ལྕགས་ཧྲེང་བརྡར་བའི་བརྩོན་པ་ལས། འབུར་བཟོའི་ལག་རྩལ་ཁྱད་དུ་འཕགས།
བུམ་པའི་ནང་ཁྲ་ཆི་ལེར་བཞད་པའི་མེ་ཏོག་མཐོང་མྱོང་ལ་མིས་བཟོས་པའི་འགྱིག་གི་མེ་ཏོག་ཀྱང་མཐོང་མྱོང་། ཡིན་ནའང་ཁྱེད་ཚོས་ཟངས་ལེབ་ལས་བཟོས་པའི་མེ་ཏོག་མཐོང་མྱོང་ངམ།
རྡོ་ཕུ་ཚེ་དགའི་ཁྱིམ་གྱི་གསོལ་ལྕོག་སྟེང་དུ་ཟངས་ལེབ་ལས་བཟོས་པའི་མེ་ཏོག་ཁྱིམ་ཚང་གཞན་དུ་མེད་པ་ཞིག་འདུག ཟངས་ཀྱི་མེ་ཏོག་གསུམ་ཟངས་ལས་གྲུབ་པའི་བུམ་པའི་ནང་བླུགས་ཤིང་། མེ་ཏོག་གཅིག་ནི་ལོ་ཆུང་གཞོན་ནུ་མ་ལྟ་བུ་ལང་ཚོའི་ཐིའུ་བཏང་ནས་བཞད་ལ་ཁད་ཡིན་པ་དང་། གཞན་ཞིག་གི་འདབ་མ་དལ་གྱིས་བཞད་པའི་དམན་ཆུང་བུ་མོ་ལྟ་བུའི་ངོ་ཚ་འཛུམ་གྱིས་འཕྱུར་བ། གཅིག་ཤོས་ནི་དར་ལ་བབས་པའི་བཞིན་བཟང་མ་ཞིག་དང་འདྲ་བར་འདབ་མ་ཡོངས་རྫོགས་ཁྲ་ཆིལ་ལེར་བཞད་ཅིང་། ཟེའུ་འབྲུ་དག་ནི་གསེར་སྦྲང་བུང་བས་འཐུ་རྒྱུར་སྒུག་པ་ལྟར་སྣང་། དངུལ་མདོག་གི་ཁྲ་རིས་བུམ་སྐེར་བརྒྱན་པ་དང་། མཁའ་ལ་རྒྱུ་བའི་འབྲུག་ཁ་སྤྲོད་དང་རང་དགར་རྩེ་བཞིན་པའི་ཤྭ་བ་ཁ་སྤྲོད་བུམ་གཟུགས་སུ་བཀོད་པ་དེ་ནི་ཟུར་གང་ནས་བལྟས་ཀྱང་བཟོ་བཀོད་པའི་བྱང་ཆུབ་པའི་ལག་རྩལ་དང་སྒྱུ་རྩལ་གྱི་མཛེས་ཉམས་གང་དགའ་གང་ལེགས་བརྩོན་གཉེར་བྱས་པ་གསལ་པོ་ཤེས་ཐུབ།
ལག་རྩལ་བྱང་ཆུབ་པའི་གསེར་ཟངས་འབུར་བརྙན་བཟོ་བཀོད་པ་ཞིག་གི་ངོས་ནས་བརྗོད་ནའང་། འདི་ལྟ་བུའི་ལག་ཤེས་ཐོན་རྫས་ཟླ་གཅིག་ལྷག་ཙམ་ནང་གཞི་ནས་ལེགས་གྲུབ་ཐུབ་པས་ཁྲོམ་རའི་ཐོག་སྒོར་ཁྲི་2ལྷག་ཙམ་རི་གི་ཡོད། ལག་ཤེས་སྦྱངས་ནས་བགྲང་བྱ་སུམ་ཅུ་ལྷག་ཙམ་སོང་རིང་། ཚེ་དགས་བཟོ་ཐུབ་པའི་ལག་ཤེས་ཐོན་རྫས་ཆུང་བ་སྒོ་འབོར་ནས་ཆེ་བ་སྐུ་ཚད་ལ་སྨི་འགའ་ཤས་ཟིན་པའི་ལྷ་སྐུ་ཡོད་མོད། འོན་ཀྱང་མི་རྣམས་ཧ་ལས་ཤིང་ཡིད་སྨོན་སྐྱེ་དགོས་པ་ཞིག་ནི་དུས་ཡུན་ལོ་4ཡི་རིང་ཁོང་གིས་གཙོས་ཏེ་བཞེངས་པའི་ལྷ་ལྡན་གཙུག་ལག་ཁང་གི་རྒྱུ་གསེར་ལས་གྲུབ་པ་དང་རིན་ཆེན་སྣ་ལྔས་བརྒྱན་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བློས་བསླངས་དཀྱིལ་འཁོར་ཆེ་མོ་དེ་ཡིན་པ་རེད།
སྒྱུ་རྩལ་གྱི་ཕ་སའི་ཤུགས་རྐྱེན།
1970ལོར། ཚེ་དགའ་བོད་ཤར་རྒྱུད་ཀྱི་རི་མཐོ་གཡང་གཟར་དུ་གནས་པའི་ཆབ་མདོ་རྫོང་ཚེར་དབད་ཤང་རྡོ་གཞུང་གྲོང་ཚོར་སྐྱེས་ཤིང་། ཡུལ་དེ་ནི་ད་ཆ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁོངས་སུ་གཏོགས་ཀྱི་ཡོད།
ཚེར་དབད་ལ་སྔ་ས་ནས་བོད་རིགས་ཀྱི་ཟངས་བརྐོས་ལག་རྩལ་གྱི་ཕ་ས་ཞེས་པའི་མཚན་སྙན་ཡོད། འདི་གའི་མི་ཁྱིམ་ཕྱེད་ཀ་ཙམ་ཚང་མས་ཟངས་སྐུ་དང་ཟངས་བརྐོས་ལས་ལ་གཞོལ་གྱི་ཡོད། ཚེ་དགའི་ཁྱིམ་ནི་ལོ་400ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བཟོ་རྩལ་གྱི་ཁྱིམ་རྒྱུད་རྡོ་ཕུ་ཚང་ཡིན་པ་རེད། བསོད་ནམས་དཔལ་ལྡན་དང་། བསོད་ནམས་སྟོབས་རྒྱལ། ཀརྨ་མཐར་ཕྱིན་སོགས་རྡོ་ཕུ་ཚང་གི་ཁྱིམ་རྒྱུད་ལ་སྐྱེས་པའི་ལག་ཤེས་བཟོ་རྩལ་པ་མང་པོ་ཞིག་གི་སྐོར་ད་ཆའི་བར་དུའང་ཡུལ་དེ་ག་དང་ཉེ་འཁོར་གྱི་མི་རྣམས་ཀྱི་གླེང་ཆར་གྱུར་ཡོད། ད་ཆ་རྡོ་ཕུ་ཚང་ཁྱིམ་རྒྱུད་ལ་གསེར་ཟངས་འབུར་བརྐོས་ཀྱི་ལག་རྩལ་སྔར་བཞིན་རྒྱུན་འཛིན་བྱས་དང་བྱེད་མུས་ཡིན།
ཁྱིམ་ཚང་གི་ཤུགས་རྐྱེན་འོག ལོ་ན་ཕྲ་བའི་ཚེ་དགས་ཕའི་ས་ནས་བོད་ཡིག་སློབ་སྦྱོང་བྱས་པ་དང་། ལོ་12སོན་སྐབས་ཚེ་དགས་ཕའི་བཀའ་ལ་མ་ཉན་པར་ཨུ་ཚུགས་ཀྱིས་ལག་རྩལ་སྦྱངས་ཤིང་། ཐང་གའི་ཁྱིམ་རྒྱུད་དང་ཁམས་སྨན་གསར་གྲུ་པའི་ཁྱིམ་རྒྱུད་ཀྱི་ལག་ཤེས་པ་དགེ་རྒན་དུ་བསྟེན། ཆུང་དུས་ནས་སྤྱང་གྲུང་དོད་པ་དང་གྲུ་པའི་ཁྱིམ་རྒྱུད་དང་གཉེན་ཚན་ཡིན་པའི་ཚེ་དགར་དགེ་རྒན་གྲུ་པ་འཇམ་དབྱངས་རྣམ་རྒྱལ་གྱིས་ཧ་ཅང་དགའ་པོ་བྱེད་པས་གྲུ་པ་ཚང་དུ་ལོ་བདུན་ལག་རྩལ་སྦྱངས་ནས་བསྡད་པ་རེད།
དགེ་རྒན་རྒན་གྲས་ཀྱི་བུམ་པ་གང་བྱོའི་ཚུལ་གྱིས་ངག་སློབ་དཔེ་སྟོན་འོག་ཚེ་དགས་རིམ་གྱིས་ཐང་ག་བཞེངས་རྩལ་དང་། ཚོན་གཏོང་སྟངས། ཁྱིམ་ཆས་བཟོ་སྟངས་སོགས་སྦྱངས་ཡོད། ལོ་དགའ་སོང་རྗེས་ཚེ་དགས་རིམ་གྱིས་ཟངས་སྐུ་འབུར་བརྐོས་ཀྱི་ལག་རྩལ་སྦྱོང་འགོ་ཚུགས།
ལོ་20གོང་གི་ཚེ་དགས་ལྷ་སྐུ་བཞེངས་པའི་ལས་འགན་འགྲུབ་ཐུབ་པ་མ་ཟད་ལག་རྩལ་ཡང་དགེ་ཕྲུག་གཞན་ལས་ཧ་ཅང་གིས་ལེགས་པ་ཡོད། སྐབས་འགར་ཚེ་དགས་ལྷ་སྐུའི་བཞིན་རས་བརྐོས་རྒྱག་ཐུབ་ཀྱི་ཡོད། ལྷ་སྐུའི་བཞིན་རས་ནི་འབུར་བཟོ་བའི་ལག་རྩལ་བྱང་ཆུབ་ཤོས་སུ་སླེབས་སྐབས་གཞི་ནས་རྐོ་ཐུབ་པ་ཞིག་རེད། “བཞིན་རས་ཀྱི་གྲུབ་ཆ་རྙོག་འཛིང་ཆེ་ལ་ཞིབ་ཚགས་པོ་དགོས་པ་དང་། བཞིན་རས་ལས་ཉམས་འགྱུར་འདོན་དགོས་ཚེ་དེ་བས་དཀའ་ལས་ཆེན་པོ་ཡོད། དེ་ནི་འབུར་བཟོ་བ་ཞིག་གི་ལག་རྩལ་ལ་ཚོད་བགམ་འཕྲད་པ་ཞིག་རེད། ཐོན་རྫས་ཡག་པོ་ཡོང་མིན་རྡུང་ཐེངས་རེ་རེར་ཐུག་ཡོད”ཅེས་ཚེ་དགས་བཤད།
1998ལོར་ཁོང་གི་ཕ་ཚེ་ལས་འདས་རྗེས་ཚེ་དགས་བཟའ་མི་བུ་ཕྲུག་འཁྲིད་དེ་ལམ་གྲོན་སྒོར་2000འཁྱེར་ནས་ལྷ་སར་ཡོང་བ་དང་། བཟའ་ཟླའི་གཅེན་པོ་སྟེ་ཕུལ་དུ་བྱུང་བའི་གསེར་ཟངས་འབུར་བཟོ་བ་བསམ་གཏན་ཚེ་རིང་ལ་སྐྱབས་བཅོལ།
མི་རབས་ནས་མི་རབས་བར་གྱི་བསམ་འདུན།
ལག་རྩལ་ཁྱད་དུ་འཕགས་པར་བརྟེན་ཚེ་དགའི་མིང་གྲགས་ཀྱང་ཇེ་ཆེར་སོང་བ་མ་ཟད་བོད་ལྗོངས་འབུར་བརྙན་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་པས་ཁོང་གི་ཕྲག་སྟེང་གི་ཁུར་པོ་སྔར་བས་ལྕི་རུ་སོང་། ཕ་ཤུལ་བུས་འཛིན་རྒྱུ་དེའང་ཚེ་དགའི་འགན་འཁྲིར་གྱུར་ཅིང་། ཁོང་གི་བུ་བཀྲ་ཤིས་ལྷ་དར་གྱིས“ཨ་ཕས་ངར་ལག་ཤེས་བཟོ་རྩལ་པ་ཞིག་ཡིན་ནའང་རིག་གནས་ཤེས་བྱ་སྦྱོང་རྒྱུ་དོར་མི་རུང་ཞེས་གསུངས་ཀྱི་ཡོད། དེར་བརྟེན་ཆུང་དུས་ནས་ང་ནང་སར་སློབ་སྦྱོང་བྱེད་པར་བཏང་བྱུང་། ད་ཆ་ང་ནར་སོན་པས་ཕ་ཤུལ་བུས་འཛིན་པའི་དུས་ལ་བབས་ཡོད་རེད”ཅེས་བློ་ཐག་ཆོད་པོས་བཤད།
ཨ་མ་བློ་སྐྱིད་ཀྱང་བོད་ཤར་རྒྱུད་ཚེར་དབད་ཀྱི་བཟོ་པའི་ཁྱིམ་ཚང་དུ་སྐྱེས་པས་ཕ་ཚ་བུ་རྒྱུད་ཚང་མ་ལག་རྩལ་འདི་རྒྱུན་འཛིན་བྱེད་པའི་ཁྱིམ་རྒྱུད་ལ་ཆ་མཚོན་ན། ཁོང་དང་བཟའ་ཟླ་གཉིས་ཀས་བུར་བསམ་ཤེས་ཐུབ་པ་དང་། དེ་ནི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱུང་བའི་སྙིང་ཁོང་རུས་པའི་གཏིང་གི་བཟོ་རྩལ་པའི་ཁྲག་རྒྱུན་ཞིག་རེད།
ལག་རྩལ་སྦྱོང་བ་ནི་དཀའ་ཚེགས་ཧ་ཅང་ཆེ་བའི་ལམ་བུ་ཞིག་ཡིན་པས་དུས་ཡུན་རིང་ལ་རྙོག་དྲ་ཆེ་བའི་སྦྱོང་བརྡར་བརྒྱུད་དགོས་ལ་ལོ་འགའ་ཤས་རིང་ཞུན་བརྡར་དྲག་པོ་བྱེད་དགོས་ཀྱི་ཡོད། ད་ཆའི་བཀྲ་ཤིས་ལྷ་དར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བོད་ཀྱི་སྨན་གསར་ལུགས་ཀྱི་ཐང་གའི་ཤུལ་འཛིན་པ་ནོར་བུ་སྲི་ཐར་གྱི་ཐང་གའི་སྒྱུ་རྩལ་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། རང་ཉིད་ཀྱི་ཕ་དང་འདྲ་བར་ཆེས་རྨང་གཞིའི་འབུར་བརྙན་གྱི《ཆ་ཚད་ཡིད་བཞིན་ནོར་བུ》ངག་སྐྱོར་གཏོང་བ་དང་ཐང་གའི་གཞི་རྩའི་གྲུབ་ཆ་ནས་འགོ་བརྩམས་ཏེ་སྦྱོང་གི་ཡོད།
2012ལོར། ཚེ་དགས་བོད་ལྗོངས་ལྕགས་པོ་རི་བཟོ་རྩལ་འབུར་བརྙན་སྒྱུ་རྩལ་ཚད་ཡོད་ཀུང་སི་བཙུགས་པ་དང་། ཀུང་སིར་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་བོད་རིགས་གསེར་ཟངས་འབུར་བརྐོས་ལག་རྩལ་རྒྱུད་ཁྲིད་རྟེན་གཞི་དང་། བོད་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་མཛེས་རྩལ་ཆེད་ལས་ལག་ལེན་རྟེན་གཞི་སོགས་ཀྱི་མཚན་སྙན་ཐོབ་ཡོད། ད་ཆའི་བར་ཚེ་དགས་སྔ་རྗེས་སུ་གསེར་ཟངས་འབུར་བརྙན་གྱི་ལག་ཤེས་རྒྱུན་འཛིན་པ་50ལྷག་ཙམ་གསོ་སྐྱོང་བྱས་ཡོད།
བགྲང་བྱའི་ཞུན་བརྡར་ལས་ཐོན་པའི་ལག་རྩལ།
2016ལོའི་ཟླ་9ཚེས་2ཉིན་ནས་ཚེས་20ཉིན་བར། “རིག་གནས་སྒྱུ་རྩལ་མེས་པོའི་བྱ་གཞག མཆོག་ཏུ་གྱུར་བའི་ནོར་བུ་རྒྱུན་འཛིན”བོད་ཀྱི་རིམ་པ་དང་པོའི་འབུར་བཟོ་བ་རྡོ་ཕུ་ཚེ་དགའི་གསེར་ཟངས་འབུར་བརྙན་སྒྱུ་རྩལ་མི་སྒེར་གྱི་འགྲེམས་སྟོན་ཞེས་པ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་གཉེར་ཞིང་། ད་ཐེངས་ཀྱི་འགྲེམས་སྟོན་ལ་རྡོ་ཕུ་ཚེ་དགས་གཙོས་ཏེ་ལོ་4ཡི་རིང་བཞེངས་པའི་ལྷ་ལྡན་གཙུག་ལག་ཁང་གི་རྒྱུ་གསེར་ལས་གྲུབ་པ་དང་རིན་ཆེན་སྣ་ལྔས་བརྒྱན་པའི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བློས་བསླངས་དཀྱིལ་འཁོར་ཆེ་མོ་གཙོ་བོར་བྱས་པའི་འབུར་བརྐོས་སྒྱུ་རྩལ་བརྩམས་ཆོས་སྤུས་ལེགས་1000ལྷག་ཙམ་འགྲེམས་སྟོན་བྱས་པ་རེད། རིགས་གཅིག་མཁས་ཅན་ཚོས་དཀྱིལ་འཁོར་དེ་ནི་ད་ཆའི་བར་རང་ལྗོངས་སུ་དཀྱིལ་འཁོར་སྣ་ཚོགས་ཉར་ཚགས་བྱས་པའི་ཁྲོད་གསེར་འདུས་ཚད་མང་ཤོས་དང་རྒྱུ་ཆར་དང་དོད་ཆེ་ཤོས། བཟོ་རྩལ་ཁྱད་དུ་འཕགས་ཤོས་ཀྱི་ཤུལ་བཞག་བརྩམས་ཆོས་ཤིག་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད།
“གཙུག་ལག་ཁང་གི་དཀྱིལ་འཁོར་བཞེངས་པའི་བརྒྱུད་རིམ་ནང་། ངས་དུས་དང་རྣམ་པ་ཀུན་ཏུ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་གཟབ་གཟབ་སིག་སིག་དང་ཞིབ་ཚགས་ངང་ལས་རིམ་དང་ཞིབ་ཆ་ཚང་མ་ལེགས་གྲུབ་བྱེད་ཀྱི་ཡོད། དེ་ལྟར་བྱས་ཚེ་བརྩམས་ཆོས་དེ་ཡུན་རིང་རྒྱུན་འཛིན་ཐུབ་པའི་བརྩམས་ཆོས་སྤུས་རྟགས་ཤིག་ཏུ་འགྱུར་ཐུབ། མི་རབས་ནས་མི་རབས་བར་ལྷ་སྐུ་འབུར་བརྐོས་ཀྱི་ལག་རྩལ་རྒྱུན་འཛིན་བྱེད་པའི་ལག་ཤེས་བཟོ་རྩལ་པ་ཞིག་གི་ངོས་ནས་བརྗོད་ན་འདི་ལྟ་བུའི་གོ་སྐབས་ནི་ཧ་ཅང་གིས་དཀོན་པོ་ཞིག་རེད”ཅེས་ཚེ་དགས་བཤད།
ཁྲོམ་རའི་མདུན་ལམ་ཡངས་སུ་གཏོང་ཆེད། ཚེ་དགས་རང་འགུལ་ངང་དགོན་པར་བསྐྱོད་དེ་རང་གིས་རང་འོས་སྦྱོར་བྱས་ནས་སྒོ་འབོར་བཟོ་བ་དང་། སྣོད་ཆས་ཉམས་གསོ། ལྷ་སྐུ་ཆུང་གྲས་བཞེངས་པ་སོགས་ཀྱི་ལས་ཀ་བཙལ་བས་རིམ་བཞིན་ཁས་ལེན་བྱུང་སྟེ་ལས་འབོར་མང་དུ་ཕྱིན་པ་རེད།
