོན་པ་ཡིན་ཞིང་། སྐབས་དེ་དུས་ཤང་གིས་སྒྲིག་འཛུགས་བྱས་པའི་འཁྲབ་སྟོན་བྱེད་སྐབས་ཁོང་གི་ཕ་མ་གཉིས་མཐུན་འགྲིག་གིས་ཁྱིམ་ཚང་ཟིན་པ་ཞིག་ཡིན་པ་དང་། རྗེས་སུ་ནོར་བུ་ལགས་སྐྱེས། ནོར་བུ་ལགས་ལོ་ན་ལྔ་དྲུག་ཙམ་ལ་སོན་དུས་ནས་ཁོང་གི་པཱ་ལགས་ཀྱིས་གླིང་བུ་གཏོང་བ་དང་ཨ་མ་ལགས་ཀྱིས་ཞབས་བྲོ་བསྐྱོན་ཏེ་གྲོང་ཚོའི་ནང་དང་གྲོང་ཁྱིམ་མཚེས་ཚོར་གཟིགས་མོ་འབུལ་གྱི་ཡོད་པས། མི་ཚང་མས་ཁོང་བཟའ་ཚོ་གཉིས་ནི་སྒྱུ་རྩལ་ལ་མཁས་ཤིང་སྣང་བ་སྤྲོ་པོ་ཡོད་པ་ཞིག་ཏུ་བརྩི་གི་ཡོད་ལ། ཁྱད་པར་དུ་དགུན་དུས་ལོ་གསར་དང་། དབྱར་དུས་འོང་སྐོར་སོགས་དུས་སྟོན་ཆེ་གྲས་ཀྱི་སྐབས། ནོར་བུ་ལགས་ཀྱི་ཕ་མ་གཉིས་ཀྱིས་རྒྱ་ཁྱོན་སྤྱི་ཁྲེ་ངོས་གྲུ་ཉིས་བརྒྱ་ལྷག་ཙམ་གྱི་སྒོ་རའི་གཡབ་འོག་ཏུ་ཞབས་གཞས་འཁྲབ་སྟོན་བྱེད་ཀྱི་ཡོད་སྟབས། གྲོང་ཚོའི་མི་ཚོགས་དེ་གར་འཛོམས་ས་ཞིག་ཏུ་གྱུར་མྱོང་།
  འགལ་རྐྱེན་དུ་མས་སློབ་གཉེར་གོ་སྐབས་ཤོར། རང་གི་ཁྱད་ཡོན་ངོམས་ནས་འཇིག་རྟེན་འགྲིམས།
  མི་ཚང་མ་དང་འདྲ་བར་བསམ་ཚད་ལམ་དུ་ལྷོངས་དཀའ་བ་ནི་མི་ཚེ་གཅིག་རིང་། ལས་དབང་གིས་མི་སོ་སོར་ཚོད་བགམ་ཐེག་མིན་ལྟ་བ་ཞིག་དང་ཅིས་མི་མཚུངས། སྤྱི་ལོ་2001ལོར་གཞས་པ་ནོར་བུ་ལགས་སློབ་འབྲིང་ཐོན་རྗེས། ཁོང་གི་སེམས་ནང་མུ་མཐུད་སློབ་གྲྭར་བསྐྱོད་དེ། འབྱུང་འགྱུར་གྱོན་གོས་ལ་སེམས་ཁྲལ་མེད་པ་དང་རྟག་པར་འབྲས་གྲོ་ཞིབ་ཟ་རྒྱུ་ཡོད་པའི་ལས་བྱེད་པ་ཞིག་བྱེད་དགོས་སྙམ། འོན་ཀྱང་དངོས་ཡོད་གནས་ཚུལ་གྱིས་ཁོང་གི་བསམ་འདུན་དེ་སྐད་ཅིག་ཉིད་དུ་འཇིག་པར་གྱུར། དེ་ཡང་ཁོང་གི་ཕ་མ་གཉིས་ལ་ཕྲུ་གུ་གསུམ་ཡོད་ཀྱང་རྒན་མགོ་ནི་ནོར་བུ་ལགས་ཡིན་པས། ཕ་མའི་རྗེས་འཛིན་པ་ནི་ཁོང་ཉིད་ལ་བབས་ཡོད་པ་མ་ཟད། སྐབས་དེ་དུས་ཁྱིམ་ཚང་གི་འབྱོར་འཁོས་ཀྱང་ཅུང་ཞན་པའི་དབང་གིས། ཁོང་ཉིད་ཀྱི་ཚེ་འདིའི་སློབ་གྲྭར་སྐྱོད་རྒྱུའི་བསམ་འདུན་མཇུག་འགྲིལ་བར་གྱུར། སློབ་འབྲིང་སློབ་མ་ཁོང་ནི་སྒྱུ་རྩལ་དང་ལས་དབང་དམ་པོར་འབྲེལ་བ་ཞིག་ཡིན་པས། མུ་མཐུད་གྲོང་ཚོའི་ནང་སྡོད་རིང་གྲོང་ཚོའི་ལྷ་མོ་རུ་ཁག་གི་སྒྲ་སྙན་གཏོང་མཁན་དང་། རྔ་རྡུང་མཁན། འབྲས་དཀར་འཁྲབ་མཁན་སོགས་ག་བཏང་གོ་ཆོད་ཀྱི་འཁྲབ་སྟོན་པ་ཞིག་ཏུ་གྱུར། གྲོང་ཚོའི་ལྷ་མོ་རུ་ཁག་གི་འཁྲབ་སྟོན་ནི་ལོ་གསར་དང་འོང་སྐོར་ཙམ་ཡིན་པ་དང་། དེས་ཁོང་གིས་སྒྱུ་རྩལ་གྱི་གཤོག་རྩལ་ངོམས་འདོད་ཀྱི་བསམ་འདུན་ཇི་ལྟར་འགྲུབ་ཐུབ། ཁོང་ལ་རང་ཉིད་ཀྱི་སྒྲ་སྙན་དཀྲོལ་གཏོང་གི་སོར་རྩལ་འདོན་རྒྱུ་དང་། གྲེ་འགྱུར་ངག་གིས་ཀུན་ཡིད་འཕྲོག་པའི་གླུ་གཞས་གཏོང་འདོད་པའི་བསམ་འདུན་དེར་ཕ་མས་རྒྱབ་སྐྱོར་གནང་ཡང་། ཡུལ་གཞན་འགྲིམས་པའི་སྤོབས་པ་མེད་ཅིང་། ག་བྱེད་འདི་བྱེད་མེད་པའི་སྐབས་དེར། ལྷ་སར་ཡོད་པའི་ཁོང་གི་ཨ་ཞང་གིས“ཁྱོད་ལ་སྒྱུ་རྩལ་ལམ་བུར་ཞུགས་པའི་རྨང་གཞི་འདུག་པས། ངས་ལམ་སྣེ་སྟོན་ཆོག”ཅེས་བོད་ཀྱི་སྲོལ་རྒྱུན་ཞབས་གཞས་དང་དར་སོ་ཆེ་བའི་གཞས་སྣ་ཚོགས་གཏོང་ཡུལ་ལྷ་སའི་ནང་མ་ཁང་ཞིག་ལ་འོས་སྦྱོར་བྱས།
  དེ་གར་སླེབས་རྗེས་གཞས་པ་ནོར་བུ་ལགས་ཀྱིས། ནང་མ་ཁང་གི་བཀོད་སྒྲིག་ལྟར་རང་ཉིད་ཀྱི་བྱང་ཆ་ལྡན་པའི་སྒྲ་སྙན་དཀྲོལ་གཏོང་དང་དེ་བཞིན་བྱིས་པའི་དུས་ནས་གཏོང་མྱོང་བའི་དམངས་གཞས་བཏང་བས། ནང་མ་ཁང་གི་སྦྱིན་བདག་བློ་མགུ་པོ་བྱུང་བ་དང་གཟིགས་མོ་བའི་དགའ་བསུ་ཆེན་པོ་ཐོབ། འོན་ཀྱང་ཁོང་གི་མིག་ལམ་དུ་གླུ་གཞས་སྒྱུ་རྩལ་གྱི་ཐད་རང་ཉིད་ལས་བྱང་ཚད་མཐོ་བའི་གཞས་པ་གཞས་མ་མང་པོ་ཞིག་འཆར་འོང་བས། སེམས་ནང་ཁོང་ཚོའི་རྗེས་སྙེག་དང་དེ་ལས་བརྒལ་ཐུབ་པ་མ་བྱུང་ཚེ། ད་ལྟ་གླ་པ་རྒྱུག་སའི་གར་སྟེགས་ཐོག་ཡུན་རིང་གནས་མི་ཐུབ་པའི་ངོས་འཛིན་གྱིས་གཞས་གཏོང་སྟངས་སྤྱི་དང་། ཡང་སྒོས་གླུ་གཞས་མི་འདྲ་བ་སོ་སོར་གཞས་པས་སྟོན་དགོས་པའི་རྣམ་འགྱུར་དཔེར་ན། བདེ་སྐྱིད་འཚོ་བའི་གླུ་གཞས་གཏོང་སྐབས་སྐྱིད་སྣང་བག་ཡངས་ཀྱི་རྣམ་པ་ལྡན་པ་དང་། འཕྱ་དམོད་ཟུར་ཟའི་གླུ་གཞས་གཏོང་དུས་རྣམ་འགྱུར་སྒམ་པོར་གནས་པ། བཞད་གད་ཀྱི་ཉམས་ལྡན་པའི་གླུ་གཞས་གཏོང་སྐབས་དགོད་བྲོའི་རྣམ་འགྱུར་ལྡན་པ་སོགས་ལའང་དོ་སྣང་བྱས་ཏེ། གླུ་གཞས་གང་ཞིག་བཏང་ཡང་ཚིག་དང་གདངས་ཀྱི་ཉམས་ཙམ་མ་ཟད། རྣམ་འགྱུར་གྱི་ཐད་ནས་སྒྱུ་རྩལ་གྱི་ཉམས་འགྱུར་ལྡན་ཐུབ་པ་བྱས་སྟབས། ལྷ་སར་སླེབས་མ་ཐག་པའི་གཞས་པ་ཆུང་ཆུང་ཞིག་གི་སྙན་གྲགས་རང་དགར་ཁྱབ་ཅིང་། “གཙང་པ་ནོར་བུ”ཞེས་པའི་མིང་ཡང་དུས་དེ་ནས་ཐོགས།
  ན་གཞོན་གཞས་པའི་ལང་ཚོ་དར་བ་བཞིན། གཙང་གི་ཕྱོགས་སུ་སྒྱུ་རྩལ་བྱ་གཞག་བཏོད།
  ནང་མ་ཁང་དུ་གཞས་པ་ཞིག་བྱས་ཏེ་གླུ་གཞས་གཏོང་རྒྱུ་དེ་ཡོང་འབབ་གསོག་པ་ཙམ་མིན་པར། དེ་ནི་གླུ་གར་སྒྱུ་རྩལ་གྱི་སློབ་གྲྭ་ཆེན་མོ་ཞིག་འགྲིམས་པ་དང་གཉིས་སུ་མེད་པར་གྱུར་ཅིང་། ན་གཞོན་གཞས་པ་ནོར་བུ་ལགས་སུ་ལྷན་སྐྱེས་ཀྱི་མགྲིན་སྒྲ་ཐུན་མོང་མིན་པ་ཞིག་ཡོད་པའི་ཐོག་གདངས་ཀྱི་འགྱུར་ཁུག་གཙོ་བོ་བྱས་པའི་གླུ་གཞས་གཏོང་སྟངས་ཀྱི་ཕྱོགས་གང་ཅིའི་ཐད་སྦྱོང་བརྡར་ནན་པོ་ཐེབས་པ་མ་ཟད། གླུ་གར་ཁང་གཉེར་ཕྱོགས་ཀྱི་ལས་ཀའི་ཉམས་མྱོང་ཡང་ཁོང་དུ་ཆུད་པར་གྱུར་ཏེ། ཡུན་རིང་མ་འགོར་བར་གཙང་གི་ས་གཞི་ཆེན་པོའི་ཐོག་རང་ཉིད་ཀྱིས་གཙོ་གཉེར་བྱས་པའི་འཁྲབ་སྟོན་ཁང་ཞིག་གཉེར་རྒྱུར་མནོ་བསམ་འཁོར་ཡོད་ལ། དེ་དང་ཕྱོགས་མཚུངས་ཕ་ཡུལ་མཐོང་སྨོན་གྱི་ཞིང་འབྲོག་པ་མང་པོ་