ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ཁམས་སྡེ་དགེ་རུ་མཁས་བརྒྱ་འགྲན་གླེང་གནང་བཞིན་པ།

2019-08-20 སྣང་རྡོས་བསྒྲིགས།
 

     སྤྱི་ཟླ་༨པའི་ཚེས་༡༡ཉིན། ཁམས་པའི་རིག་གནས་ཀྱི་མཐོ་རིམ་གླེང་སྟེགས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་དུ་སྤེལ་འགོ་ཚུགས་ཡོད། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཡུན་ནན་སོགས་ཀྱི་ཁམས་པའི་རིག་གནས་དང་གེ་སར་རིག་གནས། བོད་ཀྱི་གསོ་བ་རིག་པ་སོགས་ཐད་ཀྱི་མཁས་པ་དང་རིགས་གཅིག་མཁས་ཅན། དེ་བཞིན་སྡེ་དགེ་རྫོང་ལ་རོགས་སྐྱོར་གནང་མཁན་རིམ་ཁག་ལས་ཁུངས་དང་དཀར་མཛེས་ཁུལ་རིམ་པའི་འབྲེལ་ཡོད་ཚན་ཁག་གི་འགོ་ཁྲིད་རྣམས་གདན་ཞུས་ལྟར་ཐེངས་འདིའི་གླེང་སྟེགས་ཐོག་ཞུགས་པ་མ་ཟད། ཁམས་པའི་རིག་གནས་ཀྱི་བརྗོད་གཞི་འདིར་གཞིགས་ཏེ་མཁས་པ་སོ་སོའི་དགོངས་ཚུལ་ལྷུག་གླེང་གནང་ཡོད་པ་རེད།

ཁམས་པའི་རིག་གནས་མཐོ་རིམ་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ
     རྒྱུས་ལོན་བྱུང་བར་གཞིགས་ན། ཐེངས་འདིའི་ཁམས་པའི་རིག་གནས་ཀྱི་མཐོ་རིམ་གླེང་སྟེགས་ནི་རྒྱལ་ཡོངས་ཀྱི་གླིང་གེ་སར་སྒྲུང་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱིས་མཛུབ་ཁྲིད་བྱས་པ་དང་། དཀར་མཛེས་ཁུལ་ཨུད་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ། དཀར་མཛེས་ཁུལ་ཨུད་དྲིལ་བསྒྲགས་པུའུ་དང་དཀར་མཛེས་ཁུལ་རིག་གནས་རྒྱང་སྒྲོག་ཡུལ་སྐོར་ཅུས། དཀར་མཛེས་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་རོགས་སྒྲུབ་བྱས་ཤིང་། སྡེ་དགེ་རྫོང་ཨུད་དང་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་། དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་ཁང་། ཁམས་པ་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་ཐོག་སྒྲུབ་འགན་འཁུར་བ་ཞིག་རེད།

ཐེངས་འདིའི་གླེང་སྟེགས་ལ་ཞུགས་པའི་མཁས་པ་ཁག་ཅིག

གསར་འགོད་པས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ།འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཐུབ་བསྟན་ཕུན་ཚོགས་ལ་བཅར་འདྲི་ཞུ་བ།
     ཐེངས་འདིའི་ཁམས་པའི་རིག་གནས་ཀྱི་མཐོ་རིམ་གླེང་སྟེགས་ཐོག་ཞུགས་པར་ཕེབས་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་སྤྱི་ཁྱབ་ལས་འཛིན་གཞོན་པ། བོད་རིག་པ་མཁས་ཅན་དགེ་ལེགས་ཀྱིས། རིག་གནས་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་ངོས་ནས་བརྗོད་ཚེ་མེད་ཐབས་མེད་པ་ཞིག་ཡིན། སྡེ་དགེའི་ཁུལ་ནི་ཁམས་པའི་རིག་གནས་ཀྱི་ཁྱབ་ཁོངས་དང་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་བྱེད་སྒོ་འདི་འདྲ་ཞིག་སྤེལ་བར་གཅིག་ནས་ས་གནས་མང་ཚོགས་ཀྱིས་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་ལེགས་པོ་བྱེད་པའི་བསམ་བློའི་འདུ་ཤེས་འཛུགས་རྒྱུར་སྐུལ་ཁྲིད་ཐུབ་པའི་དགེ་མཚན་ལྡན་ལ། གཉིས་ནས་བོད་ཀྱི་རིག་གནས་འདི་ཉིད་དང་ས་ཁུལ་གྱི་རིག་གནས་དར་སྤེལ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུར་ཡང་ཕན་ཐོགས་ཡོད་ཅེས་གསུངས།

ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་ཁང་གི་སྤྱི་ཁྱབ་ལས་འཛིན་གཞོན་པ་དགེ་ལེགས་ལ་བཅར་འདྲི་ཞུ་བ།
     གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་འདི་དུས་མཚམས་གཉིས་སུ་དབྱེ་ནས་སྤེལ་ཡོད། དེ་ཡང་། དུས་མཚམས་དང་པོ་ཁམས་ཡུལ་འགྲུལ་སྐྱོད་ཏེ། གེ་སར་རྒྱལ་པོའི་ཞབས་རྗེས་འདྲི་འཚོལ་བྱེད་སྒོ་དེ་སྤྱི་ཟླ་༨པའི་ཚེས་༡ཉིན་སྡེ་དགེ་རྫོང་ཨ་ཤུལ་གྲོང་རྡལ་དུ་འགོ་ཚུགས་པ་དང་། ཉིན་བཅུ་ལྷག་གི་རིང་ཁམས་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་བསྐྱོད་ནས་གེ་སར་རིག་གཞུང་འདྲི་འཚོལ་བྱེད་སྒོ་རབ་དང་རིམ་པ་སྤེལ་མཐར་སྤྱི་ཚེས་༡༡ཉིན་སྡེ་དགེ་རུ་ལོག་ཡོད།

