ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

གནའ་མཁར་ཟི་ལིང་གི་བོད་མི།

2014-11-28 སྣང་རའི་པིར་ཐོགས།
   ཙོང་ཆུའི་འགྲམ་དུ་ཆགས་པའི་ངག་རྒྱུན་ལ་“སུམ་ལུང”ངམ“སུམ་ལུང་མདོ”ཞེ་པ་སྟེ་ད་ལྟའི་ཟི་ལིང་འདི། བྱང་གི་དགོན་ཆེན་གསུམ་གྱི་ཡ་གྱལ་གསེར་ཁོག་དང་དགོན་ལུང་། སྐུ་འབུམ་གསུམ་གྱིས་བསྐོར་ཅིང་། ཉེ་འདབས་ཀྱི་འདན་མ་དང་རུ་གསར། མདོ་བ། ལམ་ལུང་སོགས་ཀྱི་མིང་ཡང་བོད་སྐད་ཡིན་པ་ལ་དཔྱད་ན། གནའ་བོའི་དུས་སུ་ཟི་ལིང་ནི་བོད་ཀྱི་སོ་ནམ་པའི་གྲོང་སྡེ་ཞིག་ཡིན་ཀྱང་སྲིད་པས། ལྐོག་གྱུར་གྱི་དོན་འདིར་རྒྱུ་མ་ཕུ་འདེད་བྱེད་མཁན་འདྲ་བྱུང་ན་ཅི་མ་རུང་སྙམ་པ་ནི་གླེང་སློང་བའི་གཏམ་མོ།།
དང་པོ། ཟི་ལིང་གི་བོད་མིའི་འཚོ་བ།
   ཅང་ཚང་རྒྱལ་རབས་སྐམ་ས་ཆེན་པོའི་ཐོག་རྨེག་མེད་དུ་བསྣུབས་ཏེ། ཀྲུང་གོ་གསར་བ་དབུ་བརྙེས་པའི་རྗེས་སུ། ཟི་ལིང་ནི་རང་བཞིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཞིང་ས་སྟེ། མདོ་སྨད་ཀྱི་ཡུལ་ཕྱོགས་ཆེན་པོ་འདིའི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བར་གྱུར་པས། དུས་དེ་ནས་བཟུང་བོད་ཀྱི་ཤེས་རིག་པ་དང་ལས་བྱེད་པ་མི་ཉུང་བ་ཞིག་ཀྱང་མི་རིགས་གཞན་དང་འདྲ་བར་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་ཆེད་དུ་ཟི་ལིང་ལ་འདུས་ཤིང་། རིམ་གྱིས་གྲོང་ཁྱེར་འདི་ཉིད་ཀྱི་སྡོད་དམངས་ངོ་མར་གྱུར། 
   ཐོས་ཚོད་ལྟར་ན། མིག་སྔར་གྲོང་ཁྱེར་སྤྱི(ཉེ་འདབས་ཀྱི་གྲོང་སྡེ་འདུས་མེད)ལ་མི་གྲངས་ཁྲི་ཚོ་ཆིག་བརྒྱ་ལོངས་ཙམ་ཡོད་པའི་ནང་ན་བོད་མིའི་སྡོད་དམངས་ཆིག་ཁྲི་དགུ་སྟོང་ལྷག་ཡོད་པར་གྲགས་ལ། ལྷག་པར་དུས་རབས་ཉེར་གཅིག་པའི་མགོ་ཚུགས་པ་ཙམ་ནས་བཟུང་། སྒེར་གྱི་