ང་རང་རེབ་གོང་ལྷད་མེད་གོ་རེ་ཟ་རྒྱུར་ཧ་ཅང་དགའ། གལ་ཏེ་གོ་རེ་མེད་ཚེ། ངས་ཉིན་གུང་དང་ནངས་ཇ་ལ་ཅི་ཞིག་འཐུང་རྒྱུ་ཤེས་པར་མི་འདུག དེ་ན་ངས་འདི་ནས་རེབ་གོང་གོ་རེའི་སྐོར་འདི་ནས་ཅུང་ཙམ་གླེང་བར་འདོད། སྤྱིར་ན་རེབ་གོང་གོ་རེ་ལ་རིགས་དང་དབྱེ་བ་ནི། སྣ་རིགས་ཆེན་པོ་ཁག་ལྔ་ནས་གྲུབ་པ་ཞིག་རེད། དེ་དག་ནི་སྐྱུར་བརྫིས་གོ་རེ་དང་། ཆུ་བརྫིས་གོ་རེ། དར་བརྫིས་གོ་རེ། ཞོ་བརྫིས་གོ་རེ། དེང་སང་དར་བའི་སྐྱུར་རྫས་ཕྱེ་དཀར་གྱིས་བརྫིས་པའི་གོ་རེ་དང་སྣ་རིགས་ལྔ་ཡོད།
སྐྱུར་བསྙལ་རྒྱུ་ནི་གོ་རེ་བཅའ་བའི་གྲ་སྒྲིག་གི་གོ་རིམ་ཡིན། སྐྱུར་བརྫིས་གོ་རེ་ནི་རེབ་གོང་ས་ཁུལ་དུ་ཧ་ཅང་དར་ཁྱབ་ཆེ། འབྲོག་ཁུལ་དུ་དར་ཁྱབ་དེ་འདྲ་མེད།སྐྱུར་ནི་གོ་རེ་བཅའ་བའི་རྟིང་མ་ཡིན་པས། གོ་རེ་བཅའ་ན་ཐོག་མར་སྐྱུར་བསྙལ་དགོས། སྐྱུར་བསྙལ་ན། ཉིན་སྔོན་མའི་དགུང་མོར་སྐྱུར་བསྐྱལ་ནས་ཕྱི་ཉིན་ནངས་མོར་སྐྱུར་ལངས་ཚེ། ད་གཟོད་གོ་རེ་བཅའ་ཆོག་པ་ཞིག་ཡིན། སྐྱུར་ནི་སྐྱུར་རྫིའི་ནང་དུ་ཆུ་དྲོད་འཇམ་བླུགས་ཏེ་གྲོ་ཕྱེ་དཀྲུགས་ནས་དྭངས་འབག་ཚད་དང་རན་པ་ཞིག་དཀྲུག་དགོས་ལ། ཆུའི་དྲོད་གྲང་གི་ཚད་ནི་རང་རང་གི་སྐྱུར་བསྙལ་བའི་ལག་ལེན་ལ་བརྟེན་དགོས་པ་ཞིག་ཡིན་ཞིང་། སྐྱུར་ཆུ་ཚ་ཆེ་ན་སྐྱུར་ཤལ་ཆེ་བ་དང་། སྐྱུར་ཆུ་གྲང་ཆེ་ན་སྐྱུར་མི་ལངས། སྤྱིའི་ཆ་ནས་བཤད་ན། སྐྱུར་མེད་ན་གོ་རེ་བཅའ་ཐབས་མེད་པ་ཞིག་ཡིན་མོད། འོན་ཀྱང་། རོང་མ་འབྲོག་ས་ཁུལ་དུ། ཞོ་དང་ཕྱེ་བརྫིས་ནས་མར་བཙོས་བརྒྱབ་པའི་གོ་རེ་དང་། དར་ཁུ་དང་ཕྱེ་བརྫིས་ནས་མར་བཙོས་བརྒྱབ་པའི་གོ་རེ་ཡང་མཐོང་རྒྱུ་ཡོད། སྐྱུར་ཡང་མེད་ཅིང་ད་ར་དང་ཞོ་ཡང་མེད་པར། གོ་རེ་ཞིག་མྱུར་དུ་དགོས་ཚེ། ཆུ་བརྫིས་གོ་རེ་ལས་པ་ཡིན། ཁྱིམ་ཚང་ལ་ལས་འཚོ་བ་ལེགས་བཅོས་ཀྱི་ཆེད་དུ། གྲོ་ཕྱེ་དང་ཡང་ན་ནས་ཕྱེ་ནང་དུ་ཐད་ཀར་ཆུ་འཁོལ་བླུགས་ཏེ་གོ་རེ་སོབ་ལུག་བཅའ་བའང་ཡོད།