ཚོགས་ཞུགས་མཁས་པས་ཁམས་སྡེ་དགེའི་ཁྱད་ལྡན་རིག་གནས་ཉམས་ཞིབ་གནང་བཞིན་པ།

ཚོགས་ཞུགས་མཁས་པས་ཁམས་སྡེ་དགེའི་ཁྱད་ལྡན་རིག་གནས་ཉམས་ཞིབ་གནང་བཞིན་པ།
     དུས་མཚམས་གཉིས་པར་ཁམས་པའི་རིག་གནས་ཀྱི་གླེང་སྟེགས་གཙོ་གྲས་དང་གེ་སར་རིག་གནས་ཀྱི་གླེང་སྟེགས་གཙོ་གྲས། ལྷོ་བརྒྱུད་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་གླེང་སྟེགས་གཙོ་གྲས་བཅས་གླེང་སྟེགས་གཙོ་བོ་གསུམ་དང་། རྩོམ་རིག་གསར་རྩོམ་བགྲོ་གླེང་གི་ཡན་ལག་གླེང་སྟེགས་དང་། བོད་ཡིག་ཡིག་གཟུགས་སྒྱུ་རྩལ་བགྲོ་གླེང་གི་ཡན་ལག་གླེང་སྟེགས། གླུ་གར་རིག་གནས་བགྲོ་གླེང་གི་ཡན་ལག་གླེང་སྟེགས། སྨད་ཤོད་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དཔྱད་གླེང་གི་ཡན་ལག་གླེང་སྟེགས། ཀརྨ་སྒར་བྲིས་ཐང་གའི་སྒྱུ་རྩལ་བགྲོ་གླེང་གི་ཡན་ལག་གླེང་སྟེགས། ཁམས་ཁུལ་གྱི་ལོ་རྒྱུས་རིག་གནས་བགྲོ་གླེང་གི་ཡན་ལག་གླེང་སྟེགས། བོད་ལུགས་སྨན་རྒྱུ་དབྱེ་འབྱེད་དཔྱད་གླེང་གི་ཡན་ལག་གླེང་སྟེགས་བཅས་ཡན་ལག་གླེང་སྟེགས་བདུན།  ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་ཞིབ་འཇུག་བྱ་གཞིའི་རིམ་སྟར་དཔེ་ཚོགས་ལས་ལས་དབང་ཞེས་དང་། གེ་སར་གནའ་གཞུང་དཔེ་ཚོགས་དང་མདོ་ཁམས་ཀྱི་སྙན་སྒྲུང་ཞེས་པའི་དེབ་གསར་འོས་སྦྱོར་ཚོགས་འདུ་གཉིས། ཆེས་མཛེས་པའི་སྡེ་དགེ་བ་དང་ཁམས་པའི་རིག་གནས་ཀྱི་ཕུལ་བྱུང་དཔྱད་རྩོམ་གྱི་གཟེངས་བསྟོད་དགོང་ཚོགས་གཅིག ད་དུང་གནས་མཆོག་སྡེ་དགེའི་ཁམས་པའི་ཟས་མཆོག་དུས་ཆེན་སོགས་ཚོགས་འདུ་དང་བྱེད་སྒོ་ཁག་མང་པོ་ཞིག་སྤྱི་ཚེས་༡༤ཉིན་བར་བསྟུད་མར་སྤེལ་རྒྱུ་ཡིན་པ་རེད།

ཚོགས་ཞུགས་མཁས་པ་དག་གིས་ཁམས་སྡེ་དགེའི་ཁྱད་ལྡན་རིག་གནས་ཉམས་ཞིབ་གནང་བཞིན་པ།

ཚོགས་ཞུགས་མཁས་པ་དག་གིས་ཁམས་སྡེ་དགེའི་ཁྱད་ལྡན་རིག་གནས་ཉམས་ཞིབ་གནང་བཞིན་པ།
     ཚོགས་འདུ་དང་བྱེད་སྒོ་དེ་དག་བརྒྱུད་ཟུར་ཚད་མང་པོའི་ཐོག་ནས་བོད་ཀྱི་ཁམས་པའི་རིག་གནས་ཀྱི་ནང་དོན་ལ་བགྲོ་གླེང་གཏིང་ཟབ་གནང་ནས་ཁམས་ཁུལ་གྱི་རིག་གནས་རྒྱུད་འཛིན་ལ་སྐུལ་འདེད་གཏོང་བ་དང་། རིག་གཞུང་ལས་རིགས་ཀྱིས་ཁམས་པའི་རིག་གནས་ལ་རྒྱུས་མངའ་ཟབ་ཏུ་གཏོང་བ། ཁམས་པའི་རིག་གནས་ཐོན་ཁུངས་དང་ས་ཁོངས་ཐོན་ཁུངས་སྔོག་འདོན་དང་ཁྱབ་གདལ་གཏོང་བ། དེ་བཞིན་དཀར་མཛེས་ཁུལ་ཡོངས་ཀྱི་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་གཉིས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རིག་གནས་སྤུས་རྟགས་གཏོད་རྒྱུར་དགེ་མཚན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་པ་བྱ་རྒྱུ་ཡིན་པ་རེད།
 
འབྲེལ་ཡོད་རྩོམ་ཡིག