ཞིག་གིས་རང་ཡུལ་ནས་ཐོན་པའི་གཞས་པ་དེས་གཙང་གཞུང་དུ་ལོག་སྟེ། བྱ་གཞག་གཉེར་རྒྱུའི་འདུན་པ་འཆང་བཞིན་ཡོད་པས། སྤྱི་ལོ་2011ལོར་ཁོང་གིས་ལྷ་སའི་ནང་མ་ཁང་དུ་གླ་པ་བྱེད་པ་ནས་དམངས་སྲོལ་གླུ་གར་གྱི་གཞས་པའི་སྦྱིན་བདག་ཅིག་བྱ་རྒྱུར་ཁ་ཕྱོགས་ཏེ། གཞིས་རྩེར་ལོག་ཅིང་མ་དངུལ་དང་། མི་སྣ། སྒྲིག་ཆས་སོགས་ཕྱོགས་ཡོངས་གྲ་སྒྲིག་འཐུས་ཚང་བྱས་ཐོག་གཞིས་རྩེ་གྲོང་ཁྱེར་དུ“དགའ་སྐྱིད་གླིང་དམངས་ཁྲོད་སྒྱུ་རྩལ་འཁྲབ་སྟོན་ལྟེ་གནས”ཞེས་པ་ཞིག་གཉེར་ནས་གྲོང་ཁྱེར་དེའི་དམངས་ཁྲོད་གླུ་གར་ཁང་གི་འགྲན་རྩོད་ནང་ཞུགས་པ་རེད།
  ནོར་བུ་ལགས་ཀྱིས་དེ་སྔ་ནས་རང་ཉིད་ཀྱི་བྱ་གཞག་ལམ་དུ་ལྷོངས་ཕྱིར། ཕ་ཡུལ་མི་དམངས་ལ་ཕན་པ་འདོགས་རྒྱུའི་ཆོད་སེམས་བརྟན་པོ་ཞིག་ཡིད་ལ་བཀོད་ཡོད་པ་ལྟར། གླུ་གར་ཁང་བཙུགས་རྗེས་དེ་གའི་འཁྲབ་སྟོན་པ་དང་ཞབས་ཞུ་མ་སོགས་གང་ཐུབ་ཅི་ཐུབ་ཀྱིས་རང་ཉིད་ཀྱི་ལྟེ་ཁྲག་འཕོ་ས་ནས་བསྡུ་གང་ཐུབ་བྱས་ཡོད་ཅིང་། མིག་སྔར་ཁོང་གི་དམངས་སྲོལ་གླུ་གར་ཁང་དེར་ཁྱོན་བསྡོམས་ལས་བཟོ་མི་གྲངས་50ལྷག་ཙམ་ཡོད་པའི་ནང་། ཁོང་རང་ཉིད་ཀྱི་སྐྱེས་ཡུལ་རྟ་ནག་མདའ་ཤང་གི་ཞིང་འབྲོག་པ་ཁོ་ནའི་བུ་ཕྲུག་20ཡོད་ཅིང་། ཁོང་གིས་ན་གཞོན་དེ་ག་ཙམ་ལས་ཞུགས་ཐུབ་ཐབས་དང་། ཁོང་ཚོའི་ལུས་ཐོག་གི་སྒྱུ་རྩལ་ཐད་ཀྱི་དམིགས་བསལ་ཁྱད་ཆོས་འདོན་སྤེལ་བྱེད་དུ་བཅུག་པ་མ་ཟད། ཟླ་རེའི་ཆ་སྙོམས་ཡོང་འབབ་སྒོར་3000ལས་མི་དམའ་ཡོང་བ་བྱས་པར་བརྟེན། ཕ་ཡུལ་མང་ཚོགས་ཀྱི་སེམས་ནང་རང་ཡུལ་ནས་འཚར་ལོངས་བྱུང་བའི་སྒྱུ་རྩལ་པ་ཁོང་གི་བྱ་གཞག་ལ་དགའ་མགུ་ཡི་རངས་བྱེད་བཞིན་ཡོད་པ་རེད།
