ཁྲི་སེམས་དཔའ། སྙན་ངག་པ་མར་ཁུ་རྒྱལ་མཚན་ལགས། སྐུ་ཁམས་བཟང་ངམ།
མར་ཁུ་རྒྱལ་མཚན། བཟང་ལགས།
ཁྲི་སེམས་དཔའ། འོ་རེད། གཤམ་ནས་ཁྱེད་ཀྱིས་རང་ཉིད་སྙན་ངག་གི་ལམ་དུ་ཇི་ལྟར་ཞུགས་པའི་སྐོར་ནས་ཁ་བརྡ་རེ་བྱས་ན།
མར་ཁུ་རྒྱལ་མཚན། སྙན་ངག་ཅེས་པའི་ཐ་སྙད་འདི་དང་འཕྲད་པའི་དུས་ནི1989ལོ་སྟེ། ང་རང་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་དམའ་འབྲིང་གཉིས་པའི་སློབ་མ་ཞིག་ཡིན་པའི་སྐབས་ཤིག་ལ། ངས་སློབ་གྲོགས་ཁ་ཤས་ཀྱི་ལག་ཏུ《སྦྲང་ཆར》དང《མཚོ་སྔོན་མང་ཚོགས་སྒྱུ་རྩལ》དུས་དེབ་གཉིས་བཟུང་ཡོད་པ་མཐོང་མྱོང་བ་དང་། གཟའ་ཉི་མའི་སྐབས་དང་ཁོམ་སྐབས་སོགས་ཡོད་དུས། ཁོ་ཚོའི་ལག་ནས་དུས་དེབ་དེ་དག་གཡར་ཏེ་སྒྲུང་གཏམ་དང་སྙན་ངག་སོགས་བཀླགས་པར་མ་ཟད། རང་ཉིད་ཀྱིས་ཀྱང་དགེ་རྒན་དག་གི་མཛུབ་ཁྲིད་འོག རྩོམ་ཡིག་གི་ནང་དུ་མངོན་བརྗོད་དང་བརྡ་རྙིང་སོགས་སྤྱད་དེ་ལྷུག་རྩོམ་དང་ཚིགས་བཅད་སྙན་ངག་ཡིན་ཁུལ་གྱིས་རྩོམ་ཡིག་མང་པོ་བྲིས་སྟེ་སློབ་གྲྭའི་གཞུང་གི་སྒོ་སམ་ཚགས་པར(དེ་དུས། གཟའ་འཁོར་རེ་རེའི་གཟའ་སྤེན་པའི་ཕྱི་དྲོར་འཛིན་གྲྭ་རེ་རེས་རེས་མོས་ལྟར་རང་འཛིན་གྲྭའི་ནང་གི་རྩོམ་ཡིག་ལེགས་གྲས་དག་བདམས་ནས་རྩིག་ལྡེབས་ཀྱི་ངོས་ན་ཡོད་པའི་སྒོ་སམ་ཆེན་པོ་གཉིས་ཀྱི་སྟེང་ལ་རྩོམ་ཡིག་སྤེལ་བཞིན་ཡོད)གྱི་སྟེང་ལ་རྩོམ་ཡིག་ཁ་ཤས་བཀོད་མྱོང་། རྗེས་སུ་དམའ་འབྲིང་གསུམ་པའི་དུས་སྐབས་སུ། 1983ལོའི《སྦྲང་ཆར》དེབ་གཉིས་པའི་དུས་དེབ་རྙིང་བ་ཞིག་གི་སྟེང་ནས་དཔལ་དོན་འགྲུབ་རྒྱལ་ལགས་ཀྱིས་བརྩམས་པའི་རང་མོས་སྙན་ངག་ཐོག་མ《ལང་ཚོའི་རྦབ་ཆུ》ཞེས་པ་དེ་མཐོང་བ་དང་། སྒྲ་སྡུད་འཁོར་ལོ་དང་རྒྱང་སྒྲོག་སོགས་ལས་སྒང་ཚང་ཕག་མོ་བཀྲ་ཤིས་སམ་གཅན་ཉི་གཞོན་ལགས་ཀྱིས་གྱེར་འདོན་བྱེད་བཞིན་པ་ཐོས་རྗེས། ཡིད་སེམས་ནི་གཞུ་རྒྱུད་ལས་ཤོར་བའི་མདའ་མོ་བཞིན་དབང་མེད་དུ་རང་མོས་སྙན་ངག་གི་ཕྱོགས་སུ་ཤོར་སོང་།
དམའ་འབྲིང་གི་འཚོ་བ་མཇུག་གྲིལ་ནས་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་ནང་དུ་རྒྱུགས་འཕྲོད་དེ་འབྲིང་རིམ་གྱི་འཚོ་བ་མགོ་བརྩམས་པའི་ཉིན་དང་པོར། ང་ཚོ་འཛིན་གྲྭའི་བོད་ཡིག་གི་དགེ་རྒན་ཏེ་མཚན་ལ་གནམ་ལྷ་ཚེ་རིང(ཁོང་གི་ཕ་ཡུལ་ནི་རེབ་གོང་ས་དཀྱིལ་སྡེ་བ་ཡིན་ཞིང་། ང་རང་སློབ་མཐར་ཕྱིན་ཏེ་ལོ་རེ་གཉིས་ཤིག་གི་རྗེས་སུ་ཁོང་ཉིད་སྐུ་གཤེགས་སོང)དུ་འབོད་པའི་དགེ་རྒན་གང་དེས་སློབ་ཁྲིད་ཀྱི་སྐབས་སུ། ཐོག་མར་རང་ཉིད་མཚམས་སྦྱོར་མདོར་བསྡུས་ཙམ་བྱས་རྗེས། ད་ཐེངས་ཀྱི་སློབ་ཁྲིད་འདིར་ཁྱེད་ཚོས་རྩོམ་ལུས་གང་རུང་སྤྱད་ནས་རྩོམ་ཡིག་རེ་བྲིས་ཏེ་ཡར་ལ་སྤྲོད་རོགས། འདི་ནི་ངས་ཁྱེད་ཚོ་སློབ་གྲྭ་འདིར་ཞུགས་ནས་བྱིན་པའི་ལས་བྱ་དང་པོ་ཡིན་ཟེར། ངས་ནི་ཉིན་དེར་རང་ཚོད་ཀྱིས་ཁ་བྱང་ལ《གསར་རྩོམ་གྱི་ལམ་དུ་ཞུགས་པའི་ལས་དང་པོ་བ་ང》ཞེས་པའི་རྩོམ་ཡིག་ཅིག་བྲིས་ཚར་རྗེས་ཡར་ལ་སྤྲད་པ་ཡིན། དེའི་ཕྱི་ཉིན་དགེ་རྒན་ལགས་སློབ་ཁྲིད་ལ་འོངས་ནས་སློབ་ཁྲིད་བྱས་ཤིང་། སློབ་ཚན་ཁྲིད་ཚར་ཏེ་ལས་བྱ་སྟེར་བའི་དུས་སྐབས་སུ་འབྲི་དེབ་ཅིག་ལག་ལ་བླངས་སྟེ། རྒྱལ་མཚན་ཟེར་བའི་སློབ་མ་དེ་སུ་ཡིན་ཞེས་དྲིས་བྱུང་། སྐབས་དེར་ང་རང་ཡར་ལ་ལངས་ནས་རང་ཉིད་ནི་རྒྱལ་མཚན་ཞེས་པའི་སློབ་མ་དེ་ཡིན་ཚུལ་བསྟན་པ་ན། ཁོང་གིས་ངས་བྲིས་པའི་རྩོམ་ཡིག་དེ་མགོ་ནས་མཇུག་བར་ཀློག་འདོན་ཚར་གཅིག་བྱས་རྗེས། སློབ་གྲོགས་ཚང་མའི་མདུན་ནས་ང་ལ་བསྟོད་པ་ཡང་ཡང་བྱས་སོང་། དེར་མ་ཟད། སློབ་སྐབས་གཅིག་རྫོགས་ལ་ཉེ་བའི་ཉིན་ཞིག་གི་ཕྱི་དྲོ་ཞིག་ལ། ཁོང་གིས་ང་རང་ཁོང་གི་གཞུང་ལས་ཁང་དུ་བོས་ནས“ ཁྱེད་ཀྱིས་མུ་མཐུད་དུ་རྩོམ་ཡིག་མང་པོ་ཕྲིས་དང་། རེ་བ་ཆེན་པོ་འདུག ངས་ཁྱེད་ལ་མང་པོ་མང་པོ་ཞིག་གི་ཐད་ནས་རོགས་རམ་བྱེད་མི་ཐུབ་ཀྱང་། ཁྱེད་ཀྱིས་རྩོམ་ཡིག་ཅི་ཙམ་འབྲི་ཐུབ་ན། ངས་ཁྱེད་ལ་འབྲི་དེབ་ཀྱི་ཐད་ནས་དེ་ཙམ་གྱིས་རོགས་རམ་བྱེད་ཐུབ”ཅེས་གསུངས་སོང་། ཁོང་གིས་ང་ལ་གསུངས་པའི་སྐད་ཆ་ཐོས་མ་ཐག ཉིན་དེར་ངའི་ཡིད་སེམས་ནི་སྤྲོ་བས་རབ་ཏུ་བརྟས་ཏེ་རང་ཉིད་གནམ་ས་གང་ན་ཡོད་པ་མི་ཤེས་པའི་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཞིག་སྐྱེས་མྱོང་།
ཁྲི་སེམས་དཔའ་དང་མར་ཁུ་རྒྱལ་མཚན།
ཉིན་མོ་དེ་ནས་བཟུང་སྟེ། ངས་རྩོམ་ཡིག་འབྲི་བའི་ཐད་ལ་ཤུགས་ཆེན་པོ་བརྒྱབ་པ་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རྒྱ་ཡིག་སྡེ་ཁག་ན་སློབ་གཉེར་བྱེད་བཞིན་པའི་ངའི་ཁུ་བོ་ཨོ་རྒྱན་ལགས་ལ། ང་ལ་ཁྱེད་ཅག་གི་བསླབ་དེབ་ལས་ཕྱི་གླིང་བའི་རྩོམ་རིག་གི་དཔེ་ཆ་འགའ་བསྐུར་རོགས་ཅེས་འཕྲིན་ཡིག་ཅིག་བྲིས་ཏེ་བསྐུར་པ་ན། ཟླ་ངོ་གཅིག་གི་རྗེས་སུ། ཁོང་གིས《ཕྱི་གླིང་བའི་རྩོམ་རིག་བརྩམས་ཆོས་བདམས་བསྒྲིགས》ཞེས་པའི་པོད་བཞིའི་བདག་ཉིད་ཅན་ཞིག་བསྐུར་ནས་ཐོན་བྱུང་། དཔེ་ཆ་དེ་དག་ལག་ཏུ་འབྱོར་རྗེས། ངས་ནི་སློབ་ཁྲིད་ཀྱི་སྐབས་སུ་སློབ་ཁྲིད་ལ་མ་ཉན་པར་དཔེ་ཆ་དེ་དག་བཀླགས་པ་དང་རྩོམ་ཡིག་མང་པོ་བྲིས་པ་ཡིན། ལོ་གཅིག་གི་རྗེས་ནས་ཁོང་ཉིད་སློབ་མཐར་ཕྱིན་ཏེ་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་ལས་བགོས་བྱས་ནས་ང་ཚོའི་རྒྱ་ཡིག་གི་དགེ་རྒན་དུ་གྱུར་པ་དང་། ངེད་གཉིས་ནི་ཁུ་དབོན་གྱི་འབྲེལ་བ་ནས་དགེ་སློབ་ཀྱི་འབྲེལ་བར་གྱུར་སོང་།
ཁོང་ཉིད་དངོས་སུ་ང་ཡི་དགེ་རྒན་དུ་གྱུར་བའི་བརྒྱུད་རིམ་གྱི་ཁྲོད་ནས། ང་རང་ནམ་རྒྱུན་ཁོང་གི་མལ་ཤག་ཏུ་ཕྱིན་པ་དང་། ཁོང་གི་དཔེ་ཆ་མང་པོའི་གསེབ་ནས་རྒྱ་ནག་གི་སྙན་ངག་པ་ཧེ་ཙི་དང་ལའོ་དབྱི་ཧི་སོགས་ཀྱི་སྙན་ངག་ལ་བལྟ་ཀློག་བྱེད་པའི་གོ་སྐབས་བྱུང་བར་མ་ཟད། རྒྱ་གར་གྱི་སྙན་ངག་པ་ཆེན་མོ་ཋཱ་ཀུར་ལགས་ཀྱི་ལྷུག་རྩོམ་སྙན་ངག་ལ་མཇལ་པའི་བསྐལ་བའང་ལྡན་པར་གྱུར།
གཞན་ཡང་། འབྲིང་རིམ་གཉིས་པའི་སློབ་སྐབས་སྔོན་མའི་གཟའ་སྤེན་པའི་ཕྱི་དྲོ་ཞིག་ལ། ང་རང་ལོབས་ཕྱོགས་ལྟར་ཁུལ་ཞིན་ཧྭ་དཔེ་ཚོང་ཁང་གི་ནང་དུ་དཔེ་ཆ་གསར་བ་ཐོན་ཡོད་མེད་ལ་བལྟ་རུ་ཕྱིན་པ་ན། ཏག་ཏག《 གངས་རྒྱན་མེ་ཏོག 》ཟེར་བའི་དུས་དེབ་ཅིག་དང་འཕྲད་བྱུང་། དཔེ་དེབ་དེའི་ཁ་ཕྱེ་ནས་བལྟས་མ་ཐག མ་གཞི་དུས་དེབ་དེ་ནི་རང་མོས་སྙན་ངག་གཙོ་བྱས་ཤིང་སྙན་ངག་རྐྱང་རྐྱང་གིས་གྲུབ་པའི་དེབ་ཅིག་ཡིན་པ་དང་། རང་ཉིད་ནི་མ་གཞི་ནས་སྙན་ངག་ལ་ཧ་ཅང་དུངས་བ་ཟབ་པའི་མི་ཞིག་ཡིན་པའི་ཆ་ནས། དབུལ་བོ་ནོར་ལ་འཕྲད་པ་བཞིན་དགའ་བ་བརྗོད་ཀྱིས་མི་ལངས་པ་སྐྱེས་མྱོང་བར་མ་ཟད། ནམ་རྒྱུན《 གངས་རྒྱན་མེ་ཏོག 》ཅེས་པའི་དུས་དེབ་དེའི་ནང་གི་སྙན་ངག་པ་གཅན་མེ་སྟག་དང་། སྨན་བླ་སྐྱབས། ཞི་བདེ་ཉི་མ། འབྲོང་སོགས་ཀྱི་བརྩམས་ཆོས་ཡང་དང་བསྐྱར་དུ་བཀླགས་ཤིང་ལད་མོ་བྱས་ཏེ་སྙན་ངག་མང་པོ་ཞིག་འབྲི་སྦྱངས་བྱས་མྱོང་། དེ་མ་ཟད་ངས་ང་ཚོའི་འཛིན་གྲྭའི་སློབ་གྲོགས་རྩོམ་དགའ་འགའ་རྩ་འཛུགས་བྱས་ཏེ་སློབ་གྲྭའི་གཞུང་གི་བརྡ་སྦྱོར་སོགས་འབྲི་བྱེད་ཀྱི་པང་ལེབ་གསུམ་སྦྱར་མའི་སྒོ་སམ་ནག་པོ་ཞིག་ཡོད་པ་དེའི་སྟེང་ལ་ང་ཚོའི་སྙན་ངག་དག་ལས་ལེགས་གྲས་དག་སྤེལ་ཏེ། གཟའ་འཁོར་རེ་རེའི་གཟའ་སྤེན་པའི་ཉིན་གུང་གི་དུས་སུ་སློབ་ཁང་གི་སྒོ་ཆེན་གྱི་མདུན་ལ་བཤམས་ནས་དགེ་སློབ་ཀུན་གྱི་གཟིགས་མོར་ཕུལ་མྱོང་། སློབ་མཐར་ཕྱིན་ཁར་ངས་ལོ་རེ་རེར་གཅན་ཚའི་མཐར་ཕྱིན་སློབ་མ་རྣམས་ཀྱིས་རེས་མོས་ལྟར་སྐུ་ཞབས་རང་གྲོལ་མཆོག་ལ་རྗེས་དྲན་གྱི་ཚུལ་དུ་ཕུད་བཞིན་པའི《 ལྗང་མྱུག 》ཅེས་པའི་ལོ་དེབ་སྣུམ་དཔར་མ་དེའི་ཁ་བྱང་བརྗེས་ནས《 སྤྲིན་དཀར་གྱི་འདབ་མ 》ཞེས་པའི་ལོ་དེབ་ཅིག་ཀྱང་ཕུད་མྱོང་།
འདི་ལྟར་ལོ་ངོ་བཞིའི་རིང་གི་སྐྱིད་ལ་སྡུག་པའི་སློབ་མའི་འཚོ་བ་མཇུག་གྲིལ་ཏེ། བྱ་བའི་ལས་གནས་སྟེང་ལ་ཞུགས་ནས་ད་ལྟའི་བར་དུ་ལོ་ངོ་ཉི་ཤུ་ལྷག་ཙམ་འདས་ཟིན་ནའང་། ངས་ནི་སྙན་ངག་ཅེས་པའི་ཡིག་འབྲུ་འདི་གཉིས་ནི་རང་གི་གཅེས་པའི་སྲོག་བཞིན་དོར་མ་མྱོང་བ་དང་། སུ་ཞིག་གིས་ང་ལ་ཁྱེད་རང་སྙན་ངག་གི་ལམ་བུ་འདིར་ཞུགས་ནས་ཁྱེད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་མི་ནི་སུ་ཡིན་ཞེས་དྲིས་ཚེ། ངས་ནི་སྦ་གསང་མེད་པ་རང་ལ་དྲི་བ་འདོན་མཁན་གྱི་མི་དེ་ལ། དེ་ནི་ངའི་སློབ་དཔོན་དམ་པ་གནམ་ལྷ་ཚེ་རིང་དང་ངའི་ཁུ་བོ་ཨོ་རྒྱན་གཉིས་ཡིན་ནོ་ཞེས་དང་། རྒན་གནམ་ལྷ་ཚེ་རིང་ལགས་ཀྱིས་ང་ལ་གསུངས་མྱོང་བའི་སྙིང་གཏམ་དམར་པོ་དེ་དང་ཁུ་བོ་ཨོ་རྒྱན་ལགས་ཀྱིས་ང་ལ་དཔེ་ཆ་བསྐུར་མྱོང་བའི་ལྷག་བསམ་དཀར་པོ་དེ་གཉིས་ནི། ངས་རང་གི་ཚེ་ཡི་འཕེན་པ་མ་རྫོགས་བར་དུ་གཏན་ནས་བརྗེད་མི་སྲིད་ཅེས་ལན་གདབ་ངེས་ཡིན།
ཁྲི་སེམས་དཔའ། ཁྱེད་རང་བོད་ཀྱི་སྙན་ངག་གི་མི་རབས་གསུམ་པའི་ཚོགས་མི་ཞིག་ཡིན་པའི་ཆ་ནས། ཁྱེད་ཀྱིས་མི་རབས་གསུམ་པའི་ཁ་སང་དེ་རིང་གི་གནས་བབ་དང་མ་འོངས་པའི་འཆར་གཞིའི་ཕྱོགས་ནས་ཁ་བརྡ་རེ་བྱས་ན།
