ཀྲུང་གོའི་བོད་ལྗོངས་དྲ་བ།>མི་སྣ།

རི་བོ་ཆེན་པོའི་རྒྱབ་རོལ་གྱི་འཕོ་འགྱུར།

2020-11-13 ཝང་ལི། ལིན་རྨིན།
            རི་བོ་ཧི་མ་ལ་ཡའི་རི་ཁུད་ཅིག་གི་ཚ་གདུག་ཆེ་བའི་ཉི་འོད་འོག  ཀྱག་ཀྱོག་གི་རི་ལམ་ཞིག་ཏུ་གཞོན་ནུ་ཞིག་གིས་ཨ་མ་དང་མཉམ་དུ་ཅ་ལག་རྒྱབ་ལ་ཁུར་ཅིང་།  ནོར་གནག་དེད་ནས་ག་ལེར་འགྲོ་བཞིན་མཆིས།  རྐང་འོག་ཏུ་མནན་ཡོད་པ་ནི་ཁོའི་ཨ་ཕ་དང་ཨ་ཁུ་རྣམ་པས་ཕྱུགས་ཟོག་རི་ལ་འདེད་སའི་ལམ་ཕྲན་དང་ཕ་མེས་ཡང་མེས་ནས་འཚོ་གཞེས་གནང་སའི་ཕ་ཡུལ་ཡིན།  ལམ་གྱི་ཕར་སྣེ་ནི་ལོ་ཡི་ཁོར་མོ་ཡུག་ཏུ་ཁ་ཆར་མཚམས་མི་འཆད་པའི་བྱེ་ལུ་ཕུག་སྟེ་ལ་རྒྱབ་པ་ཚོའི་སེམས་ཁོང་དུ་རྨ་བྱའི་སྒྲོ་གུར་ཕུབ་འདྲའི་རྨ་བྱ་ཐང་ཡིན།  
            ན་གཞོན་དེའི་མིང་ལ་ཉི་མ་བསམ་འགྲུབ་ཟེར་ཞིང་།  ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ལ་རྒྱབ་ཞང་གི་མི་ཡིན་ལ།  ལོ་བཅུ་ཕྲག་གི་རྗེས་སུ་ཁོ་རང་དེ་གའི་ཏང་ཀྲི་པུའུ་ཧྲུའུ་ཅི་རུ་གྱུར།  
            ལ་རྒྱབ་ཡུལ་གྱི་ལྷོ་ཕྱོགས་འབྲུག་ཡུལ་དང་འབྲེལ་ཞིང་ཆ་སྙོམས་མཚོ་འཕགས་ལ་སྨི་3675ཡོད།  དེ་གའི་རི་རྩེ་སྤྲིན་རིམ་ལ་ཟུག་པའི་རི་ལུང་ནི་ལ་རྒྱབ་པ་རྣམས་འཚོ་བ་རོལ་སའི་གཞི་རྟེན་དང་ཚེ་སྲོག་གི་འབྱུང་གནས་ཡིན་ནོ།  །  
            ལ་རྒྱབ་ནས་ལྷོ་ཕྱོགས་སུ་མཚོ་འཕགས་ལ་སྨི་4800ཡོད་པའི་ཕྱེད་དགུང་ལ་དང་གནམ་དགུང་ལ་བརྒལ་ནས་རི་ཁུག་ཏུ་སླེབས་ཚེ་ཡིད་དུ་འོང་བའི་ལ་རྒྱབ་ཞང་གི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བྱེ་ལུ་ཕུག་མིག་མདུན་དུ་མངོན་ཡོང་།  སྲང་ལམ་གཙང་ཞིང་དག་ལ།  ཁང་པ་ཚང་མ་གསར་དུ་བསྐྲུན་པ་དང་།  ཁང་སྟེང་དུ་སྐར་ལྔའི་དར་དམར་རླུང་དང་བསྡོངས་ནས་ལྷབ་ལྷུབ་ཏུ་གཡོ་ཞིང་།  ཀྲོང་ངེར་ལངས་པའི་དུད་ཁུང་དག་ལས་དུ་བ་སྔོ་ལྷོག་ལྷོག་ངང་འཕྱུར་བཞིན་འདུག