བཅའ་སྟངས་མི་མཚུངས་པའི་གོ་རེ། གོ་རེ་བཅའ་སྟངས་ལ་སྣ་རིགས་ཆེན་པོ་དྲུག་ཙམ་ཡོད། དེ་དག་ནི་ས་བསྲེག་གོ་རེ་དང་། གཡིས་བཙོས་གོ་རེ། མར་བཙོས་གོ་རེ། ལྕགས་ཟངས་གོ་རེ། རླངས་བཙོས་གོ་རེ། གློག་ཐབ་གོ་རེ་དང་བཅས་སྣ་རིགས་དྲུག་ཙམ་ཞིག་ཡོད། ས་བསྲེག་གོ་རེ་ནི། ས་རིལ་ཞེས་པའི་བུད་ཤིང་ཐོག་ས་ཐོ་མང་པོ་བརྩིགས་ནས་ཐོག་ཏུ་ཨོང་བ་ལ་སོགས་བཞག་སྟེ་མེ་སྦར་ཞིང་ས་ཐོ་བསྲེགས་རྗེས། ས་ཚ་བོ་དེ་རྣམས་དབྱུག་པ་ཐུང་ངུ་ཞིག་གིས་བརྡུངས་ཏེ། ཁོད་སྙོམས་པོའི་ཐོག་ཏུ་གོ་རེ་ཆེ་ཆུང་མི་འདྲ་བ་བཞག་ནས་གོ་རེ་ཐོག་ཏུའང་ས་བཀབ་ནས་གོ་རེ་བསྲེག་པ་ཞིག་རེད། འདི་ནི་རེབ་གོང་རོང་ཁུལ་གྱི་གོ་རེ་ཨང་དང་པོ་ཡིན།
གཡིས་བཙོས་གོ་རེ་ནི། ལོ་སར་དང་སྟོན་མོ་དང་གཤིན་ཆོས་བཅའ་སྐབས་སུ་ལས་པ་མང་། དེ་ནི་གཡིས་ཟངས་ཞེས་ལྕགས་ཟངས་ཁ་འདའ་ཞིག་གི་ནང་དུ་གཡིས་མང་ཙམ་བླུགས་ཏེ། མེ་ཐབ་ཏུ་མེ་བཞག་སྟེ་གཡིས་འཁོལ་རྗེས། ནང་དུ་གོ་རེ་རློན་པ་འཕངས་ནས་གཡིས་བཙོས་རྒྱག་པ་ཞིག་ཡིན། འདི་ནི་གཙོ་བོ་རེབ་གོང་རོང་ཁུལ་དུ་དར་ཁྱབ་ཆེ། མར་བཙོས་གོ་རེ་ནི་གཙོ་བོ་རེབ་གོང་འབྲོག་ཁུལ་དུ་དར་ཁྱབ་ཆེ་བ་དང་། གོ་རེ་བཙོ་སྟངས་ནི་གཡིས་བཙོས་གོ་རེ་དང་ཕལ་ཆེར་གཅིག་མཚུངས་རེད། ལྕགས་ཟངས་གོ་རེ་ནི། ཐབ་ཐོག་ཏུ་ལྕགས་ཟངས་དཀྱིལ་ལེབ་དང་ཁ་འདའ་ཞིག་ལ་མེ་བསྒོང་སྟེ་ནང་དུ་གོ་རེ་ཕྱེ་ལེབ་འཕངས་ནས་ཡར་བསྐོར་མར་བསྐོར་ཙམ་བྱས་ནས་ངོ་ལེན་པ་ཞིག་རེད། དེ་ལ་གོ་རེ་ངོ་ལངས་ཞེས་ཀྱང་འབོད། ལྕགས་ཟངས་ཀྱི་ཐོག་ཞབས་གཉིས་སུ་མེ་འཇོག་ཐུབ་ན་གོ་རེ་དེ་བས་ཀྱང་བཟང་བས། ལྕགས་ཟངས་གོ་རེ་ཞེས་པ་ཞིག་ཀྱང་དར་ཡོད། གོ་རེ་འདི་ལ་ཁ་སྐད་ཀྱིས་གོ་རེ་བ་ཝོར་ཟེར་ཞིང་། གཅན་ཚ་ས་ཁུལ་ནས་གོ་མི་ཞིས་ཞེས་ཀྱང་འབོད།
རླངས་བཙོས་གོ་རེ་ནི། ལྕགས་ཟངས་ནང་དུ་ཆུ་བླུགས་ཏེ། ལྕགས་ཟངས་དེ་དང་འཕྲོད་པའི་ཁོན་གྱི་ནང་དུ་གོ་རེ་བཞག་ནས་ཆུ་བསྐོལ་ཏེ་གདུས་ནས་རླངས་བཙོས་རྒྱག་པ་ཞིག་ཡིན། གློག་ཐབ་གོ་རེ་ནི་ཅུང་དར་འཕྱི་བའི་གོ་རེ་ཞིག་ཡིན་པ་དང་། གློག་གི་ཐབ་ཀ་ལ་གློག་བརྒྱབ་སྟེ་ནང་དུ་གོ་རེ་འཕངས་ནས། དུས་ཚོད་སྐར་མ་ལྟར་ཕྱིར་བླངས་ན། གོ་རེ་དེ་ནི་ས་བསྲེག་གོ་རེ་དང་མདོག་གཅིག་མཚུངས་ཡིན་ན་ཡང་། ས་བསྲེག་གོ་རེ་ཡི་བྲོ་བར་མི་དོ།
རེབ་གོང་ས་བསྲེག་གོ་རེ་ཡི་རིགས། 1.བག་རྟེའུ། གོ་རེ་འདི་ནི་བག་མ་རྣམས་ཀྱི་བག་སྟོན་གྱི་ཆེད་སྤྱོད་གོ་རེ་ཞིག་ཡིན། བག་རྟེའུ་འདི་དེང་སང་ཇེ་ཆུང་ནས་ཇེ་ཆུང་རེད། 2.ཁ་རྟེའུ། གོ་རེ་འདི་ནི་སྟོན་མོ་སྣ་ཚོགས་ཀྱི་ཆེད་སྤྱོད་གོ་རེ་ཞིག་རེད། 3.སྐྱ་ཝོར། གལ་ཏེ་སྡེ་མི་ཞིག་འདས་སོང་ན་མྱི་སྔུན་ལ་སྐྱ་ཝོར་འཁྱེར་དགོས། 4.ཟར་མའི་སྐྱ་ཝོར། 5.ལོ་སར་སྐྱ་ཝོར། ཟར་མའི་ལྟེབ་ཁ་ཇི་འདྲ་མང་ན་དེ་ལུགས་ཀྱི་གོ་རེ་བཟོས་པའི་ལག་རྩལ་བཟང་ཟེར། 6.སྣ་གཅུ། འདི་ནི་བྱིས་པ་རྣམས་ལ་ཆེད་དུ་བཟོས་པའི་གོ་རེ་ཞིག་ཡིན། 7.ཐལ་ཝོར། མེ་ཐབ་གོ་ར་ནང་བསྲེག་པའི་གོ་རེ་ཞིག 8.མཆོད་ཁང་དུ་འཇོག་དགོས་པའི་གོ་རེའི་རིགས་ཀྱང་མང་པོ་ཞིག་ཡོད། ལྕགས་ཟངས་གོ་རེའི་རིགས། 9.ལྕགས་ཟངས་གོ་རེ། ལྕགས་ཟངས་ཀྱི་ཐོག་འོག་གཉིས་ཀར་མེ་འཇོག་པའི་གོ་རེ་ཞིག 10.བ་ཝོར། ལྕགས་ཟངས་བ་ཝོར་ནང་དུ་བཅུག་པའི་གོ་རེ། 12.