མར་ཁུ་རྒྱལ་མཚན། རེད། ང་རང་བོད་ཀྱི་སྙན་ངག་གི་མི་རབས་གསུམ་པའི་ཚོགས་མི་ཞིག་ཡིན་པའི་ཆ་ནས། ང་ཚོའི་ཁ་སང་དེ་རིང་གི་གནས་བབ་དང་མ་འོངས་པའི་འཆར་གཞིའི་ཕྱོགས་ནས་ཁ་བརྡ་རེ་ལབ་ན། ལོ་རེ་གཉིས་ཤིག་ལ་རྒྱུ་རྐྱེན་ཁ་ཤས་ཀྱི་དབང་གིས། 《 མི་རབས་གསུམ་པ 》ཞེས་པའི་དཔེ་ཆ་དེ་པར་བསྐྲུན་འགྲེམ་སྤེལ་བྱེད་མ་ནུས་ནའང་། ད་ལོ་ནས་བཟུང་སྟེ། ང་ཚོས་སྔར་ལྟར་ལོ་རེ་རེར《 མི་རབས་གསུམ་པ 》ཞེས་པའི་དཔེ་ཆ་གཅིག་རེ་དང་ཚགས་པར་གཅིག་རེ་པར་དུ་བསྐྲུན་ཏེ་སྤྱི་ཚོགས་སྟེང་འགྲེམ་སྤེལ་བྱེད་རྒྱུ་ཡིན་པར་མ་ཟད། ལོ་རྗེས་མ་ནས་བཟུང་སྟེ། ང་ཚོས་འཛམ་གླིང་གི་སྙན་ངག་པ་གྲགས་ཅན་དག་གི་ཚབ་མཚོན་བརྩམས་ཆོས་རྣམས་བོད་ཡིག་ཏུ་བསྒྱུར་ཏེ་ལོ་གཉིས་རེའི་བར་ནས་སྙན་ངག་འགྱུར་དེབ་རེ་པར་དུ་བསྐྲུན་ཏེ་སྤྱི་ཚོགས་སྟེང་འགྲེམ་སྤེལ་བྱེད་འཆར་ཡང་ཡོད།
ཁྲི་སེམས་དཔའ། ཁྱེད་ཀྱིས་བསམ་ན་སྙན་ངག་གསར་རྩོམ་གྱི་བརྒྱུད་རིམ་ཁྲོད་དུ་རྒྱུན་པར་མཉམ་འཇོག་དགོས་ས་དེ་གང་ཡིན།
མར་ཁུ་རྒྱལ་མཚན། ངས་བསམ་ན་སྙན་ངག་གསར་རྩོམ་གྱི་བརྒྱུད་རིམ་ཁྲོད་ནས་རྒྱུན་པར་མཉམ་འཇོག་དགོས་ས་ནི། རྗོད་བྱེད་ཚིག་གི་སྙན་ཆ་དང་། བརྗོད་བྱའི་དོན་གྱི་ཟབ་ཚད་གཉིས་ལ་དོ་སྣང་བྱེད་དགོས་པར་འདོད། དེ་ལས་གཞན། སྙན་ངག་ནི་རྩོམ་སྟངས་གཞན་དང་བསྡུར་ན། དཔྱོད་ཤེས་ལས་ཚོར་ཤེས་གཙོ་བའི་རྩོམ་སྟངས་ཤིག་ཡིན་པས། སྙན་ངག་གང་ཞིག་རྩོམ་དུས། སྙན་ངག་པས་དཔྱོད་ཤེས་གཙོར་བཟུང་ནས་སྙན་ངག་བརྩམས་པ་ཡིན་ན། བརྩམས་ཆོས་གང་དེར་སྙན་ངག་གི་རིན་ཐང་དེ་འདྲ་མེད་པར་འདོད།
ཁྲི་སེམས་དཔའ། ཁྱེད་ལ་ཤུགས་རྐྱེན་ཐེབས་མྱོང་བའི་རྒྱལ་ཁབ་ཕྱི་ནང་གི་སྙན་ངག་པ་གང་དག་ཡོད་དམ།
མར་ཁུ་རྒྱལ་མཚན། ང་ལ་ཤུགས་རྐྱེན་ཐེབས་མྱོང་བའི་ཕྱི་གླིང་བའི་སྙན་ངག་པའི་ཁྲོད་ནས་རྒྱ་གར་གྱི་སྙན་ངག་པ་ཆེན་མོ་ཋཱ་ཀུར་དང་། ཨ་མེ་རི་ཁའི་སྙན་ངག་པ་ཝོ་ཁྲིར•ཝེ་ཐྲི་མན་དང་སྙན་ངག་པ་ཨེ་ལིན•གྷིན་སི་བྷེར་གྷི། ད་དུང་ཧྥ་རན་སིའི་སྙན་ངག་པ་བྷོ་ངྷེ་ལེའར་དང་རོམ་བྷོ། ཨུ་རུ་སུའི་ཡེ་སེ་ནེ། ཆི་ལི་སྙན་ངག་པ་ནེ་རུ་ངྷ། མེག་སི་ཁོའི་སྙན་ངག་པ་ཨོ་ཁི་ཐ་ཝེ་ཨོ•ཕ་ཟི་སོགས་དང་། རང་རེའི་བོད་ཀྱི་སྙན་ངག་པའི་ཕྱོགས་ནས་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་དང་མཁས་དབང་དགེ་འདུན་ཆོས་འཕེལ། དཔལ་དོན་འགྲུབ་རྒྱལ། གཅན་མེ་སྟག སྨན་བླ་སྐྱབས་དང་ཞི་བདེ་ཉི་མ། འབྲོང་སོགས་ཡིན།
ཁྲི་སེམས་དཔའ། སྙན་ངག་གིས་ཁྱེད་ཀྱི་མི་ཚེའི་ཁྲོད་གོ་གནས་ག་འདྲ་ཟིན་ཡོད། གལ་ཏེ་སྙན་ངག་མེད་ཚེ། ཁྱེད་ཀྱི་མི་ཚེ་དེ་ནི་ཇི་ལྟ་བུ་ཞིག་ཡིན་ནམ།
མར་ཁུ་རྒྱལ་མཚན། སྙན་ངག་གིས་ངའི་མི་ཚེའི་ཁྲོད་གལ་ཆེན་ནང་གི་དོན་ཆེན་ཞིག་ཟིན་ཡོད་ཅེས་བརྗོད་ཆོག་སྟེ། ངས་ནི་རང་གིས་རང་ལ་མི་ཚེ་མཐའ་ལ་ཐུག་པའི་བར་དུ་སྙན་ངག་འབྲི་རྒྱུའི་དམ་བཅའ་བརྟན་པོ་བཞག་ཡོད་ཅིང་། གལ་ཏེ་ངའི་འཚོ་བའི་ཁྲོད་ནས་སྙན་ངག་ཟེར་བ་དེ་གློ་བུར་དུ་འཇའ་ཚོན་བཞིན་ཤུལ་མེད་རྗེས་མེད་དུ་ཡལ་སོང་བ་ཡིན་ན། ངའི་མི་ཚེ་ནི་ཚོན་མདངས་ཡལ་སོང་བའི་རས་གཞི་སྐྱ་བོ་ཞིག་གམ། ཡང་ན་ཆང་རག་ཚར་སོང་བའི་ཤེལ་དམ་སྟོང་བ་ལྟ་བུ་ཞིག་ཏུ་འགྱུར་སྲིད་པ་ང་རང་གི་སེམས་ཀྱིས་ཚོར་ཐུབ།