  ན་གཞོན་གཞས་པ་ནོར་བུ་ལགས་ཀྱིས་མི་ཚེའི་དོན་ཆེན་གྱི་ཆེད་དུ་དེ་སྔོན་ལོ་བཅུ་ཕྲག་རིང་རྒྱལ་ཁམས་འགྲིམས་པ་མ་གཏོགས། ཕ་ཡུལ་གྱི་ཆེད་དུ་བྱ་བཟང་ཞིག་སྒྲུབ་སྙམ་པའི་བསམ་བློ་དེ་སྐད་ཅིག་ཙམ་དོར་མེད་སྟབས། ཁོང་གིས་གཞིས་རྩེ་གྲོང་ཁྱེར་དུ་སྒྱུ་རྩལ་བྱ་གཞག་གི་རྐང་པ་ཚུགས་རྗེས། རང་ཉིད་ཆུང་དུས་གྲོང་ཚོའི་ལྷ་མོ་རུ་ཁག་གི་ནང་འཁྲབ་སྟོན་པ་ཞིག་བྱས་པར་རྗེས་དྲན་ཞུ་བ་དང་གྲོང་ཚོའི་ལྷ་མོ་རུ་ཁག་གི་འཁྲབ་སྟོན་པའི་སེམས་ཤུགས་ཇེ་ཆེར་གཏོང་རྒྱུར་དམིགས་ནས། སྤྱི་ལོ་2016ལོར་ཁོང་གིས་རང་གྲོན་བཏང་སྟེ་པར་རྒྱག་ཆེད་ལས་མི་སྣ་གདན་ཞུ་བྱས་ཐོག་སྐྱེ་ཡུལ་རྟ་ནག་མདའ་ཤང་དུ་བསྐྱོད་དེ། དེ་གའི་དམངས་ཁྲོད་ལྷ་མོ་རུ་ཁག་གིས་འཁྲབ་སྟོན་བྱས་པའི་བོད་ཀྱི་ལྷ་མོ《སྣང་ས་འོད་འབུམ》དང་། 《ཆོས་རྒྱལ་ནོར་བཟང》གཉིས་ཆ་ཚང་གི་འོད་སྡེར་བཏོན་པ་དང་། ཕྱོགས་མཚུངས་འོད་སྡེར་ཁག་གཉིས་པོ་དེ་རིན་མེད་དུ་གྲོང་ཚོའི་མང་ཚོགས་ལ་སྤྲད་དེ་ཁོང་ཚོས་བོད་ཀྱི་ལྷ་མོར་བཅངས་པའི་འདུ་ཤེས་དེ་བས་ཟབ་ཏུ་གཏོང་ཐབས་བྱས་ཡོད་པ་དང་། འོད་སྡེར་ཆ་ཚང་གཉིས་མང་ཚོགས་ཀྱི་ལག་ཏུ་སྤྲོད་སྐབས། མང་ཚོགས་ཁག་གཅིག་གིས“ཁྱེད་ཀྱིས་འོད་སྡེར་དེ་གཉིས་ལ་དངུལ་མང་པོ་སྤྲད་ཡོད་ཀྱི་རེད”ཅེས་སྐད་ཆ་འདྲི་སྐབས། ཁོང་གིས་རང་གྲོན་སྒོར་ཁྲི་3ལྷག་ཙམ་བཏང་བ་དེ་སྦ་གསང་བྱས་ནས་དངུལ་སྤྲོད་དགོས་མ་བྱུང་ཞེས་ལན་བཏབ་ཡོད་པ་རེད།
  ཁོང་གིས་རང་ཉིད་ཆུང་དུས་སློབ་གྲྭར་མུ་མཐུད་བསྐྱོད་རྒྱུའི་གོ་སྐབས་ཤོར་བར་གནོང་འགྱོད་ཆེན་པོ་བྱེད་པ་དང་རང་ཉིད་དང་འདྲ་བའི་ཞིང་འབྲོག་པའི་བུ་ཕྲུག་སློབ་ཤོར་མི་ཡོང་བའི་ཆེད་དུ་རང་ནུས་གང་ལྕོགས་ཀྱིས་རོགས་རམ་བྱེད་ཀྱི་ཡོད་པ་རེད། དེའང་སྤྱི་ལོ་2005ལོ་དང་། 2014ལོ། 