རྨོ་ཞིང་དང་སྒོ་ཕྱུགས་བློས་བཏང་ནས་ཁྱིམ་གཞི་གྲོང་ཁྱེར་དུ་སྤོར་པའི་བོད་མི་ལོ་རེ་བཞིན་ཇེ་མང་དུ་གྱུར་པས། ད་ལྟ་ཟི་ལིང་དུ“བོད་མིའི་ཁྲོམ་སྲང”དང་ཟི་ལིང་ནུབ་ཀྱི་བས་མཐའི་“ཡུལ་ཤུལ་སྡེ་བ”དང་ཞིང་ཆེན་བོད་སྨན་ཁང་གི་ལྷོ་ཕྱོགས་རི་རྩའི“སྒ་ཁྲི་འདུ་གྲོང”ལྟ་བུ་རུ་སྐོར་གྱི་ཚུལ་དུ་སྡོད་པ་མང་ལ། མཁར་ནང་གི་གནས་གང་འགབ་ཅིག་ཏུ་ཁང་བ་རན་པ་ཞིག་ཉོ་བའམ་གླས་ནས་ཐར་ཐོར་དུ་སྡོད་པའང་ཤིན་ཏུ་མང་། ཁོ་ཚོས་གཙོ་བོར་འཚེམ་བཟོ་དང་ཚོང་ལས་གཉེར་ཞིང་འགའ་ཞིག་གིས་བོད་ལུགས་ཀྱི་ཟ་ཁང་དང་སྨན་ཁང་ཡང་ཕྱེ་ཡོད། མི་དེ་དག་ལས་ཕལ་ཆེ་བ་ཞིག་དབྱར་ཚ་བའི་དུས་སུ་རྩྭ་ཐང་ལ་འགྲིམ་པ་དང་། དགུན་གྲང་བའི་དུས་སུ་གྲོང་ཁྱེར་དུ་བསྙེགས་ནས་སྔར་བཞིན་འཁོར་སྐྱོད་ཀྱི་རྣམ་པ་མ་དོར་པར་འཚོ་བཞིན་ཡོད་པས། གྲོང་ཁྱེར་པ་ཤ་སྟག་ཅིག་མིན་པའི་སྣང་བ་སྟེར་མོད། དེ་ལྟ་ནའང་རྣམ་པ་དེ་ནི་མི་ལོ་སྟོང་ཕྲག་དུ་མའི་རིང་ལ་“དབྱར་ས་དང་དགུན་སར”འབོད་བཞིན་པའི་ཐ་སྙད་དེའི་གོ་དོན་ངོ་བོའི་ཐོག་ནས་གཏིང་ཇེ་ཟབ་ཏུ་བསྒྱུར་པ་ཡིན་པས། ཁོ་ཚོ་ནི་བོད་ཀྱི་སད་རྟོགས་པ་སྔ་ཤོས་རྣམས་ཏེ། བྱིས་པ་སློབ་གྲྭར་བསྐྱལ་ནས་ཐོས་པ་མང་དུ་བཙལ་ན་བསམ་བློའི་འདུ་ཤེས་ཐད་ཀྱི་རྨོངས་མུན་སེལ་ཐུབ་པ་དང་། ཞིང་ཕྱུགས་ཀྱི་ལས་ཀ་ཐམས་ཅད་ཐབས་དང་ཚན་རིག་ལ་བརྟེན་ན་འཕེལ་ཁ་མྱུར་བ། རང་ཉིད་ཀྱི་ཁྱིམ་གཞི་སྔ་ས་ནས་གྲོང་ཁྱེར་དུ་གནས་བཅས་ན་མི་རབས་གཞུག་མའི་གཞུག་མ་ལ་ཕན་པ་སོགས་རྦད་དེ་ཤེས་ཟིན་པའི་བོད་མི་རྣམས་ལ་ཆ་མཚོན་ན། ཡར་ཐོན་གྱི་བྱ་བྱེད་དེ་ཙམ་པོ་བས། ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེན་པོ་ཞིག་མཚོན་པ་མིན་ནམ་སྙམ།