ཁྲི་སེམས་དཔའ། ཁྱེད་ཀྱི་སྙན་ངག་མང་པོ་ལས་ནམ་རྒྱུན་བུ་མོ་མཆོག་ཅེས་པའི་བུ་མོ་ཞིག་གི་མིང་ཡིག་ཅིག་འབྱུང་བཞིན་འདུག འདི་ལ་འགྲེལ་བཤད་རེ་བརྒྱབ་ན།
མར་ཁུ་རྒྱལ་མཚན། རེད། ཁོ་མོ་ནི་སྔོན་ཆད་ངའི་དགའ་རོགས་ཡིན་པ་དང་། ད་ལྟ་ངའི་ཆུང་མ་ཡིན། ངའི་སྙན་ངག་མང་པོ་ཁྲོད་ནས་ཁོ་མོའི་མིང་ཡིག་མང་པོ་འབྱུང་དོན་ནི་ང་རང་ཁོ་མོར་ཧ་ཅང་དུངས་པའི་དབང་གིས། ངས་ཁོ་མོར་བཅངས་པའི་དགའ་སྐྱོ་ཆགས་སྡང་ཐམས་ཅད་སྙན་ངག་གི་ལམ་ནས་བྲིས་ཏེ་ཁོ་མོར་ཚོར་དུ་འཇུག་པའི་ཆེད་དུ་ཡིན་ཞིང་། ད་ལྟ་ཁོ་མོ་ངའི་ཆུང་མར་གྱུར་ཟིན་ནའང་། ངས་སྔར་བཞིན་ཁོ་མོར་སྙན་ངག་མང་པོ་འབྲི་འདོད་ཡོད་ཅིང་། མ་འོངས་པའི་དུས་ན། ངེད་གཉིས་རྒས་ཤིང་འཁོགས་པར་གྱུར་ནས་འཁར་བར་བརྟེན་ཏེ་འགྲོ་དགོས་པའི་ཚད་ལ་ལྷུང་ཡོད་པའི་དུས་སུའང་། ངས་སྔར་བཞིན་ཁོ་མོར་སྙན་ངག་འབྲི་སྲིད། ཡང་གཅིག་བཤད་ན། མིའི་རིགས་ཀྱི་བརྩེ་བའི་ཁ་དོག་དེ་དམར་པོ་ནས་སྔོན་པོ་དང་། མཐའ་མར་སྐྱ་བོར་འགྱུར་ངེས་ནའང་། ངས་ནི་ནམ་ཡང་རང་ཉིད་ཀྱི་ཁ་དོག་དམར་པོ་དམར་རྐྱང་དེ་རྒྱུན་འཁྱོངས་ལྷོད་མེད་བྱ་ངེས།
ཁྲི་སེམས་དཔའ། མི་མང་པོས་བཤད་ན། སྐུ་ཞབས་དོན་འགྲུབ་རྒྱལ་གྱིས་ཆང་རག་མང་པོ་འཐུང་རྗེས་རྩོམ་ཡིག་འབྲི་བ་རེད་ཟེར། འོ་ན། ཁྱེད་ཀྱིས་སྙན་ངག་འབྲི་བཞིན་པའི་གནས་སྐབས་སུ། ཆང་རག་འཐུང་རྗེས་སྙན་ངག་འབྲི་ཐུབ་བམ་མི་ཐུབ།
མར་ཁུ་རྒྱལ་མཚན། མི་མང་པོས་བཤད་མྱོང་བ་ཇི་བཞིན། སྐུ་ཞབས་དོན་འགྲུབ་རྒྱལ་གྱིས་རྩོམ་ཡིག་འབྲི་དུས། ཆང་རག་འཐུང་བ་དེ་དོན་དངོས་ཡིན་ནའང་། ངའི་གོ་ཐོས་ལྟར་ན། ཁོང་གིས་ཆང་རག་ཉུང་ངུ་ཙམ་ཞིག་འཐུང་རྗེས་ད་གཟོད་རྩོམ་ཡིག་འབྲི་བ་རེད་ཟེར། ངས་བསམ་ན་ཁོང་གིས་ཆང་རག་མང་པོ་འཐུང་ནས་འདམ་ལྟར་གྱུར་རྗེས། རྩོམ་ཡིག་འབྲི་རྒྱུ་ཕར་ཞོག ཐ་ན་ལྕགས་སྨྱུག་དང་འབྲི་ཤོག་ཀྱང་གང་ན་ཡོད་པ་རྙེད་རྒྱུ་མ་རེད་བསམ། འོ་རེད། ངས་སྙན་ངག་འབྲི་བཞིན་པའི་གནས་སྐབས་སུ། སྔོན་ཆད་རང་ཉིད་ལ་བག་ཆགས་ཟབ་མོ་བཞག་མྱོང་བའི་གླུ་དབྱངས་དག་ལ་ཉན་པ་ཡིན། ངས་ནམ་རྒྱུན་ཁེར་རྐྱང་གི་དུས་སུ་གླུ་དབྱངས་ལ་ཉན་པ་ཡིན་ན། གླུ་དབྱངས་རེ་རེས་ང་ལ་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བའི་ཀློང་ལ་དབང་མེད་དུ་ཁྲིད་འགྲོ།
ཁྲི་སེམས་དཔའ། དེས་ན་ཁྱེད་ཀྱི་སེམས་ཁོང་གི་ངེས་པ་དོན་གྱི་སྙན་ངག་པ་ཟེར་བ་དེ་ཅི་ལྟ་བུ་ཞིག་ཡིན།
མར་ཁུ་རྒྱལ་མཚན། ངས་ངེས་པ་དོན་གྱི་སྙན་ངག་པ་ཟེར་བ་དེ་མི་གཤིས་དང་རྩོ་མ་གཤིས་གཉིས་ཀ་ངོ་བོ་དབྱེར་མེད་དུ་གནས་པའི་སྐྱེས་ཆེན་དམ་པ་ཞིག་ལ་ངོས་འཛིན་གནང་གིན་ཡོད། དཔེར་ན། ཁོང་གི་ནམ་རྒྱུན་གྱི་འཚོ་བ་རོལ་ཚུལ་དང་། བསམ་གཞིགས་གཏོང་ཚུལ་སོགས་སྙན་ངག་དང་དམ་དུ་འབྲེལ་ཡོད་ཅིང་། སྐུ་ཚེ་ཧྲིལ་བོ་སྙན་ངག་ཁོ་ནར་བསྟིམ་སྲིད་པའམ་བསྟིམས་མྱོང་བའི་སྐྱེས་ཆེན་དམ་པ་ཞིག་ལ་ངེས་པ་དོན་གྱི་སྙན་ངག་པ་ཞེས་ངོས་འཛིན་གནང་ན་འགྲིག་པར་འདོད།