2015ལོ་བཅས་ལ་ཁོང་གིས་སྔ་རྗེས་སུ་ཕ་ཡུལ་གྱི་ཞིང་འབྲོག་པའི་བུ་ཕྲུག་ལྔ་ལ་དུས་ཡུན་ལོ་ལྔའི་རིང་སློབ་ཆེན་དུ་བསྐྱོད་པའི་རོགས་དངུལ་སྒོར་ཁྲི་8ལྷག་ཙམ་བཏང་ཡོད་པ་དང་། དེ་མིན་ཁོང་གིས་བོད་ལྗོངས་སློབ་ཆེན་གྱི་སློབ་ཕྲུག་ཁ་ཤས་ཀྱིས་ཁོང་གི་སར། དཔེ་སྐྲུན་ཞལ་འདེབས་སློང་བར་ཡོང་སྐབས། ཁོང་གིས་རང་ཉིད་ཀྱིས་མགྲིན་པ་འཛེར་འཛེར་ངང་གཞས་བཏང་ནས་བྱུང་བའི་དངུལ་ནས་སློབ་ཕྲུག་དེ་ཚོའི་བརྩམས་ཆོས་པར་སྐྲུན་གྱི་ཆེད་དུ་སྔ་ཕྱི་བསྡོམས་སྒོར་ཁྲི་གསུམ་ཙམ་ཞལ་འདེབས་བརྒྱབ་པ་མ་ཟད། ཁོང་གིས་སློབ་མ་དེ་ཚོར“ཁྱེད་ཚོས་རང་ཉིད་ཀྱི་རིག་རྩལ་ལ་བརྟེན་ནས་གསར་རྩོམ་བྱེད་ཐུབ་ན། མ་དངུལ་ཐད་ང་ཚོས་ཞལ་འདེབས་ལོས་རྒྱག”ཅེས་སློབ་མར་བོད་ཀྱི་རིག་གནས་བྱ་གཞག་གོང་དུ་སྤེལ་བར་སེམས་ཤུགས་སྐྱེ་དགོས་པའི་སྐུལ་མ་གཏོང་མྱོང་བ་རེད།
  དཀའ་ངལ་ཡོད་པའི་སློབ་ཕྲུག་ཡིན་ནའང་འདྲ། ནད་པ་ཡིན་ཡང་འདྲ། མི་མང་པོ་ཞིག་གིས་དཀའ་ངལ་འཕྲད་སྐབས་གཞས་པ་ནོར་བུ་ལགས་ཀྱི་རོགས་རམ་ཡོད་ཤག་བྱས་ཏེ་ཁོང་འཚོལ་བར་ཡོང་གི་ཡོད་ལ། ཁོང་གིས་ཀྱང་རོགས་རམ་དེ་རང་ཉིད་ཀྱི་འོས་བབ་ཅིག་ལ་བརྩི་གི་ཡོད་པ་སྟེ། དེ་ཡང་དཔེར་ན། སྤྱི་ལོ་2016ལོའི་ཟླ་གཉིས་པར། བཞད་མཐོང་སྨོན་རྫོང་ཁོངས་མཚོ་འགོ་གྲོང་ཚོའི་ཞིང་པ་སྐལ་བཟང་གིས་གཟབ་གཟབ་མ་བྱས་པར་འདྲུད་འཐེན་འཁོར་ལོ་མགོ་མཇུག་ལོག་པའི་ལས་འཛོལ་ཐོན་ཞིང་། གཞོན་པ་དེར་སྲོག་ཉེན་ཡོད་པའི་སྐོར་ཁོང་གིས་ཐོས་རྗེས། རང་ཉིད་ནས་སྨན་བཅོས་གྲོན་དངུལ་ཁག་གཅིག་གྲ་སྒྲིག་བྱས་པ་དང་འབྲེལ་ལས་རོགས་དང་། དྲ་རོགས་ཚང་མར་འབོད་སྐུལ་བྱས་ཏེ་སྒོར་ཁྲི་5ལོན་རྗེས། འཕྲལ་དུ་རྨས་མའི་སར་བསྐྱལ་ཏེ་སེམས་གསོ་བྱས་ཡོད་པ་རེད།