གོ་རེ་ངོ་ལངས། ལྕགས་ཟངས་ཐོག་ཏུ་ཁ་ལེབ་རྒྱག་པའི་གོ་རེ་ཞིག 13.གོ་རེ་གཡིས་བླུག འདི་ནི་བྱིས་པ་བཙས་པའི་བང་མ་རྣམས་ཀྱི་ཆེད་སྤྱོད་གོ་རེ་ཡིན། སྐྱ་རིབ་ནི་ལྕགས་ཟངས་ནང་དུ་ངོ་ལེན་དགོས་རུང་། དེ་ནི་ཧུབ་ཀྱི་ཁོངས་སུ་གཏོགས། རླངས་བཙོས་གོ་རེའི་རིགས། 14.གོ་རྩི་སེར་པོ་བྱུགས་ཡོད་པ་ལ་ཁོན་ཐོག་ཟེར། 15.གོ་རྩི་སྔོན་པོ་བྱུགས་ཡོད་པ་ལ་གོ་ཏོག་ཁོན་ཐོག་ཟེར། 16.གོ་རྩི་ཅི་ཡང་བྱུགས་མེད་པ་ལ་ཅོང་ཏོག་ཟེར། 17.ནང་ཐུམ་ལ་ལུག་ཚིལ་དང་རྩམ་པ་དང་ཀ་ར་ནག་པོ་བཅུག་ཡོད་པ་ལ་ཨིག་ལུམ་ཟེར། ཚོད་མ་ནི་རླངས་བཙོས་རྒྱག་དགོས་རུང་འདིར་བཀོད་མེད། གཡིས་བཙོས་གོ་རེའི་རིགས། 18.གོ་རེ་གཡིས་སྐྱབ། 19.གོ་རེ་ཤར་མོ། 20.གོ་རེ་ཨབ་ལ། 21.གོ་རེ་འབིགས།(ལོ་སར་ཆེད་སྤྱོད་གོ་རེ་ཞིག་ཡིན) 22.གོ་རེ་སོག་སོག(སྟོན་མོའི་ཆེད་སྤྱོད་གོ་རེ་ཞིག་ཡིན) 23.གོ་རེ་མ་དཔའ། 24.ལག་བཟོས་ཀ་ར་གོ་རེ། 25.གོ་རེ་སོབ་ལུག་དང་ནས་ཕྱེ་གོ་རེ་དང་སྲན་ཕྱེ་གོ་རེ་བཅས་ཡོད།
གཞན་ཡང་། དེང་སང་མི་རྣམས་ཀྱིས་ངལ་རྩོལ་མི་འདོད་པས། གོ་རེ་རྒྱ་སྲང་ནས་ཉོས་ཏེ་རང་ཁྱིམ་དུ་འཁྱེར་ནས་ཟ་བའི་མི་མང་པོ་ཡོད་ཅིང་། དེ་ནི་སྟབས་ཀྱང་ཧ་ཅང་བདེ་བོ་རེད། ཡིན་ན་ཡང་། གོ་རེ་འཚོང་མཁན་མང་པོས་ངའི་གོ་རེ་ནི་སྐྱུར་བརྫིས་གོ་རེ་ཡིན་ཟེར་མཁན་མང་པོ་ཡོད་རུང་། དོན་དམ་དུ་རྒྱ་ཕྱེ་དེ་འདྲ་བཟང་རྒྱུ་མེད་པའི་ཁར། སྐྱུར་རྫས་ཕྱེ་དཀར་དེ་ལ་ཡང་གནོད་པ་དང་ཕན་པ་ཅི་ཞིག་ཡོད་མེད་མི་ཤེས་ཕྱིར། ངས་སྲང་ལམ་ནས་གོ་རེ་ཉོ་སྐབས། ང་རང་རྟག་པར་ཐེ་ཚོམ་གྱི་དྲ་རྒྱའི་ནང་ཚུད་བཞིན་ཡོད། གང་ལྟར་ཀྱང་ང་རང་རེབ་གོང་གོ་རེ་ལྷད་མེད་ལ་ཧ་ཅང་དགའ་འོ། །(རྩོམ་འགན་པ། རྟ་མགྲིན)