ཁྲི་སེམས་དཔའ། འོ་ན། ཁྱེད་རང་ལ་ཁ་སང་དེ་རིང་གི་བོད་ཀྱི་རང་མོས་སྙན་ངག་གི་གནས་བབ་ལ་ལྟ་ཚུལ་ག་འདྲ་འདུག
མར་ཁུ་རྒྱལ་མཚན། སྤྱིའི་ཆ་ནས་ལོ་རབས་སྔོན་མ་དང་བསྡུར་ན། འགྱུར་ལྡོག་སྣ་ཚོགས་ཤིག་བྱུང་ཡོད་པ་ཙམ་ལས་འཕེལ་རྒྱས་ཆེན་པོ་བྱུང་མི་འདུག་པར་འདོད། དེ་ཡང་རྒྱུ་མཚན་གསལ་བོར་བཤད་ན། གཅིག་ནས་ཁ་སང་དེ་རིང་སྙན་ངག་པར་རློམ་པའི་མི་མང་ཤོས་ཀྱིས་ཁ་ནས་གསར་རྩོམ་གསར་རྩོམ་ཞེས་བརྗོད་བཞིན། ཀློག་པ་པོ་དང་གསར་སྐྱེས་སྙན་ངག་པ་དག་གི་ཕྱོགས་ལ་བསམ་བློ་ཕྲན་ཙམ་ཡང་མི་གཏོང་བར། ཐ་སྙད་ཀྱི་རོལ་རྩེད་ཁོ་ནའི་ནང་དུ་མགོ་བོ་འཁོར་ཏེ་སྙན་ངག་འབྲི་བཞིན་ཡོད་པ་དང་། གཉིས་ནས་སྙན་ངག་པ་ཕལ་ཆེ་བས་སྙན་ངག་འབྲི་བའི་གནས་སྐབས་སུ། ཡིད་ལ་རྩོམ་རིག་བྱ་དགའ་དང་སྙན་གྲགས་ཁོ་ན་སྒོམ་བཞིན་སེམས་པ་རྩེ་གཅིག་ཏུ་མི་གནས་བར་སྙན་ངག་འབྲི་བཞིན་ཡོད་པ། གསུམ་ནས་བར་མ་དོ་ན་ལུས་ཡོད་པའི་སྙན་ངག་པ་ཁ་ཤས་ཀྱིས་དྲ་ངོས་དང་སྐད་འཕྲིན་སོགས་ཀྱི་ནང་དུ་རྒྱའི་ཁ་སྐད་སྙན་ངག་ལ་ལད་མོ་བགྱིས་ཏེ་དབུགས་ལྒང་ལྟ་བུའམ་ཚོང་རྫས་རྫུན་མ་ལྟ་བུའི་སྙན་ངག་ཁོག་སྟོང་ཅན་མང་པོ་སྤེལ་བཞིན་ཡོད་པ། བཞི་ནས་སྙན་ངག་ལ་དུངས་བ་མེད་ཀྱང་སྙན་ངག་ལ་བརྟེན་ནས་ཉིན་ཁ་ཤས་ཀྱི་ནང་དུ་སྙན་ངག་པའི་གསེར་ཁྲིའི་སྟེང་ལ་བཞུགས་འདོད་ཀྱི་སྦྱོར་བ་རྩོམ་བཞིན་པའི་སྙན་ངག་པ་རྫུན་མ་མང་པ། ལྔ་ནས་སྙན་ངག་འབྲི་མཁན་མང་ཤོས་ཀྱིས་ན་ཟུག་དང་ཁེར་རྐྱང་གི་ཚོར་བ་སོགས་གང་ཡང་མེད་བཞིན་དུ་ཨ་ཡོ་ཨ་མ་ཟེར་བཞིན་སྙན་ངག་འབྲི་བཞིན་པ་སོགས། མདོར་ན། དམིགས་ཡུལ་དང་འགན་ཁུར་ཅི་ཡང་མེད་པའི་སྙན་ངག་པ་རྫུན་མ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག་པ་དང་།སྙན་ངག་ཟེར་བའི་སྐྱེ་བོ་ཀུན་གྱིས་བསྔགས་ཡུལ་དུ་གྱུར་བའི་བླ་མེད་ཀྱི་ཐ་སྙད་འདི་ཡང་ད་ལྟའི་དུས་འདིར་བྱིས་པའི་ལག་གི་རྩེད་ཆས་ལྟ་བུ་ཞིག་ཏུ་གྱུར་འདུག་པ་ལྟ་བུའི་ཚོར་བ་ཞིག་རྒྱུན་དུ་སྐྱེས་འོངས།
ཁྲི་སེམས་དཔའ། འོ་རེད། ཁྱེད་ཀྱིས་མི་ལོ་གང་མང་ཞིག་ལ་རང་མོས་སྙན་ངག་བྲིས་མྱོང་བ་དང་། ཉམས་མྱོང་ཡང་ཕུན་སུམ་ཚོགས་པ་ཞིག་ཡོད་པའི་ཆ་ནས། ད་ལྟའི་དུས་ཀྱི་གསར་སྐྱེས་སྙན་ངག་པ་ཀུན་ལ་རང་གི་ཉམས་མྱོང་གི་ངོས་ཐད་ནས་ཁ་བརྡ་རེ་བྱས་ན།
མར་ཁུ་རྒྱལ་མཚན། རེད། རང་མོས་སྙན་ངག་ཟེར་བའི་རང་དབང་ཅན་གྱི་རྩོམ་སྟངས་འདི་རང་ཅག་བོད་ལ་དར་ནས་མི་ལོ34འདས་ཡོད་པ་དང་། ལོ་ངོ་དེ་དག་གི་རིང་ལ་རང་མོས་སྙན་ངག་ཟེར་བ་འདི་ཡང་མེད་པ་ནས་ཡོད་པར་གྱུར་བ་དང་། དེ་ནས་འགྱུར་ལྡོག་སྣ་ཚོགས་ཤིག་ཕྱིན་ཏེ་ད་ལྟའི་དུས་འདིར་བསླེབས་པ་རེད། རང་ཅག་བོད་ལ་རང་མོས་སྙན་ངག་དར་ནས་མི་ལོ34འདས་པའི་དུས་ཡུན་ཐུང་ཐུང་འདི་ལ་མིག་ཟུང་བཙུམས་ནས་ཕྱིར་འདང་ཞིག་བརྒྱབ་ན། ད་ལྟའི་རང་ཅག་བོད་ཀྱི་རང་མོས་སྙན་ངག་འབྲི་མཁན་ཕལ་ཆེ་བས་ཕྱི་གླིང་བའི་སྙན་ངག་གང་མང་བཀླགས་རྗེས། རང་ཅག་བོད་ཀྱི་ཀློག་པ་པོ་དག་ལ་བསམ་བློ་རྩ་བ་ནས་མི་གཏོང་བར། རང་གི་ཁམས་དང་མོས་པ་ལྟར་ཕྱི་གླིང་བའི་སྙན་ངག་པ་དག་གི་སྙན་ངག་ཇི་བཞིན་དུ་བསྐྱར་དཔར་བྱས་པ་ལྟ་བུ་ཞིག་འབྲི་བཞིན་ཡོད་པ་དང་། ཀློག་པ་པོ་དག་གིས་སྙན་ངག་གི་ནང་དོན་ཧ་མི་གོ་ཚུལ་བརྗོད་འོངས་ཚེ། སྙན་ངག་ལ་རྩ་བ་ནས་འགྲེལ་རྒྱུ་མེད་ཚུལ་དང་། རང་གི་སྙན་ངག་དེ་ནི་མི་ལོ་བརྒྱའི་རྗེས་ཀྱི་ཀློག་པ་པོ་དག་ལ་བྲིས་པ་ཡིན་ཚུལ་ལམ། ཡང་ན་སྙན་ངག་དེ་ནི་ཁོ་རང་གིས་རང་ལ་བྲིས་པ་ཡིན་པ་ལས་ཀློག་པ་པོ་སོགས་ལ་འབྲེལ་བ་གང་ཡང་མེད་ཚུལ་སོགས་བརྗོད་བཞིན་ཡོད་པ་དེ་ནི་འགན་འཁྲི་མེད་པའི་སྐད་ཆ་ལྷག་མ་ཞིག་སྙམ་འོངས། ད་ལྟའི་རང་ཅག་བོད་ཀྱི་རང་མོས་སྙན་ངག་གི་གནས་བབ་འདིར་གཞིགས་ནས་སྐད་ཆ་རེ་ལབ་ན། གལ་ཏེ་ང་ཚོ་བོད་ཀྱི་རང་མོས་སྙན་ངག་འབྲི་མཁན་དག་གིས་རང་གི་ཁམས་དང་མོས་པ་ལྟར་ཕྱི་གླིང་བའི་སྙན་ངག་དག་ལས་རང་ཅག་བོད་ཀྱི་ཀློག་པ་པོ་དག་ལ་གང་ཞིག་འཚམ་མིན་གྱི་སྐོར་ལ་བསམ་བློ་མི་གཏོང་བར་མུ་མཐུད་དུ་འདི་ལྟར་བྲིས་པ་ཡིན་ན། རང་རེའི་བོད་ཀྱི་རང་མོས་སྙན་ངག་ཟེར་བའི་རྣམ་ཤེས་གསོན་པོ་འདི་ཡང་ཡར་མཐོ་རིས་དང་མར་དམྱལ་ཁམས་གང་ལའང་འགྲོ་མ་ཐུབ་པར་བར་མ་དོ་ནས་གཏན་དུ་ལུས་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེའོ་སྙམ་འོངས།
མཚམས་འདི་ནས། ངས་རང་གི་མྱོང་བ་དངོས་དང་སྦྲགས་ཏེ། རང་རེའི་བོད་ཀྱི་གསར་སྐྱེས་རང་མོས་སྙན་ངག་འབྲི་མཁན་དག་ལ་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་སྐད་ཆ་འགའ་རེ་ལབ་ན། རང་མོས་སྙན་ངག་ཅེས་པའི་རྩོམ་ལུས་འདི་ལ་ཐུན་མོང་ངམ་གཅིག་གྱུར་གྱི་མཚན་ཉིད་ཅིག་གཏན་ནས་ཡོད་མ་མྱོང་བ་དང། རྩོམ་ལུས་འདི་ལ་སྙན་ངག་གི་གྲུབ་མཐའ་སྣ་ཚོགས་ཀྱི་དབང་གིས་ཐུན་མོང་གི་གཞུང་ལུགས་ཁ་ཚང་ཞིག་མེད་ཀྱང་། ངས་ནམ་རྒྱུན་རང་མོས་སྙན་ངག་ལ་དུངས་བ་ཟབ་པའི་གསར་སྐྱེས་སྙན་ངག་པ་མང་པོས་ཅི་ཞིག་ལ་རང་མོས་སྙན་ངག་ཟེར་བ་དང་། རང་མོས་ཇི་ལྟར་འབྲི་དགོས་ཞེས་འདྲི་ཚིག་སྣ་ཚོགས་ཤིག་ཚུར་ལ་དྲིས་འོངས་དུས། ངས་རང་མོས་སྙན་ངག་ལ་ཐུན་མོང་གི་མཚན་ཉིད་དང་གཞུང་ལུགས་ཤིག་མེད་ཚུལ་དང་། ངས་བསམ་ན་རྗོད་བྱེད་དང་བརྗོད་བྱ་གང་གི་ཐད་ནས་ཀྱང་རང་དབང་ལྡན་པའི་རྩོམ་ལུས་རང་དབང་ཅན་ཞིག་ལ་རང་མོས་སྙན་ངག་ཅེས་བརྗོད་པ་ཆོག་ཅེས་ལན་བཏབ་པ་ཡིན་ནོ། རྒྱུ་མཚན་དེའི་དབང་གིས། ངས་བསམ་ན་རང་མོས་སྙན་ངག་གི་ལས་ལ་འཇུག་པའི་ལས་དང་བོ་བ་ཞིག་ལ་མཚོན་ན། ཐོག་མར་རང་ཅག་བོད་ཀྱི་བརྡ་སྤྲོད་དང་ཚིག་སྦྱོར་གྱི་ཆ་ལ་བྱང་བའི་རྨང་གཞིའི་ཐོག་ནས། བོད་ཡིག་གི་ལམ་ནས་རང་མོས་སྙན་ངག་འབྲི་མཁན་དག་གི་བརྩམས་ཆོས་ལེགས་གྲས་དག་ཡང་དང་བསྐྱར་དུ་བཀླགས་དགོས་པ་དང་། དེ་ནས་དེ་དག་ལ་ལད་མོ་བྱས་ཏེ་རང་ཉིད་ལ་རྩོམ་གཤིས་ཤིག་ཆགས་རག་བར་དུ་རང་མོས་སྙན་ངག་འབྲི་ཚུལ་ཐད་ལ་འབད་འབུངས་ལྷོད་མེད་ཅིག་བྱེད་དགོས་པར་འདོད་ཅིང་། རིམ་བཞིན་རྒྱ་ཡིག་དང་རབ་ཡིན་ན་ཨིན་ཡིག་གི་ལམ་ནས་འཛམ་གླིང་ན་སྐད་གྲགས་ཆོད་པའི་སྙན་ངག་པ་དག་གི་བརྩམས་ཆོས་དག་བཀླགས་ཤིང་དེ་དག་ལ་སློབ་སྦྱོང་བྱས་ཏེ་རང་ཉིད་ཀྱི་རྩོམ་གཤིས་ལ་སྔ་ན་མེད་པའི་འགྱུར་བ་གཏང་དགོས་པར་འདོད། དེ་ཡང་ང་ཚོས་གསལ་བོར་ཤེས་དགོས་པ་ཞིག་ནི་ང་ཚོས་འཛམ་གླིང་ན་སྐད་གྲགས་ཆོད་པའི་སྙན་ངག་དག་ལས་ཀྱང་བོད་རང་ལ་གང་ཞིག་འཚམ་པ་དང་གང་ཞིག་མཁོ་བའི་ཕྱོགས་ལ་བསམ་གཞིགས་གནད་དུ་ཐིངས་པ་ཞིག་ཅིས་ཀྱང་གཏོང་དགོས་པར་འདོད། དེ་ལས་ལྡོག་སྟེ། ང་ཚོས་རང་ཅག་བོད་ཀྱི་ཀློག་པ་པོ་དག་གི་ཕྱོགས་ལ་བསམ་བློ་ཡེ་ནས་མི་གཏོང་བར་ཁ་ནས་འཛམ་གླིང་རྩོམ་རིག་འཛམ་གླིང་རྩོམ་རིག་ཅེས་བརྗོད་བཞིན་གཞན་གྱི་རྗེས་སུ་ཧོལ་རྒྱུགས་བྱས་པ་ཡིན་ན། མཐའ་མར་ང་ཚོ་ནི་མགོ་བོ་འཁོར་བའི་ལུ་གུ་བཞིན་གཡང་དུ་ལྷུང་བའི་ཉེན་ཁ་ནི་ཤིན་ཏུ་ཆེ་བར་འདོད།
གོང་ནས་ངས་རང་གི་ཉམས་མྱོང་དང་འབྲེལ་ཏེ་རང་རེའི་བོད་ཀྱི་གསར་སྐྱེས་སྙན་ངག་པ་རྣམས་ལ་བསམ་བློ་བརྗེ་རེས་ཀྱི་ཚུལ་དུ་རང་མོས་སྙན་ངག་ཐད་ཀྱི་ལྟ་ཚུལ་མདོར་བསྡུས་ཙམ་ཞིག་བརྗོད་པ་འདི་ལས། ལྟ་ཚུལ་མི་མཐུན་པ་དང་མི་འདང་ས་ཡོད་པ་ཡིན་ན། མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱི་སྙན་རྩོམ་ཐོར་བུ་ཞིག་ལས། འབྲོག་པ་རྣམས་ལ་ཕག་ཤ་ཟ་བ་དང་།གྲོང་བ་རྣམས་ལ་མར་ཁུ་འཐུང་བ་སོགས། མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད། འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད། ཅེས་པ་དང་གཅིག་པ་གཅིག་རྐྱང་ཡིན་ནོ།
ཁྲི་སེམས་དཔའ། མཇུག་མཐར། ཁྱེད་ཀྱིས་རང་རེའི་བོད་ཀྱི་གསར་སྐྱེས་སྙན་ངག་པ་ཀུན་ལ་བརྗོད་འདོད་པའིི་སྐད་ཆའམ་སྙིང་གཏམ་ནི་ཅི་ཞིག་ཡིན།
མར་ཁུ་རྒྱལ་མཚན། རེད། ངས་དེ་རིང་ཁྱེད་ཀྱིས་ང་ལ་རང་མོས་སྙན་ངག་ཐད་ཀྱི་ལྟ་ཚུལ་བརྗོད་པའི་གོ་སྐབས་འདི་འདྲ་ཞིག་སྤྲད་པར་ཐུགས་རྗེ་ཆེ་ཞུ་བ་དང་། ཁོང་ཅག་གི་སྙན་ལམ་དུ་བརྗོད་འདོད་པའི་སྐད་ཆ་ནི། ངས་དེ་རིང་འདི་ནས་ཁྱེད་ཚོར་རང་གི་མྱོང་བ་དང་འབྲེལ་ནས་ལྟ་ཚུལ་མདོར་བསྡུས་ཤིག་བརྗོད་ཟིན་ནའང་། ཁྱེད་ཅག་གིས་ཁོང་ནི་སྙན་ངག་པའོ། ཁོང་ནི་ང་ཚོའི་དར་ཆའོ། ཞེས་ང་རང་སྤྱི་བོའི་གཙུག་ཏུ་བཀུར་ནས་ཐལ་མོ་སྙིང་གར་སྦྱོར་བའི་སྦྱོར་བ་ནི་རྩོམ་དགོས་དོན་ཅི་ཡང་མེད་དེ། རྒྱུ་མཚན་ནི་ཁྱེད་ཅག་གི་གྲལ་འགྲིག་པའི་རུ་དཔུང་གི་ཁྲོད་ན། ང་ལས་ལྷག་པ་དང་ང་དང་མཉམ་པ་གང་མང་མང་ཞིག་ཡོད་ངེས་ཤིང་། མ་འོངས་པའི་དུས་ན་ཁྱེད་ཅག་གི་ཁྲོད་ན་སྙན་ངག་གི་གསེར་ཁྲིར་བཞུགས་ངེས་པའི་སྙན་ངག་པའང་གང་མང་མང་འབྱུང་ངེས་པར་ང་ལ་གདེང་ཚོད་ཡོད་པ་དང་། མ་འོངས་པའི་ལོ་ཟླ་རིང་མོའི་ནང་། ངས་ཁྱེད་ཅག་གི་ཕུགས་བསམ་དང་རེ་འདུན་མ་ལུས་དེ་མཚན་མོའི་སྐར་ཚོགས་བཞིན་གངས་ལྗོངས་ཀྱི་མཁའ་དབྱིངས་དང་གངས་རིའི་རྩེ་ནས་ལམ་ལམ་འཚེར་བའི་སྨོན་ལམ་སྙིང་ཁོང་རུས་པའི་གཏིང་ནས་བཏབ་པ་ཡིན་ནོ།
ཁྲི་སེམས་དཔའ། སྙན་ངག་པ་མར་ཁུ་རྒྱལ་མཚན་ལགས། ཁྱེད་ཀྱིས་ཐེངས་འདིའི་བཅར་འདྲི་དང་ལེན་བྱས་པར་བཀའ་དྲིན་ཆེ།
མར་ཁུ་རྒྱལ་མཚན། ཡ་ཡ། ཁྱེད་ཀྱིས་བཅར་འདྲི་བྱས་པར་ཐུགས་རྗེ་ཆེ་ཞུ།