   ད་ལྟའི་ཟི་ལིང་ལ་འགྱུར་ལྡོག་ཧ་ཅང་ཆེ་སྟེ། ཤིན་ཏུ་རྔམས་མཐོ་བའི་ཨར་ལས་ཀྱི་བཀོད་པ་མང་བོ་ནི་མིའི་བློ་ཡུལ་ལས་འགོངས་ཤིང་། རྒྱ་སྲང་གི་འཁོར་ལོའི་བཞུར་རྒྱུན་དང་ཚོང་ཟོང་སྣ་ཚོགས་སྒྲུབ་པའི་ཡོ་ལང་ཡང་གྲོག་མས་ཚང་མལ་འཆའ་བའི་བྲེལ་ཟིང་དང་མཚུངས། སྤྱི་ཚོགས་ཀྱི་འཕེལ་རྒྱུས་མྱུར་ལ། མི་ཡི་འདུ་ཤེས་རྙིང་བ་བརྗེ་བའི་གོམ་སྟབས་ཀྱང་མྱུར། དངོས་དོན་འདི་དག་མཐོང་ན། བཞི་འགྱུར་འཛུགས་སྐྲུན་གྱི་དམིགས་འབེན་རླབས་ཆེན་པོ་དེའང་ཕལ་ཆེ་ཡོངས་སུ་འགྲུབ་ཟིན་པའི་སྣང་བ་སྟེར། དེ་ལྟ་ནའང་། བྱ་དངོས་ཀྱི་འཕེལ་རྒྱས་ནི་སྙིང་རྗེ་ཅན་རྣམས་ཀྱི་འདོད་བློ་ལྟར་མི་འགྱུར་ཏེ། ལོ་ངོ་འགའ་ཙམ་གྱི་དུས་ཡུན་ནང་དུ་དེ་སྔའི་བར་ཁྱད་ཆེན་པོ་གསུམ་གྱི་སྟེང་དུ་བཀག་ཀྱང་མ་ཁོགས་པར་དབུལ་ཕྱུགས་བར་གྱི་བར་ཁྱད་དང་དབང་ཤུགས་ཅན་དང་མི་སེར་གཉོམ་ཆུང་བར་གྱི་བར་ཁྱད་དེ། བར་ཁྱད་ཆེན་པོ་གསར་བ་གཉིས་བྱུང་བ་རེད། སྤྱི་ཚོགས་ཀྱི་དར་སྲོལ་ཚུལ་མིན་དུ་གྱུར་པ་དང་བསྟུན་ནས་མཁར་ནང་གི་བོད་མི་སྤུན་ཟླ་རྣམས་ཀྱི་མི་རིགས་ཀྱི་འདུ་ཤེས་ཇེ་དྲག་དང་ཕན་ཚུན་བར་གྱི་དུངས་ཞེན་ཇེ་ཆེ་རུ་གྱུར། ཁོ་ཚོའི་གཏམ་སྤྱོད་ལ་ཚད་ཐིག་ནན་མོ་རེ་ཡོད་ནའང་། མཆོག་གསུམ་ལ་དད་པའི་རང་གཤིས་དང་འདྲ་མཉམ་དང་ཞི་མཐུན། རང་དབང་བཅས་ཀྱི་འདུན་མ་ནི་འདོར་མི་སྲིད། མཁར་ནང་གི་མཁས་པ་མི་གསུམ་གྱི་ལྷ་ཁང་དང་དུས་གསུམ་སངས་རྒྱས་ཀྱི་ལྷ་ཁང་ནི་མཆོད་འབུལ་བྱེད་ས་ཡིན་པས། རྣམ་པ་ཀུན་ཏུ་མཆོད་སྤྲིན་གྱི་དཔལ་འབར་ཞིང་བསང་གསུར་གྱི་དྲི་བསུང་ཕྱོགས་བཞིར་མཆེད་པ་རེད། ཧ་ཅང་དགའ་འོས་པ་ཞིག་ལ། ལོ་རེའི་དབྱར་ཟླ་དྲུག་པའི་ནང་དུ་“དྲུག་པའི་གླུ་རོལ”ཞེས་པའི་དུས་སྟོན་གསར་བ་ཞིག་བྱུང་བས། དུས་དེ་ནས་བཟུང་བར་ཆད་འདྲ་མ་བྱུང་ན། ལོ་ལྟར“དྲུག་པའི་གླུ་རོལ”གྱི་དུས་སྟོན་ཉིན་མོ་བསླེབས་ཚེ། མཁར་འདབས་ཀྱི་གནས་ག་ཤེད་ཅིག་ཏུ་གུར་སྣ་ཚོགས་ཕུབ་ཅིང་རྒན་གཞོན་ཚང་མས་གཟབ་མཆོར་ལེགས་པོར་སྤྲས་ནས་རྩེད་མོ་སྟོན་ལ། སྐབས་དེ་དག་ཏུ་མི་ཚང་མས་རང་ཉིད་ནི་གྲོང་ཁྱེར་འདིའི་བདག་པོ་ངོ་མ་ཡིན་པའི་འདུ་ཤེས་བཟུང་ཡོད། ཡིན་ནའང་། ཆང་རག་གིས་བཟི་ནས་སེམས་གཏམ་གཞས་སུ་འགུགས་པའི་དབྱངས་རྟ་ལས། ལྟོ་རྒྱབ་ཕྱིད་པ་ཙམ་གྱིས་མི་ཡི་མགུ་་གང་མི་འགྱུར་བའི་སྣང་བ་སྟེར། མདོར་ན། གྲོང་ཁྱེར་གྱི་ཁོར་ཡུག་ཆེན་པོ་དེའི་ནང་དུ་འཚོ་བཞིན་པའི་བོད་མི་རྣམས་ཀྱང་རིམ་གྱིས་རིག་ཇེ་རྒོད་དུ་གྱུར་པས། ཁྱབ་གདལ་དུ་ཁེ་གྱོང་ལ་ལྟ་བའི་བློ་མིག་ཤིན་ཏུ་རྣོ་ཞིང་། གང་བྱེད་ཐམས་ཅད་ལ་དགའ་ཁ་འཁྱེར་ཕྱོགས་ཀྱི་དྲི་མ་རེ་ལྡན་པར་མ་ཟད། འགའ་ཞིག་ལ་རང་བཞིན་གྱིས་གཤིས་ཀ་གཉིས་ཆགས་པ་རེད། དེ་ལྟ་ནའང་ཕྱིན་ཅི་ལོག་པའི་བྱ་བྱེད་དེ་དག་ལ་གྱ་ཚོམ་དུ་འཕྱ་སྨོད་བྱེད་པའམ་སྡང་མིག་མི་ལྟ་སྟེ། ཁོ་ཚོ་ཁོ་ནའི་སྐྱོན་དུ་མི་འགྱུར་བའི་ཕྱིར་རོ།།
གཉིས་པ། ཟི་ལིང་གི་བོད་ཀྱི་སྐོར་བྲོ།
   དེ་ལ་ཐོག་མར་སྒྱུ་རྩལ་གྱི་དོན་སྤྱི་རོབ་ཙམ་ཤེས་དགོས་ཏེ། ཁོ་བོའི་ངོས་ཟིན་ལྟར་ན། སྒྱུ་རྩལ་ནི་མིའི་སེམས་ཀྱི་དུངས་ཞེན་མངོན་པར་མཚོན་པའི་སྤྱི་ཚོགས་ཀྱི་འདུ་ཤེས་འཛིན་སྟངས་ཤིག་ཡིན་ཅིང་། དེ་ལ་ཕྱོགས་ཆེ་ས་ནས་འཁྲབ་སྟོན་གྱི་སྒྱུ་རྩལ་(རོལ་དབྱངས་དང་ཞབས་བྲོ་སོགས)དང་། དབྱིབས་བཞེང་སྒྱུ་རྩལ(རི་མོ་དང་འཇིམ་རྐོས། བཟོ་བཀོད་སོགས)། སྐད་ཆའི་སྒྱུ་རྩལ(རྩོམ་རིག)། ཕྱོགས་བསྡུས་ཀྱི་སྒྱུ་རྩལ(ཟློས་གར་དང་གློག་བརྙན)ཏེ་ཁག་བཞི་ཏུ་ཕྱེ་ཡོད། དེ་ཡང་འཁྲབ་སྟོན་སྒྱུ་རྩལ་གྱི་ནང་གསེས་ཞབས་བྲོ་ནི། མཚམས་ཚིགས་ཡོད་པའི་འགུལ་སྟངས་ཀྱི་རྣམ་པ་ཞིག་སྟེ། རོལ་དབྱངས་དང་བསྡེབས་ནས་འཁྲབ་པ་ཤས་ཆེ་ལ། གཤམ་གྱི་བརྗོད་བྱ་སྐོར་བྲོ་ཡང་། གོང་གི་སྒྱུ་རྩལ་དེ་ཉིད་ཀྱི་ཁོངས་སུ་གཏོགས་ལ། ཡུལ་གཞན་གྱིས་དེ་ལ“སྒོར་བྲོ”ཡང་ཟེར།
   དུས་རབས་ཉེར་གཅིག་པའི་དབུ་བརྙེས་ཙམ་ནས་བཟུང་། གྲོང་ཁྱེར་ཟི་ལིང་གི་མི་རྣམས་“གཙང་གསུམ་འབྱུང་ཡུལ”གྱི་རིག་རྩལ་ལ་བློ་ཁ་ཡོངས་སུ་ཕྱོགས་པས། ཚང་མ་ལྷན་ཅིག་ཏུ་འདུས་ནས་བོད་ཀྱི་སྐོར་བྲོ་འཁྲབ་པའི་སྲོལ་གསར་བ་ཞིག་དར་ལ། དེ་ནི་རང་རྒྱལ་གྱི་གྲོང་ཁྱེར་ཟི་ལིང་ཁོ་ན་ལ་ཡོད་པའི་ཁྱད་ཆོས་ཤིག་ཡིན་ཀྱང་སྲིད། ཁྱོད་ཀྱིས་ལྟོས་དང་། ཟི་ལིང་པ་རྣམས་ཀྱིས་ཞོགས་པའི་ཉིན་བྱེད་ཀྱི་སྣང་བ་ཤར་ཐེངས་རེ་རེར། ཙོང་ལ་རིང་མོར་བྲག་ཅ་འཁྱིལ་བའི་རོལ་དབྱངས་སྙན་མོའི་འགྲོས་དང་བསྟུན་ནས། སྐོར་བྲོ་འཁྲབ་པའི་ལས་ལ་བྲེལ་ཞིང་། དང་ཐོག་འཁྲབ་མཁན་བཅུ་ཕྲག་གཅིག་གམ་གཉིས་ནས། རིམ་གྱིས་བརྒྱ་ཕྲག་འགའ་རེར་འཕེལ་བ་དང་། དེ་ནས་ཕྱི་རིམ་ནང་རིམ་དུ་གྱེས་ཤིང་ཨ་ལོང་ཡོང་ལོང་དུ་འབྲེལ་བས། རྒྱང་རིང་ནས་མཐོང་ན་སྡིངས་ཆའི་ཁྱོན་ཀུན་ཡོམ་ཞིང་ནམ་མཁའི་དགུ་ཚིགས་དོག་མོ་ས་གཞིར་འཕོས་པ་དང་འདྲ།
   གྲོང་ཁྱེར་ཟི་ལིང་གི་སྐོར་བྲོ་ལ་ཕོ་མོ་རྒན་གཞོན་གྱི་དབྱེ་བ་མི་འབྱེད་ལ། མི་རིགས་ཀྱི་དབྱེ་བའང་འབྱེད་པ་མིན། ཚང་མ་ཁྱིམ་རྒྱུད་ཆེན་པོ་གཅིག་གི་མི་ལྟར་བག་ཡངས་སུ་རྩེ་ཆོག རིག་རྩལ་མཐུན་ཚོགས་ཀྱི་སྣེ་མོ་པ་དང་སྒྱུ་རྩལ་པ་རྣམས་ནི་རང་བཞིན་གྱིས་སྐོར་བྲོའི་སློབ་སྟོན་པ་ཡིན་པས། ཁོ་ཚོས་ཁྱོད་ལ་ལྷག་བསམ་སྣང་བ་དཀར་པོས་ཞབས་བྲོ་སྒྱུ་རྩལ་གྱི་གསང་བ་མཐའ་དག་རྗེན་པར་སྟོན་ངེས། དེ་བས་ལོ་ཟླ་འཁོར་མོ་ཡུག་ཏུ་སྐོར་བྲོ་སློབ་མཁན་མང་ལ། སྦྱོང་མཁན་བགྲང་གིས་མི་ལང་། ལྟད་མོར་ལྟ་མཁན་ཡང་མང་། འདི་གའི་ལས་ཐོག་པ་རྣམས་ཀྱིས་ནངས་མོ་རེ་རེར་སྐོར་བྲོ་འཁྲབ་ཚན་གཅིག་གམ་གཉིས་ཙམ་འཁྲབ་རྗེས། ད་གཟོད་ཡིད་ཤིན་ཏུ་ཕངས་པའི་ངང་ནས་རྟབ་རྟབ་པོར་ལས་སྒོའི་སྟེང་དུ་འགྲོ་ལ། དེ་ནི་ཟི་ལིང་གི་ལས་བཟོ་པ་རྣམས་ཀྱི་གོམས་གཤིས་སུ་གྱུར་ཟིན་པས།མ་འོངས་པ་ན་ཟི་ལིང་ནི་བོད་ཀྱི་རིག་རྩལ་ཧ་ཅང་དར་རྒྱས་ཆེ་བའི་གྲོང་ཁྱེར་ཞིག་ཏུ་འགྱུར་ཀྱང་སྲིད།
   ཁོ་བོས་ཟི་ལིང་གི་བོད་ཀྱི་སྐོར་བྲོ་མཐོང་ཐེངས་རེ་རེར་བྱ་བ་ཐམས་ཅད་ཆོས་བཞིན་དུ་སྒྲུབ་པའི་བོད་མི་ཁམས་པ་རྣམས་སེམས་ལ་ཤར་ཡོང་། ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བའི་ཁམས་པ་ནི་གཞན་དང་མི་མཚུངས་ཏེ། ཁོ་ཚོ་གཞུང་རྒྱུད་དྲང་ཞིང་སེམས་ཀྱི་གཟེངས་མཐོ་བ་དང་། སྐྱ་རྩལ་ལ་མཁས་ཤིང་འཕོང་སྐྱེན་པར་མ་ཟད། རྒན་གཞོན་ཐམས་ཅད་རང་བཞིན་གྱིས་གླུ་ལེན་གར་རྩེ་ལ་གོམས་ཤིང་མཆོག་ཏུ་སྤྲོ་བ་ཡིན་པས། ཁོ་ཚོའི་ཞབས་བྲོའི་སྟངས་སྟབས་ལས། ཕོ་གསར་རྣམས་ནི་ཅུང་རྩིང་ཞིང་རྒོད་ལ་བློ་གཤོག་རབ་ཏུ་ཆེ་བ་དང་། སྐྱེས་གཟུགས་ཕྲ་ལ་ལྡེམ་པའི་སྨན་ཤར་རྣམས་ནི་སྒེག་ཅིང་གཡེར་ལ་ཤིན་ཏུ་དེས་པའི་སྣང་བ་སྟེར། ང་ཚོས་ཕ་མཐའ་ཚད་དུ་ཡངས་པའི་སྔོ་ལྗང་གི་རྩྭ་ཐང་དུ་མཛེས་རྩལ་ཀུན་ནས་རྫོགས་པའི་ཁམས་པའི་སྐོར་བྲོ་ལ་ལྟད་མོར་ལྟ་བ་ནི་ཧ་ཅང་་ཡིད་ཚིམས་པ་ཞིག་སྟེ། བསམ་པའི་ལོངས་སྤྱོད་ཆེན་པོ་ཞིག་རེད། ཁོ་བོས་རྒྱལ་ནང་གི་མི་རིགས་སོ་སོའི་ཤིན་ཏུ་མཛེས་པའི་ཟློས་གར་དང་ཞབས་བྲོ་སྣ་ཚོགས་མཐོང་མྱོང་ལ། འཛམ་གླིང་གི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྐབས་ཀྱི་དགོང་ཚོགས་ཆེན་མོའི་ཡིད་དབང་འགུགས་པའི་རྩེད་མོ་སྣ་ཚོགས་ཀྱང་མཐོང་མྱོང་མོད། ཡིན་ནའང་རྣམ་པ་རྒྱ་ཆེ་ཞིང་བརྗིད་ཉམས་ལྡན་པ་དང་། འཁྲབ་མཁན་གྱི་སྟངས་སྟབས་མྱུར་ལ་མཚམས་ཚིགས་