            ཡིན་ན་ཡང་རི་ཕྱི་ལོགས་ཀྱི་མི་ཚོའི་ཡིད་ལའང་འཆར་དཀའ་བ་ནི་ལོ་ཉི་ཤུའི་གོང་རོལ་གྱི་བྱེ་ལུ་ཕུག་ནི་གནམ་མཁའི་མཐའ་བཞིན་ཁ་ཐག་རིང་ཞིང་།  དུས་ཀྱི་མཐའ་བཞིན་ཞེ་སྡུག་ས་ཞིག་ཡིན།  
            ལ་རྒྱབ་པ་ཚོའི་ཕ་མེས་ཡང་མེས་ཀྱི་རིང་ནས་འཚོ་རྟེན་བྱས་མྱོང་བའི་འབྲོག་སར་བདག་སྐྱོང་བྱ་ཆེད།  1995ལོར་ཞང་ཀྲང་སྐལ་བཟང་རྡོ་རྗེ་ཡིས་སྐུལ་སློང་བྱས་ནས་ཉི་མ་བསམ་འགྲུབ་ཀྱི་ཨ་ཕ་མི་འགྱུར་བཀྲ་ཤིས་དང་གྲོང་མི་གཞན་པ་གསུམ་གྱིས་མཚོ་འཕགས་ལ་སྨི་4500ལྷག་ཡོད་པའི་ཕྱེད་དགུང་ལ་དང་སྨི་4800ཡོད་པའི་གནམ་དགུང་ལ་བརྒལ་ནས་ཁྱིམ་ཚང་བྱེ་ལུ་ཕུག་ཉེ་འཁོར་གྱི་རྨ་བྱ་ཐང་དུ་སྤོས་པ་རེད།  ལོ་རེའི་ནམ་དུས་ཕྱེད་ཀ་ཡན་ཁ་བས་གཡོགས་ཏེ་གནས་འདི་མི་མེད་གླིང་ཕྲན་ཞིག་དང་གཉིས་སུ་མེད།  དུས་བཞི་ལ་གྲང་ངར་ཆེ་ཞིང་རི་ལམ་བགྲོད་དཀའ་བས་མིའང་ཤིན་ཏུ་ཉུང་།  གངས་རིའི་འདབས་ཀྱི་ཁང་པ་ཐབས་ཆག་ནི་ཉིན་གཅིག་གི་ངལ་དུབ་སེལ་སའི་གནས་མལ་དང་། སྒོ་ཕྱུགས་ནི་བློས་ཐུབ་ཀྱི་གྲོགས་པོ་ཡིན།  
            “ཁང་ཆུང་ཐབས་ཆག་ཅིག་ཏུ་མི་བཞི་འཚང་ནས་སྡོད་པ་དང་།  ཉལ་དུས་ཀྱང་ཕན་ཚུན་གཤིབས་ནས་ཉལ་དགོས།  ལྕགས་ཐབ་མེད་པར་ཐབ་རྡོ་བཙུགས་ཡོད་པ་དང་།  འཐུང་ཆུ་ནི་ཉེ་འཁོར་གྱི་རི་ངོས་ནས་བཞུར་ཡོང་བའི་གངས་ཆུ་ཡིན།”  རྨ་བྱ་ཐང་ལ་སླེབས་མ་ཐག་གི་འཚོ་བ་གླེང་སྐབས།  ལོ་ན་དྲུག་ཅུ་ལ་སླེབས་པའི་མི་འགྱུར་བཀྲ་ཤིས་ཀྱིས་ལག་པ་ཆེན་པོས་པུས་མགོར་བྱིལ་བྱིལ་བྱེད་བཞིན་དུ་“སྐབས་དེར་འཚོ་བ་ཧ་ཅང་སྐྱོ་བོ་ཡིན།  མིའི་ཟ་མ་དང་ཕྱུགས་ཟོག་གི་གཟན་རྩྭ་ཚང་མ་འཆར་གཞི་ཡོད་པའི་སྒོ་ནས་གྲོན་ཆུང་ངང་སྤྱོད་དགོས་ལ།  འབྲུ་རིགས་དང་འཚོ་བའི་ཡོ་བྱད་ཚང་མ་རིའི་ཕ་རོལ་ནས་མིས་ཁུར་བའམ་ནོར་གནག་ལ་བཀལ་ནས་ཡོང་དགོས་”ཞེས་བཤད་བྱུང་།  
            “སྐབས་དེའི་བྱེ་ལུ་ཕུག་ནི་དངོས་ནས་ཡུལ་མཐའ་འཁོབ་ཅིག་ཡིན་ཏེ་རྒྱང་ནས་བལྟས་ཚེ་ལྗོན་ཤིང་གི་གསེབ་ན་ནོར་གནག་འགས་ཁེར་རྐྱང་ངང་རྩྭ་ཟ་བཞིན་པ་མཐོང་ཡོང་།  ས་རུབ་ལ་ཉེ་བའི་སྐབས་སུ་ཕ་ལགས་དང་མཉམ་དུ་རི་ལ་སོང་ནས་ནོར་གནག་ཕྱིར་ཁྱིམ་ལ་འདེད་དགོས་པ་དང་།  སྒང་གཤོང་ཀུན་ཏུ་ཕ་ལགས་དང་རྒན་པ་འགའི་རྐང་རྗེས་དང་ནོར་གནག་གི་རྨིག་རྗེས་ལས་ཅི་ཡང་མེད།”  ཉི་མ་བསམ་འགྲུབ་གྱིས་ད་རུང་ལོ་གང་མང་གི་སྔོན་དུ་ཐེངས་དང་པོར་བྱེ་ལུ་ཕུག་ཏུ་ཕྱུགས་ཟོག་འཚོས་པའི་རྣམ་པ་གསལ་པོར་དྲན་འོང་།  
            ལོ་མང་པོའི་གོང་རོལ་དུ་མཐའ་མཚམས་བསྲུངས་ནས་ཕྱུགས་ཟོག་འཚོ་སྐྱོང་བྱས་པའི་དོན་དག་གླེང་སྐབས་མི་འགྱུར་བཀྲ་ཤིས་ཀྱིས་“བྱ་བ་ལ་ལ་ཞིག་ངེས་པར་དུ་གཏན་འཁེལ་གྱི་མི་ཞིག་གིས་བསྒྲུབ་དགོས་ཡོད།  སྐབས་དེར་གནས་འདི་སྡུག་པོ་ཡིན་རུང་།  བསྡད་ཡུན་རིང་ན་འདི་གའི་རྩྭ་རྩི་ཤིང་དང་མེ་ཏོག་དང་ཆུ་ཕྲན།  ཐ་ན་དབྱིབས་འདྲ་མིན་གྱི་བྲག་རྡོ་མང་པོའང་ཞེ་ལ་ཐོགས་ཤིང་སེམས་ནས་འདོར་མི་ཐུབ་”ཅེས་བཤད་བྱུང་།  
ཁོར་ཡུག་ཇི་འདྲ་སྡུག་རུང་ལ་རྒྱབ་པ་ཚོ་མི་རབས་ནས་མི་རབས་བར་འཚོ་བའི་ཕ་ས་རེད།   ཁ་ཐག་ཇི་འདྲ་རིང་རུང་མེས་རྒྱལ་གྱི་བླ་མེད་མངའ་ཁོངས་རེད།  སྔོན་སྐྱོད་པ་མི་4བྱེ་ལུ་ཕུག་ཏུ་གཏན་སྡོད་བྱས་ཤིང་ཕྱུགས་ཟོག་འཚོས་པ་ནས།  གནས་འདིའི་རྩི་ཤིང་རྐང་རེ་རེ་དང་།  རི་འབུར་དང་ཆུ་ཕྲན་རེ་རེ་ལ་རྒྱབ་པའི་སེམས་ལ་ཉར་བ་དང་།  ཁོ་ཚོའི་ཚེ་སྲོག་གི་གྲུབ་ཆ་ལྟ་བུར་གྱུར།  
