ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

ལྷ་འབྲི་བ་བློ་བཟང་བསྟན་དར།

2019-08-28 བདེ་སྐྱིད་བུ་ཁྲིད་ཀྱིས་བསྒྲིགས།
སོར་རྩེ་ལས་འཁྲུངས་ལག་རྩལ་རྒྱུན་འཛིན་གྱིས། མང་ཚོགས་དབུལ་པོ་ཕྱུག་པོའི་ལམ་དུ་ཁྲིད།

འདི་ནི་གཞིས་རྩེ་གཙང་ལྷོ་མི་རིགས་ལག་ཤེས་བཟོ་ལས་རྒྱུན་འཛིན་ཚད་ཡོད་ཀུང་སིའི་ལས་མིས་ཐང་ག་འབྲི་བཞིན་པ།
      གཞིས་རྩེར་མི་འདི་འདྲ་ཞིག་ཡོད་པ་སྟེ། ཁོང་གིས་སྨྱུ་གུར་བརྟེན་ནས་ཕུགས་བསམ་མངོན་འགྱུར་ཐུབ་པ་བྱས་ཡོད། ཁོང་ནི་གཞིས་རྩེ་གཙང་ལྷོ་མི་རིགས་ལག་ཤེས་བཟོ་ལས་རྒྱུན་འཛིན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བློ་བཟང་བསྟན་དར་རེད།
      བློ་བཟང་བསྟན་དར་ནི་1976ལོར་སྐྱེས་པ་དང་ལོ་14ལ་སླེབས་སྐབས་བློ་བཟང་བསྟན་དར་གཅིག་པུ་རྣམ་གླིང་རྫོང་རྩེ་གདོང་གྲོང་ཚོར་ཡོང་སྟེ་ལྷ་འབྲི་ཆེ་མོ་ཞིག་གི་གམ་ནས་ལག་རྩལ་སྦྱངས་པ་དང་ལོ་གཅིག་གི་རྗེས་སུ་ཁོང་གི་རྒན་ལགས་ཀྱིས“ང་ལོ་ན་རྒད་པས་ཁྱེད་རང་བཀྲས་ལྷུན་དགོན་དུ་ཕྱིན་ཚེ་དེ་བས་ཕུལ་དུ་བྱུང་བའི་ལྷ་འབྲི་བ་མང་པོ་ཡོད”ཅེས་བརྗོད་པ་རེད།
      བློ་བཟང་བསྟན་དར་བློ་ཕམ་ཆེན་པོའི་སྒོ་ནས་རྒན་ལགས་དང་ཁ་གྱེས་ཏེ་བཀྲས་ལྷུན་དགོན་དུ་དགེ་རྒན་བསྟེན་པར་ཕྱིན། ཁོང་ལོ་ན་ཕྲ་བ་དང་རྨང་གཞི་ཞན་པོ་ཡོད་རྐྱེན་དང་ཐོག་བཀྲས་ལྷུན་དགོན་གྱི་ལྷ་འབྲི་བས་ཁོང་དགེ་ཕྲུག་ཏུ་ཉར་འདོད་བྱས་མེད།
      “འགལ་རྐྱེན་ཐེངས་མང་འཕྲད་མོད། ངས་རེ་ཐག་མ་ཆད་པར་ད་དུང་མུ་མཐུད་རྒན་ལགས་ལ་གསོལ་ཇ་བཀྱགས་པ་དང་ཁང་པར་གཙང་སྦྲ་བྱེད་རོགས་བྱེད་ཀྱི་ཡོད་པས་མཐར་རེ་བ་ཞུ་ཐེངས་དྲུག་པ་དེར་རྒན་ལགས་ཀྱིས་གཞི་ནས་ང་དགེ་ཕྲུག་ཏུ་ཉར་བྱུང”ཞེས་བློ་བཟང་བསྟན་དར་གྱིས་དྲན་གསོ་བྱེད་བཞིན་དུ་བརྗོད། དེ་ལྟར་ཁོང་བཀྲས་ལྷུན་དགོན་དུ་བསྡད་དེ་རྒན་ལགས་ཀྱི་གམ་ནས་སྨན་ཐང་ལུགས་ཀྱི་ཐང་གའི་སྒྱུ་རྩལ་སྦྱངས་པ་རེད།
      ལོ་ལྔ་ཡི་རྗེས་སུ་བློ་བཟང་བསྟན་དར་རང་མགོ་ཐོན་རྗེས་ཁོང་གིས་ལྷ་འབྲི་བའི་འཚོ་བ་སྐྱེལ་འགོ་ཚུགས།
      ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་སེམས་གཏིང་ནས་དགའ་ཞེན་ཆེན་པོ་ཡོད་རྐྱེན། བློ་བཟང་བསྟན་དར་གྱིས་ལོ་10ཏག་ཏག་ལས་རིགས་དེར་གཞོལ། དེའི་རིང་ཁོང་གིས་དགོན་སྡེར་ལྡེབས་རིས་འབྲི་བ་དང་། ཁྱིམ་ཆས་ལ་ཚོན་གཏོང་བ། ཁང་པ་གསར་པར་ཚོན་གཏོང་བ་སོགས་ལས་གང་བྱས་ཀྱང་འཕྲལ་སེལ་སླ་བཅོས་གཏན་ནས་མི་བྱེད་པར་སེམས་ཤུགས་གང་ཡོད་བཏོན་ཡོད།