གསལ་བའི་ཁམས་པའི་སྐོར་བྲོ་དེ་ལྟ་བུ་མི་ཚེ་འདིར་མཐོང་མྱོང་མེད། དེ་བས་ཁམས་པའི་རང་གཤིས་དེ་དག་ལས་མཛེས་ཉམས་སྟོང་གིས་ཕྱུག་པའི་ཞབས་བྲོའི་སྒྱུ་རྩལ་དེ་ལྟ་བུ་བྱུང་ལ། ལྷད་མ་ཞུགས། བཅོས་མ་སོང་བའི་ཞབས་བྲོའི་སྒྱུ་རྩལ་དེ་ལྟ་བུ་ལས། སླར་ཡང་ཁམས་པའི་རང་གཤིས་ཇི་བཞིན་མཚོན་པ་སྟེ། མི་རིགས་ཤིག་གི་ཞབས་བྲོའི་མཛེས་ཉམས་དང་མཛེས་ཉམས་དེ་དང་མཐུན་པའི་རོལ་དབྱངས་ཀྱི་འགྱུར་བག་ནི། མི་རིགས་དེ་ཉིད་ཀྱི་རང་གཤིས་ལ་འབྲེལ་བ་དམ་པོ་ཡོད་པ་ང་ལ་ཡིད་ཆེས་ཡོད། ཟི་ལིང་གི་བོད་ཀྱི་སྐོར་བྲོ་ཡང་འཇོན་ཐང་ཅན་གྱི་ཁམས་པས་ཁྱབ་སྤེལ་བྱས་པ་རེད། ཁོ་ཚོས་གཞན་གྱིས་སྒྲུབ་འདོད་ཀྱང་འགྲུབ་མི་འགྱུར་བའི་འགན་ལྕི་མོ་ཞིག་ཁུར་དུ་བླངས་ནས། ངལ་འཁང་གཉིས་བཟོད་ཀྱིས་ཟི་ལིང་གི་མི་རྣམས་ལ་ཞབས་ཞུ་བསྒྲུབས་ཏེ་མི་ལོ་ཇི་སྙེད་ཅིག་འདས་པ་ཡིན་པས། ང་ཚོས་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་ཡིན།
   ད་ལྟ་ཟི་ལིང་ན་མང་ཚོགས་རང་བཞིན་གྱི་སྐོར་བྲོའི་འཁྲབ་ར་ལྔ་ཙམ་ཡོད། དེ་རེ་ར་ན་མི་བརྒྱ་ཕྲག་མང་བོས་ཉི་མ་དུ་ཤར་ལ་སྐོར་བྲོ་འཁྲབ་པའི་བྱ་འགུལ་ཆེན་པོ་སྤེལ་པ་དེ་ལ་ནི། བོད་ཀྱི་ཤུལ་བཞག་རིག་རྩལ་སྣ་ཚོགས་རྒྱུན་འཛིན་དང་ཁྱབ་སྤེལ། དྲིལ་སྒྲོག་བྱེད་པའི་ནུས་པ་ལྡན་པ་མ་ཟད། མི་རྣམས་ཀྱི་གཟུགས་གི་བདེ་ཐང་དང་། མི་རིགས་བར་གྱི་མཐུན་འབྲེལ། སྤྱི་ཚོགས་ཀྱི་ལྷིང་འཇགས་སོགས་ལའང་དོན་སྙིང་བསམ་གྱིས་མི་ཁྱབ་པ་ཞིག་ཡོད། དེ་ནི་དངོས་གནས་སུ་ད་ལྟར་འདོད་བཞིན་པའི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་གཞི་དང་ཀུན་ནས་མཐུན་པར་སེམས་པས། ཇི་སྲིད་བར་དུ་གནས་པར་གྱུར་ཅིག།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག