དེ་ཡང་བོད་ལྗོངས་ཀྱི་ཤར་ཕྱོགས་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་ཚྭ་ཁ་ལྷོ་འཇང་མི་རིགས་ཤང་གི་ཁོངས་སུ་གནས་པའི་ཚྭ་ཞིང་དེ་ནི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ཡིན། སྔ་མོ་བོད་བཙན་པོའི་རྒྱལ་རབས་སྔོན་དུ་ཚོ་པ་ཁག་སོ་སོ་ཕྱོགས་ཁག་སོ་སོར་གནས་བའི་དུས་ནས་ཚྭ་ཞིང་ཡོད། བཤད་སྲོལ་ལ་སྨད་མདོ་ཁམས་སྒང་དྲུག་ནང་གི་སྨར་ཁམས་སྒང་ནི་ཚྭ་ཐོན་སྐྱེད་བྱེད་སའི་སྒང་ཡིན་པའི་དབང་གིས་སྐད་གྲགས་ཆེན་པོ་ཡོད།
འཇང་གླིང་ཡུལ་འགྱེད་ནང་དུ་གླིང་གེ་སར་རྒྱལ་པོ་དང་འཇང་ས་དམ་རྒྱལ་པོ་གཉིས་ཚྭ་ཡི་དོན་དུ་དམག་འཐབ་བྱས་པའི་མཐར། གེ་སར་རྒྱལ་པོས་འཇང་ས་དམ་རྒྱལ་པོ་ལས་རྣམ་པར་རྒྱལ་བ་མ་ཟད་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གསོན་པོར་བཟུང་། རྗེས་སུ་འཇང་ཕྱུག་གཡུ་ལྷ་ཐོག་འགྱུར་དེ་ཉིད་གེ་སར་རྒྱལ་པོའི་བློན་པོར་གྱུར་ནས་ཚྭ་ཞིང་དེ་གཡུ་ལྷ་ཐོག་འགྱུར་ལ་སྤྲད་པ་རེད་ཅེས་པའི་བཤད་རྒྱུན་ཡང་འདུག ཡུལ་དེར་དུས་ད་ལྟའང་སྲོལ་རྒྱུན་དང་གདོད་མའི་ཚྭ་བཟོའི་ཐབས་ལམ་དེ་སྤྱོད་བཞིན་ཡོད། ད་ལྟ་ཚྭ་ཁ་ལྷོ་རུ་ཁྱོན་ཚྭ་ཞིང ༣༤༥༤ ཙམ་ཡོད་ལ། ཚྭ་ལས་བྱེད་མཁན་གྱི་ཚྭ་པ་མི ༦༤ ཙམ་ཡོད་པ་ལས་མང་ཆེ་ནི་བུད་མེད་ཤ་སྟག་ཡིན། བུད་མེད་ཚོས་གཏིང་རིང་བའི་ཁྲོན་པའི་འཐིལ་ནས་ཚྭ་ཆུ་བླངས་ཏེ་ཆུ་ཟོམ་རྒྱབ་ཏུ་འཁུར་ནས་ཀ་བ་དུ་མས་བཏེགས་པའི་ཚྭ་ཞིང་ཐོག་དབོར་གྱི་ཡོད།
ཉིན་དུ་མའི་རླུང་བུ་དང་ཉི་མའི་འོད་མདངས་ལས་ཆུ་རིམ་བཞིན་སྐམ་ཏེ་ད་ཟོད་གཞི་ནས་ཚྭ་ཆགས་པ་རེད། དེ་འདྲའི་ཚྭ་བཟོ་སྟངས་ནི་སྲོལ་རྒྱུན་དང་གདོད་མའི་བྱ་ཐབས་ཡིན་ལ་འཛམ་གླིང་ཐོག་གི་གཅིག་པུ་དེ་རང་ཡིན། ཚྭ་ཞིང་རེ་རེ་ནས་ཚྭ་རྒྱ་མ་བཞི་བཅུ་ལྷག་ཙམ་ཐོན། དེ་ནས་ཚྭ་པ་ཚོས་རིམ་བཞིན་ཚ་དེ་དག་ཁྲོམ་རྭའི་ཐོག་མཁོ་འདོན་བྱེད་ཀྱི་ཡོད། ལོ་རེའི་ཟླ་བ་གསུམ་པའི་ནང་ཁམ་བུའི་མེ་ཏོག་བཞད་བའི་དུས་སུ་ཚྭ་ཡག་ཤོས་དང་ཐོན་འབོར་ཆེ་ཤོས་ཡིན་ལ་རིན་གོང་ཡང་ཆེ་བ་ཡོད། ཚྭ་ཁ་ལྷོའི་ཚྭ་དེ་བོད་ལྗོངས་གོ་འཇོ་དང་བྲག་གཡབ། མཛོ་སྒང་། དཔའ་ཤོད། རྫ་ཡུལ་སོགས་དང་དེ་བཞིན་སི་ཁྲོན་འབའ་ཐང་དང་ལི་ཐང་། དར་མདོ། ཡུན་ནན་བདེ་ཆེན། འབའ་ལུང་སོགས་ཀྱི་ཡུལ་དུ་བཙོང་གི་ཡོད། མང་ཆེ་བ་ནི་ཚྭ་འབྲུ་བརྗེ་བ་རེད། ཚ་བ་རོང་སོགས་འབྲོག་ཁུལ་དུ་ཚྭ་ཁ་ལྷོ་ཡི་ཚྭ་ཤིན་ཏུ་བྲིན་པོ་ཡོད། གང་ལགས་ཤེ་ན་ཚྭ་ཁ་ལྷོ་ཡི་ཚྭ་དེ་ཕྱུགས་ཟོག་ལ་སྟེར་ན་ཤ་ཤེད་རྒྱས་ཐུབ། (རྩོམ་འགན་པ། རྟ་མགྲིན)