      2009ལོར་བློ་བཟང་བསྟན་དར་གྱིས་བཅོལ་དངུལ་ཚང་མ་བཏོན་སྟེ་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་ཞིག་བཙུགས་ནས་ཞིང་འབྲོག་པར་ཐང་ག་བཞེངས་པའི་ལག་རྩལ་གསོ་སྦྱོང་བྱས་པ་རེད།
      སློབ་མར་གསོ་སྦྱོང་བྱེད་པ་དང་དུས་མཚུངས་བློ་བཟང་བསྟན་དར་གྱིས་རང་ཉིད་ཀྱི་ལག་རྩལ་གོང་མཐོར་རྒྱུན་ཆད་མེད་པར་གཏོང་བཞིན་ཡོད། 2012ལོར་བློ་བཟང་བསྟན་དར་ལ་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་སྤྲད་པའི“བོད་ཀྱི་ལྷ་འབྲི་བའི”གཟི་བརྗིད་མཚན་སྙན་དང་། གཞིས་རྩེ་གྲོང་ཁྱེར་གྱིས་སྤྲད་པའི“ལག་ཤེས་དབུ་ཆེན་བཅུ”ཡི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།
      ཐང་ག་ཕྱིར་ཚོང་གི་སྤུས་རྟགས་རྒྱུན་ཆད་མེད་པར་བཏོད་ནས་མང་ཚོགས་དབུལ་པོ་དེ་བས་མང་བ་ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་བྱ་ཆེད། 2012ལོར་བློ་བཟང་བསྟན་དར་གྱིས་སླར་ཡང་སྒོར་ཁྲི་5000བཏོན་སྟེ་གཞིས་རྩེ་གྲོང་ཁྱེར་གཙང་ལྷོ་མི་རིགས་ལག་ཤེས་བཟོ་ལས་རྒྱུན་འཛིན་ཚད་ཡོད་ཀུང་སི་བཙུགས་པ་རེད། ཀུས་སིས་ཐང་ག་དང་། རྐོས། འཚེམ་བཟོ། མི་རིགས་ཀྱི་རི་མོ། ཤིང་བཟོ་བཅས་ཀྱི་ཆེད་ལས་5བཀོད་སྒྲིག་བྱས་པར་ལས་མི་32ཡོད།
      ཀུང་སི་དེ་བཙུགས་རྗེས་རིམ་རྩིས་ལྟར་ན། གཞོན་ནུ་དབུལ་པོ་800ཙམ་ལ་ལག་རྩལ་གསོ་སྦྱོང་བྱས་ནས་ཁོ་ཚོར་ལག་རྩལ་སྣ་གཅིག་བསླབས་ཏེ་བློ་བཟང་བསྟན་དར་རང་ཉིད་ཀྱི་ཕྱུག་འགྱུར་ཕུགས་འདུན་མངོན་འགྱུར་ཐུབ་པ་མ་ཟད་མི་དེ་བས་མང་བའི་ཕུགས་འདུན་མངོན་འགྱུར་ཐུབ་རོགས་བྱས་པ་རེད།
      ལོ་འདི་དག་རིང་ཀུང་སིའི་ལས་སྒོ་འཕེལ་རྒྱས་མྱུར་པོ་ཕྱིན་པས་བློ་བཟང་བསྟན་དར་གཞུང་དོན་སྒྲུབ་པར་འགྲོ་བའི་གོ་སྐབས་མང་དུ་ཕྱིན་ཡོད། མེས་རྒྱལ་ནང་ས་དང་ལྷ་སའི་སྐད་གྲགས་ཡོད་པའི“བརྗོད་དོན་གཙོ་བོའི་ཨར་ཁང”དང“ལོ་རབས་ཀྱི་ཟ་ཁང”མཐོང་སྐབས་བློ་བཟང་བསྟན་དར་ལ“ཐང་གའི་བརྗོད་དོན་གཙོ་བོའི་ཨར་ཁང”འཛུགས་རྒྱུའི་བསམ་བློ་འཁོར་བ་རེད།
      མིག་སྔར“ཐང་གའི་བརྗོད་དོན་གཙོ་བོའི་ཨར་ཁང”གི་སྒྲོམ་གཞི་བསྐྲུན་ཟིན་ནས་མཐའ་མཇུག་གི་ནང་ངོས་མཛེས་བཟོ་བྱེད་བཞིན་ཡོད། “ཐང་ག་ལས་ངའི་ཕུགས་འདུན་རེ་རེ་བཞིན་མངོན་འགྱུར་བྱུང་། སླད་ཕྱིན་ངས་སྨན་ཐང་ལུགས་ཀྱི་ཐང་གའི་ལག་རྩལ་དར་སྤེལ་ཤུགས་ཆེན་བཏང་སྟེ་མི་དེ་བས་མང་བས་བོད་ཀྱི་རིག་གནས་ཤེས་རྟོགས་དང་དངོས་ཡོད་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་ཡོངས་ལ་འགྲེམས་སྟོན་བྱེད་ཀྱི་ཡིན”ཞེས་བློ་བཟང་བསྟན་དར་གྱིས་ཡིད་ཆེས་ཆེན་པོས་བརྗོད།
འབྲེལ་ཡོད་རྩོམ་ཡིག