  གཞས་པ་ནོར་བུ་ལགས་ཀྱིས་གཞན་ཕན་བྱ་གཞག་སྒྲུབ་པ་དང་ཕྱོགས་མཚུངས་དེ་བས་ལྷག་པའི་གཞན་ཕན་སྒྲུབ་པར་རང་ཉིད་ཀྱི་བྱ་གཞག་གཞི་ཁྱོན་དེ་བས་ཆེ་རུ་གཏོང་རྒྱུར་ཐོག་མཐའ་བར་གསུམ་དུ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ལ། ཁྱད་པར་དུ་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་གྱི་ཉིང་བཅུད་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་དེ་རང་ཉིད་གཞས་པ་ཞིག་གི་བསྐྱུར་ཐབས་ཡེ་ནས་མེད་པའི་འགན་འཁྲི་ཞིག་ལ་ངོས་འཛིན་བྱས་ཏེ། སྤྱི་ལོ་2016ལོའི་ཟླ་བདུན་པར། གཞིས་རྩེ་གྲོང་ཁྱེར་དུ“གཙང་པ་ནོར་བུ་རིག་གནས་འཕེལ་རྒྱས་འགན་འཁྲི་ཚད་ཡོད་ཀུང་སི”དངོས་སུ་བཙུགས་ཤིང་། ཀུང་སི་དེ་འཛུགས་པའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་དམངས་ཁྲོད་གླུ་གར་རྒྱུན་འཛིན་དར་རྒྱས་གཏོང་རྒྱུ་དེ་ཡིན་ཞིང་། མིག་སྔར་ཁོང་གིས་གླུ་གར་ཁང་དུ་གླུ་གཞས་གཏོང་བ་དང་སྦྲགས་དམངས་གཞས་འབོར་ཆེན་འཚོལ་བསྡུ་བྱེད་བཞིན་ཡོད་པ་རེད། གསར་འགོད་པས་ཁོང་ལ“ད་བར་བོད་ཀྱི་གཞས་པ་ཧ་ཅང་མང་པོས་དམངས་གཞས་བཏང་ཡོད་པས། ད་དུང་ཡང་དམངས་གཞས་འཚོལ་བསྡུ་བྱེད་རྒྱུ་ལུས་ཡོད་དམ”ཞེས་ཤོད་སྐབས། ཁོང་གིས་གད་མོ་དགོད་བཞིན་དུ“དམངས་གཞས་ནི་མཐའ་ཡས་རྒྱ་མཚོ་དང་གཅིག་པ་རེད། ཇི་ཙམ་སྤྱད་ཀྱང་རྫོགས་རྒྱུ་མེད་པ་ཞིག་རེད། དམངས་ཁྲོད་དུ་ངལ་རྩོལ་གྱི་བརྒྱུད་རིམ་ནང་དམངས་གཞས་གསར་པ་ཡང་ཐོན་མུས་ཡིན་པས་འཚོལ་བསྡུ་བྱེད་རྒྱུ་དེ་ལྷོད་གཡེང་གཏོང་མི་རུང་བ་ཞིག་རེད”ཅེས་ལན་བཏབ་བྱུང་། ཁོང་གིས་ཕྱོགས་གང་ཅིར་དམ་འཛིན་བྱེད་ཀྱི་ཡོད་པ་ནི་ཡང་དོན་འདི་ནས་གསལ་བཤད་ཐུབ་སྟེ། དེ་ཡང་ལོ་བརྒྱད་ཀྱི་གོང་དུ་ཆེད་སྒྲིག་འོད་སྡེར་བཏོན་རྗེས་མུ་མཐུད་ཆེད་སྒྲིག་འོད་སྡེར་གསར་པ་འདོན་རྒྱུའང་དམ་འཛིན་བྱས་ཏེ་2017ལོའི་ཟླ་གཉིས་པར་ཆེད་སྒྲིག་འོད་སྡེར་བཞི་པ《ངའི་དམ་བཅའ》ཞེས་པ་དེ་དངོས་སུ་ཁྲོམ་རའི་ཐོག་འགྲེམས་ཚོང་བྱས་ཡོད་ཅིང་། ཁོང་གི་གླུ་གཞས་ནི་གསན་མཁན་ཧ་ཅང་མང་པོར་རྒྱུས་མངའ་ཡོད་པ་ཞིག་ཡིན་སྟབས། བོད་མེ་བྱ་ལོའི་ལོ་གསར་སྔ་ནུབ་ཏུ་ལྷ་སའི་ཁྲོམ་གཞུང་དུ་ཉིན་ཤས་ནང་འོད་སྡེར་ཁྲི་གཅིག་ལྷག་ཙམ་བྲིན་ཡོད་པ་རེད། འོད་སྡེར་དེའི་ནང་གི་གླུ་གཞས་ཁག་གཅིག་གི་ཚིག་དང་གདངས་གཉིས་ཀ་ཁོང་རང་ཉིད་ཀྱིས་གསར་རྩོམ་བྱས་ཡོད་སྟབས་འཚོ་བའི་ཉམས་སྣང་ཤིན་ཏུ་དོད་ལ། ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་རང་དགར་མངོན་གྱི་ཡོད་པ་རེད། དེ་ཡང་དཔེར་ན། གླུ་གཞས། “ཕ་ཡུལ་རྟ་ནག”ཅེས་པའི་ནང་དུ“ཕ་ཡུལ་རྟ་ནག་གཞུང་ལ། སྙན་པའི་གླུ་ཞིག་བླངས་ཡོད། ཡུལ་མི་སྤུན་ཟླ་ལྷན་རྒྱས། བུ་ངའི་གླུ་ལ་གསན་དང་། ཆུ་མོས་ཤང་ཤང་མ་ཟེར། རྟ་ནག་འཐུང་ཆུ་དྲན་གྱིས། སྒྲ་སྙན་ཏང་ཏང་མ་ཟེར། རྟ་ནག་འོང་སྐོར་དྲན་གྱིས། བྱིའུ་ཆུང་ཅིའུ་ཅིའུ་མ་ཟེར། རྟ་ནག་ལྕང་གླིང་དྲན་གྱིས”ཞེས་པ་སོགས་ཀྱིས་ཕ་ཡུལ་དྲན་སེམས་ཤུགས་ཆེར་མཚོན་གྱི་ཡོད་པ་ལྟ་བུའོ།
  ན་གཞོན་གཞས་པ་ནོར་བུ་ལགས་ཀྱིས་གཞིས་རྩེ་གྲོང་ཁྱེར་དུ་འཁྲབ་སྟོན་ཁང་ཞིག་གཉེར་སྐྱོང་བྱས་པ་དེ་ནི་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་གྱི་ཞིང་ས་ཆེན་པོར་བཞད་པའི་སྒྱུ་རྩལ་གྱི་མེ་ཏོག་ཆུན་པོ་ཞིག་ཡིན་པ་དང་། དེ་ནི་དམངས་ཁྲོད་ཀྱི་ན་གཞོན་ཚོར་ཡོད་པའི་ལྷན་སྐྱེས་རིག་རྩལ་གྱི་རིག་སྟོབས་ངོམས་སའི་གར་སྟེགས་གསར་པ་ཞིག་ཏུ་གྱུར་ཡོད་པས། ཁོ་བོས་གཞས་པ་ཁོང་དང་བཅས་པའི་བོད་ཀྱི་ན་གཞོན་གཞས་པ་གཞས་མ་ཚོས་བོད་ཀྱི་གནའ་བོའི་དམངས་གཞས་ཀྱི་ལྗོན་ཤིང་ལ་དཔྱིད་དཔལ་གསར་དུ་བཞད་པ་བྱ་རྒྱུར་སེམས་ནུས་ཡོད་ཚད་འདོན་རྒྱུའི་སྐུལ་ལྕག་ཞུས་པ་ཡིན།
འབྲེལ་ཡོད་རྩོམ་ཡིག