            1998ལོའི་དགུན་ཁ་དེ་ནམ་རྒྱུན་ལས་སླེབས་པ་མགྱོགས།  ཁ་བ་ཉིན་མཚན་དབྱེར་མེད་དུ་བབས་པས།  ལ་རྒྱབ་ནས་བྱེ་ལུ་ཕུག་བར་གྱི་རི་མཐོན་པོ་གཉི་ག་མཐུག་ཚད་ལ་སྨི་གཉིས་ལྷག་ཡོད་པའི་ཁ་བས་གཡོགས།  མི་འགྱུར་བཀྲ་ཤིས་དང་སྡེ་མི་གསུམ་གྱི་ཟ་མ་དང་ནོར་གནག་70ལྷག་གི་གཟན་རྩྭ་ཆད་སོང་།  གལ་སྲིད་ཟ་མ་དང་གཟན་རྩྭ་དུས་ཐོག་ཏུ་བྱེ་ལུ་ཕུག་ཏུ་མ་བསྐྱལ་ཚེ་ཁོ་ཚོ་དེ་གར་ཁེགས་ནས་ལྟོགས་ཤི་ཐེབས་རྒྱུ་ལས་མེད།  ལ་རྒྱབ་ཞང་ཏང་ཨུས་ཏང་ཡོན་དང་མང་ཚོགས་མཉམ་དུ་བསྡུས་ནས་མཚན་མོ་ཧྲིལ་པོར་གྲོས་སྡུར་བྱས།  
            “ང་སྐྱེལ་དུ་འགྲོ།” ལོ་ན་22ལ་སོན་པའི་སྤེན་པ་ཚེ་རིང་གིས་དཔའ་ཁས་ལེན་བྱས།  ནམ་གསལ་མ་ཐག་ཁོས་ནོར་གནག་བཅུ་ལྷག་དེད་ནས་ཆས་སོང་།  ནོར་གནག་གི་རྒྱབ་ཏུ་བཀལ་ཡོད་པ་ནི་དེ་འདྲའི་མང་པོ་མེད་པའི་རྩམ་པ་དང་།  འབྲས།  གཟན་རྩྭ་བཅས་རེད།  
            ཁ་བ་བུ་ཡུག་གིས་ཁོའི་གདོང་ལ་ཁབ་བཞིན་གཙགས་པ་དང་།  ཁ་བ་གདོང་ནས་ག་ལེར་ཞུ་སྟེ་གོས་ཀྱི་གོང་ཁ་རུ་ཆབ་རོམ་ཆགས་ཤིང་།  ཁ་བ་པུས་མོའི་མཚམས་ལ་སླེབས་ནས་གོམ་པ་གང་རེ་ནས་གང་རེ་མདུན་དུ་ནུར་རྒྱུ་ལས་ཐབས་མེད།  ལྟོགས་ན་རྩམ་པ་རེ་ཟོས་ཤིང་སྐོམ་ན་ཁ་བ་སྤར་མོ་གང་རེ་འགམ་པ་དང་།  ངལ་དུབ་ན་ཆུ་ལྭའི་ཁུག་ཏུ་གཉིད་ལྕོག་རེ་བརྒྱབ་སྟེ་སོང་།  
            ཏག་ཏག་ཉིན་མཚན་གཅིག་འགོར་རྗེས་ལུས་ཡོངས་ཁ་བས་གཡོགས་པའི་མི་ཞིག་གངས་རི་ལས་བབས་ཏེ་རྒྱང་རིང་ནས་ཉེན་ཁའི་གནས་སུ་ལྷུང་བའི་མི་4པོའི་མཐོང་ལམ་དུ་མངོན་བྱུང་ལ།  མཐའ་སྲུང་འབྲོག་པ་ཚོ་དང་ནོར་གནག་དག་གཤིན་རྗེའི་འཕྲང་ལས་བསྐྱབས།  ཡིན་ན་ཡང་སྤེན་པ་ཚེ་རིང་ཕྱིར་ལོག་པའི་ལམ་བར་དུ་གངས་ཉིལ་གྱི་འཇིགས་པ་ཐེབས་ནས་དུས་གཏན་དུ་གངས་ཁྲོད་དུ་ལུས་སོང་།  
            དུས་དེ་ནས་བཟུང་ཕྲག་ཏུ་ཡོད་པའི་འགན་འཁྲི་ལས་གཞན་ལ་རྒྱབ་པ་ཚོ་འབྲོག་ས་འདི་ལ་སེམས་ཁོང་ནས་བརྩེ་བ་ཟབ་མོ་ཞིག་ཆགས་ཡོད།