2011ལོར། ལྷ་སའི་གཙུག་ལག་ཁང་དུ་གསེར་ཟངས་ཀྱི་རྒྱ་ཕིབས་ཉམས་གསོ་བྱེད་འགོ་ཚུགས། ཚེ་དགའ་ཉིད་གཙུག་ལག་ཁང་གི་གསེར་ཟངས་ཀྱི་རྒྱ་ཕིབས་དང་། གསེར་ཟངས་ཀྱི་སྐུ། དམ་རྫས་བཅས་ཉམས་གསོ་བྱེད་མཁན་གྱི་བཟོ་རྩལ་པར་གྱུར།
ཐེངས་འདིར་རྩ་ཆེའི་རིག་དངོས་འབོར་ཆེན་ཉམས་གསོའི་ལས་དོན་བསྒྲུབས་པས་ཚེ་དགའི་ལག་རྩལ་ལ་ལས་རིགས་ནང་ཁུལ་གྱི་ཁས་ལེན་ཐོབ་པ་དང་། ཁོང་གི་ལྷག་བསམ་རྣམ་དག་ལ་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་པའི་བསྔགས་བརྗོད་ཐོབ་པ་རེད།
འདི་ནི་རྡོ་ཕུ་ཚེ་དགས་དགེ་ཕྲུག་ལ་འབུར་བརྙན་རྐོ་སྟངས་སློབ་པའི་གནས་ཚུལ་ཡིན་པ།
འདི་ནི་རྡོ་ཕུ་ཚེ་དགས་སྐུ་བརྙན་ལ་བརྐོས་རྒྱག་པའི་གནས་ཚུལ་ཡིན་པ།
འདི་ནི་རྡོ་ཕུ་ཚེ་དགས་འགན་འཁུར་ནས་བཞེངས་པའི་གཙུག་ལག་ཁང་གི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བློས་བསླངས་དཀྱིལ་འཁོར་ཡིན་པ།
2017ལོའི་ཟླ་12ཚེས་3ཉིན་བོད་ལྗོངས་འབུར་བརྙན་སྒྱུ་རྩལ་མཐུན་ཚོགས་ལྷ་སར་བཙུགས་ཤིང་། འདི་ནི་མཐུན་ཚོགས་ཀྱི་ཚོགས་གཙོ་རྡོ་ཕུ་ཚེ་དགའ(གཡོན)དང་བོད་ལྗོངས་མི་རིགས་སྒྱུ་རྩལ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ངག་དབང་བསྟན་འཛིན་གྱིས་མཐུན་ཚོགས་ཀྱི་ཡོལ་ཁེབས་ཕྱེ་བའི་གནས་ཚུལ་ཡིན་པ།
2016ལོའི་ཟླ་9ཚེས་2ཉིན“རིག་གནས་སྒྱུ་རྩལ་མེས་པོའི་བྱ་གཞག མཆོག་ཏུ་གྱུར་པའི་ནོར་བུ་རྒྱུན་འཛིན”ཞེས་བརྗོད་བྱ་གཙོ་བོར་བྱས་པའི་རྡོ་ཕུ་ཚེ་དགའི་འབུར་བརྐོས་སྒྱུ་རྩལ་གྱི་འགྲེམས་སྟོན་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་ཤིང་། འདི་ནི་རྡོ་ཕུ་ཚེ་དགའི་དྲན་རྟེན་པར་ཡིན་པ།
འདི་ནི་རྡོ་ཕུ་ཚེ་དགའི་བུ་བཀྲ་ཤིས་ལྷ་དར་གྱིས་ཐང་ག་བཞེངས་རྩལ་སྦྱོང་བའི་གནས་ཚུལ་ཡིན་པ།