            ལྗིད་ཚད་ཏུན་གཅིག་ལྷག་ཡོད་པའི་ས་མཚམས་རྡོ་རིང་རི་ལ་སྐྱེལ་ཆེད་ལ་རྒྱབ་ཞང་གི་ཧྲུའུ་ཅི་སྐལ་བཟང་བསྟན་འཛིན་གྱི་སྣེ་ཁྲིད་འོག་འབྲོག་པ་བརྒྱད་རེ་སྐོར་རེ་བྱས་ནས་ཕྲག་ལ་ཁུར་ཅིང་ལག་པས་བཀྱགས་ནས་ཏག་ཏག་ཉིན་4ཡི་དུས་ཚོད་སྤྱད་དེ་ད་གཟོད་ས་མཚམས་རྡོ་རིང་དག་གོ་རིམ་ལྡན་པའི་ངང་མཐའ་མཚམས་སུ་སློང་ཐུབ་སོང་།  རྡོ་རིང་སྟེང་གི་མཚོ་འཕགས་དང་ས་མིང་།  དུས་ཚོད་སོགས་བྲིས་པའི་ཡི་གེ་དམར་པོ་དག་གསལ་ལྷམ་མེར་མིག་ལ་འཚེར།  
            ས་མཚམས་རྡོ་རིང་གི་མདུན་དུ་སྐལ་བཟང་བསྟན་འཛིན་ག་ལེར་སར་བསྡད་དེ་ལག་ཟུང་གིས་རྡོ་རིང་སྟེང་གི་ཡི་གེ་དག་ལ་རེག་པའི་ཚེ་སྐབས་དེར་ལྷོ་བྲག་རྫོང་ཨུའི་ཧྲུའུ་ཅི་བཀྲ་ཤིས་དར་རྒྱས་ཀྱི་སྐད་ཆ་ཡིད་ལ་འཁོར།  “ཁྱོད་ཀྱི་ལུས་སྟེང་དུ་བཞུར་བ་ནི་ལ་རྒྱབ་པའི་ཟུངས་ཁྲག་རེད།  མི་ཚེ་འདི་ལ་རྒྱབ་དང་ཁ་འབྲལ་ཐབས་མེད།  ཁྱོད་ཀྱིས་ང་ཚོའི་མང་ཚོགས་ཀྱི་སྣེ་ཁྲིད་ནས་ང་ཚོའི་འབྲོག་ས་བརྟན་སྲུང་བྱ་དགོས་ལ་མེས་རྒྱལ་གྱི་ས་ཁོངས་བརྟན་སྲུང་བྱ་དགོས།”  འདི་དག་དྲན་པའི་མོད་ལ་སྐལ་བཟང་བསྟན་འཛིན་གྱི་མིག་ཆུ་དབང་མེད་དུ་བརྡོལ་བྱུང་བ་དང་།  ཁོས་ས་མཚམས་རྡོ་རིང་ལ་འཁྱུད་དེ་“ངས་སྒྲུབ་ཐུབ་སོང་།  ངས་སྒྲུབ་ཐུབ་སོང་།  ང་ཚོས་ཕ་མེས་ཀྱི་འབྲོག་ས་བརྟན་སྲུང་བྱས་སོང་ལ་མེས་རྒྱལ་གྱི་ས་ཁོངས་ཀྱང་བརྟན་སྲུང་བྱས་སོང་”ཞེས་སྨྲས།
            “ས་མཚམས་ཀྱི་རྡོ་རིང་སློང་སྐབས་ངེད་ཚང་གི་སྐྱེས་པ་གཉིས་ཀ་སོང་ཡོད།  ས་མཚམས་རྡོ་རིང་ཡོད་ཚེ་རྗེས་མར་ཕྱུགས་ཟོག་འཚོ་ནའང་འདྲ།  སྨན་རྩྭ་བརྐོ་ནའང་འདྲ།  བེ་ཤ་བཏུས་ནའང་འདྲ།  སེམས་ལ་སྤོབས་པ་ཆེན་པོ་ལྡན་པ་ཞིག་རེད།  འདི་ནི་ང་ཚོའི་རྒྱལ་ཁབ་ཀྱི་ས་རེད།”  2012ལོའི་གྲོང་ཚོའི་ནང་གི་དོན་བཟང་དེ་གླེང་བའི་མོད་ལ་སྐྱིད་པའི་འཛུམ་ཆུང་ཞིག་ལ་རྒྱབ་པ་ཚེ་རིང་ལྷ་མོའི་གདོང་ན་མངོན་འདུག
            ཕྱུགས་ཟོག་འཚོས་ནས་མཐའ་མཚམས་སྲུང་བ་ནི་ལ་རྒྱབ་པའི་འཚོ་བ་ཡིན་ལ་འགན་འཁྲི་ཞིག་ཀྱང་ཡིན།  རྒྱལ་གཅེས་མཐའ་སྲུང་གི་འདུ་ཤེས་ལ་རྒྱབ་པའི་ཟུངས་ཁྲག་ཏུ་འདྲེས་ཡོད།  “འདི་ནི་ང་ཚོའི་ཕ་མེས་ཡང་མེས་ནས་ཕྱུགས་ཟོག་འཚོ་ས་ཡིན་ལ།  འདི་ནི་ཀྲུང་གོའི་ས་ཡིན།  ང་ཚོའི་ཕ་ཡུལ་ཡིན།  ང་རང་གསོས་ཤིང་བསྐྱངས་པའི་ཕ་ས་དྲོན་མོ་ཡིན།  གཞན་པའི་ས་ནི་གསེར་རི་དངུལ་རི་ཡིན་ཡང་ང་ཚོས་མིག་ཟུར་ཙམ་ཡང་མི་འཕེན་ལ།  རང་ས་གོར་མོ་རུ་རྡོ་དང་བྱེ་མ་ལས་མེད་ཀྱང་གཅེས་སུ་འཛིན་དགོས།” འདི་ནི་ལ་རྒྱབ་པ་ཚོས་མེས་རྒྱལ་ལ་བཞག་པའི་དམ་བཅའ་རེད།  
            ལོ་ཟླའི་འཁོར་སྐྱོད་ལས་ལ་རྒྱབ་པ་རྒན་རབས་ཚོའི་གོམ་ཁ་འཁྱར་འཁྱོར་དུ་འགྱུར་བཞིན་ཡོད་མོད།  ཉི་མ་བསམ་འགྲུབ་ལྟ་བུའི་ལོ་གཞོན་ཚོའི་གོམ་སྟབས་སྔར་ལས་ཇེ་བརྟན་དུ་གྱུར།  རྒན་རབས་པ་ཚོའི་རྐང་རྗེས་དེད་ནས་ལ་རྒྱབ་པ་མི་རབས་གསར་པའི་མཐའ་མཚམས་སྐོར་ཞིབ་ཀྱི་ལམ་བུ་སྔར་ལས་རིང་དུ་སོང་ཡོད།  ད་ལྟ་བྱེ་ལུ་ཕུག་འབྲོག་ས་རུ་མི་ག་ཚོད་ཅིག་གི་རྐང་རྗེས་དང་ནོར་ག་ཚོད་ཅིག་གི་རྨིག་རྗེས་བཞག་ཡོད་པ་སུས་ཀྱང་བློས་དཔོག་དཀའ།  
            2020ལོའི་སྟག་མའི་མེ་ཏོག་གི་འདབ་བརྒྱ་གྲོལ་བའི་དུས་སུ།  ལ་རྒྱབ་པ་ཚོ་ལོ་རེར་རི་ལ་སྐོར་ཞིབ་ཏུ་འགྲོ་བའི་མགོ་བརྩམས་བྱུང་།  ཁོ་ཚོས་སྐར་ལྔའི་དར་དམར་ཕྲག་ལ་ཁུར་ཅིང་མི་དྲུག་རེ་སྐོར་རེ་བྱས་ནས་ནགས་ཚལ་བརྒྱུད་ཅིང་ལ་ལུང་བརྒལ་ནས་གནས་འདིའི་རི་ཀླུང་ཐང་གསུམ་ལ་སྐོར་གཟིགས་ཞིབ་མོ་བྱེད་ཀྱིན་ཡོད།  
            རྒྱལ་ཁབ་ཡོད་ན་ད་གཟོད་ཁྱིམ་གཞིས་ཡོད།  རྒྱལ་ཁོངས་བརྟན་ཚེ་ད་གཟོད་བློ་བདེ་མོས་བདེ་སྐྱིད་ཀྱི་ཁྱིམ་གཞིས་བསྐྲུན་ཐུབ།  རྒྱལ་ཁབ་བཟང་ཞིང་ཁྱིམ་ཚང་བདེ་ན་འཚོ་བ་ནི་རང་ཤུགས་སུ་ཇེ་ལེགས་ནས་ཇེ་ལེགས་ཡིན་ངེས།  རི་བོའི་རྒྱབ་ཀྱི་ཕ་གཞིས་བྱེ་ལུ་ཕུག    སྔོན་ཆད་ཁྱོད་རང་གནམ་མཁའི་མཐའ་རུ་ཡོད་མོད།  ད་ལྟ་སེམས་ཀྱི་འཁྲིས་སུ་སླེབས་བྱུང་།  
            2004ལོར།  ལ་རྒྱབ་ཞང་ལ་མཐའ་མཚམས་ཀྱི་དམིགས་བསལ་ཞང་གི་ཆོག་མཆན་ཐོབ།  
            2005ལོར།  རྫོང་མཁར་ནས་ལ་རྒྱབ་ཞང་གི་གཞུང་ལམ་ཤར་གཏོང་བྱས།  
            2006ལོར།  ལ་རྒྱབ་ཞང་དུ་བདེ་སྡོད་བཟོ་སྐྲུན་ལག་བསྟར་བྱས་པ་དང་།  ལ་རྒྱབ་པ་ཚོ་ཁོད་ཡངས་ལ་དཀར་ཆ་དོད་པའི་ཁང་པ་གསར་པར་སྤོས།  ལོ་དེར་ལ་རྒྱབ་ཆུ་གློག་ས་ཚིགས་ཀྱིས་གློག་བཏོན་ནས་ལ་རྒྱབ་པ་ཚོས་སྣུམ་སྒྲོན་ལ་གྱེས་ཕྱག་ཕུལ།  
            2007ལོར།  ལ་རྒྱབ་པ་ཚོས་གཙང་དག་གི་རང་འབབ་ཆུ་འཐུང་།  
            2016ལོར་བྱེ་ལུ་ཕུག་ཏུ་ལམ་ཤར་གཏོང་བྱུང་ནས་མི་མེད་གླིང་ཕྲན་དེ་མི་ཡུལ་ལ་དངོས་སུ་འཕོས་པ་རེད།  
            2018ལོའི་ཟླ་11པར་ལ་རྒྱབ་ཞང་ལ་རྒྱབ་གྲོང་ཚོའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་གྲུབ་བྱུང་།  བྱེ་ལུ་ཕུག་ཏུ་རྒྱུན་སྡོད་བྱས་པའི་མཐའ་སྲུང་དུད་ཁྱིམ་10 དང་མི་23ལ་སླེབས།  
            2019ལོར།  ལ་རྒྱབ་ཞང་གི་ཞིང་སྡེའི་དཔལ་འབྱོར་སྤྱིའི་ཡོང་འབབ་སྒོར་ཁྲི་797.89ལ་སླེབས་པ་དང་།  མི་རེའི་ཆ་སྙོམས་ཡོང་སྒོ་ཁེར་གཙང་སྒོར་20497ལ་སླེབས་ནས་ལྷོ་བྲག་རྫོང་གི་དབུལ་ཕོངས་ཞྭ་མོ་ཕུད་པ་ཆེས་སྔ་བའི་ཞང་ཡིན་ལ།  མི་རེའི་ཆ་སྙོམས་ཡོང་སྒོ་ཆེས་ཕྱུག་པའི་ཞང་ཡང་ཡིན།  
            ཟླ་4པའི་ཟླ་དཀྱིལ་དུ།  དགུན་ཁའི་ཁ་བས་གཡོགས་པའི་བྱེ་ལུ་ཕུག་ཏུ་ཉི་འོད་ཀྱི་བཀྲག་མདངས་འཚེར་ཞིང་།  ནགས་གསེབ་ནས་བྱ་བྱེའུ་ཡི་སྐད་སྙན་གྲགས་ཡོང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་དང་།  བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་བྱེ་ལུ་ཕུག་གྲོང་ཚོའི་ལས་བྱེད་མང་ཚོགས་ལ་བཅངས་པའི་བརྩེ་བ་དང་རེ་སྨོན་བསྣམས་ཏེ།  བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཡིང་ཅེ་སོགས་རླངས་འཁོར་དུ་བསྡད་ནས་ཀྱག་ཀྱོག་གི་རི་ལམ་དེད་ཅིང་།  ལམ་ཧྲིལ་པོའི་སྤྲུག་གསིག་དང་བཅས་ཕྱེད་དགུང་ལ་དང་གནམ་དགུང་ལ་བརྒྱུད་དེ་བྱེ་ལུ་ཕུག་ཏུ་འབྱོར།  ཝུའུ་ཡིང་ཅེ་དང་གྲོང་མི་ཚོས་གླེང་མོལ་ཞིབ་གློད་བྱས་པར་མ་ཟད།  བཀྲག་མདངས་འཚེར་བའི་སྐར་ལྔའི་དར་དམར་ཞིག་བྱེ་ལུ་ཕུག་གྲོང་ཚོའི་མང་ཚོགས་ཀྱི་འཐུས་ཚབ་ཉི་མ་བཀྲ་ཤིས་ཕ་བུ་གཉིས་ཀྱི་ལག་ཏུ་བཞག་ནས་ཁོ་ཚོར་མཐའ་མཚམས་ཀྱི་རྩྭ་རྩི་ཤིང་རྐང་གཅིག་ཀྱང་མ་ལུས་པར་སྲུང་སྐྱོང་བྱས་ནས་རང་གི་བྱ་སྤྱོད་དངོས་ཀྱི་ཐོག་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱ་དགོས་པའི་མངག་བཅོལ་གནང་།  
            “ཧྲུའུ་ཅི་ཡིས་ང་ཚོར་མཐེབ་ཆེན་བསྟན་བྱུང་ལ་ད་རུང་སྐར་ལྔའི་དར་དམར་ངའི་ལག་ཏུ་བཞག་སོང་།  སྐབས་དེར་ངས་ལོ་འདི་དག་ལ་བརྟན་སྲུང་བྱས་པའི་དོན་སྙིང་དང་རིན་ཐང་རྟོགས་བྱུང་།  ལོ་ངོ་16ལ་དངོས་གནས་དོན་སྙིང་ལྡན་སོང་།” རྒྱང་རིང་ལ་ལྟ་བཞིན་ཉི་མ་བསམ་འགྲུབ་ཀྱི་མིག་ཏུ་མཆི་མ་འཁོར་བྱུང་།  སྔོན་ཆད་རི་གྲོང་ནས་ཕྱི་ལ་འགྲོ་འདོད་ཆེ་བའི་ན་གཞོན་འདིའི་མིག་ཟུང་དུ་ཆོད་སེམས་དང་རང་རློམ་ཞིག་གིས་ཁེངས་འདུག “ངས་བྱེ་ལུ་ཕུག་གྲོང་ཚོའི་ཡུལ་མི་སྤུན་ཟླ་དག་དང་མཉམ་དུ་ང་ཚོའི་འབྲོག་ས་སྲུང་སྐྱོང་ལེགས་པོ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་སྲུང་སྐྱོང་ལེགས་པོ་བྱས་ཏེ་ང་ཚོའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་ལེགས་པོ་བསྐྲུན་ངེས་ཡིན།” 
རྡོ་རྗེ་ཚེ་རིང་གིས་བསྒྱུར།
འབྲེལ་ཡོད་རྩོམ་ཡིག