ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

བཤེས་གཉེན་འཇམ་དབྱངས་བློ་གྲོས་མཆོག“༢༠༡༤ལོའི་ཀྲུང་གོའི་རིག་གནས་མི་སྣའི”འོས་མིར་བདམས།

2015-04-29

འཇམ་དབྱངས་བློ་གྲོས་ཀྱི་སློབ་མ་རྣམས་ལ་སློབ་ཁྲིད་གནང་བཞིན་པ།

འདི་ཟླའི་ཚེས ༢༩ ཉིན།ནང་བསྟན་རིག་གནས་བསྐྱར་དར་དང་འཕེལ་རྒྱས་ལ་མཛད་རྗེས་བླ་མེད་འཇོག་མཁན།ནང་བསྟན་རིག་གཞུང་མཁས་ཅན་འཇམ་དབྱངས་བློ་གྲོས་མཆོག“༢༠༡༤ལོའི་ཀྲུང་གོའི་རིག་གནས་མི་སྣའི”འོས་མིར་བདམས།

ཇོ་ནང་བསྟན་པའི་བླ་རབས ༤༧ པའམ།སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ལི་ཐང་རྫོང་གཙང་བ་དགོན་གྱི་དགོན་བདགསྣར་ཐང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པ།ནང་བསྟན་རིག་གཞུང་མཁས་ཅན་འཇམ་དབྱངས་བློ་གྲོས་མཆོག་གིས་ཇོ་ནང་པའི་གྲུབ་མཐའ་དར་རྒྱས་དང་།ཇོ་ནང་རོལ་དབྱངས་ཀྱི་མངོན་མིན་ཤུལ་བཞག་རིག་གནས།ཇོ་ནང་ལུགས་ཀྱི་ཐང་ཀ་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ་གྱི་མཛད་འཕྲིན་གང་ལེགས་བགྱིས་པ་མ་ཟད།“ཇོ་ནང་ཐང་ཀ་རྒྱུད་སྦྱོང་ཁང”དང“བོད་ལུགས་གསོ་རིག་གསོ་སྦྱོང་འཛིན་གྲྭ”སོགས་སྤྱི་ཕན་སློབ་གཉེར་སྡེ་ཚན་གསར་དུ་བཙུགས་ནས།ས་གནས་དེ་གའི་དབུལ་ཕོངས་བྱིས་པ་དག་ལ་སློབ་གཉེར་གྱི་གོ་སྐབས་བཟང་པོ་བསྐྲུན་ནས་མི་རིགས་ཀྱི་སྔོན་ཐོན་རིག་གནས་རྒྱུད་འཛིན་དར་སྤེལ་གནང་པ་རེད།

འཇམ་དབྱངས་བློ་གྲོས་མཆོག་དགུང་ལོ་ཕྲ་དུས་ནས་མཚམས་བཞུགས་ཀྱིས་སྒྲུབ་པ་ཉམས་ལེན་མཛད་དེ་ས་གནས་དད་ལྡན་མང་ཚོགས་ཀྱིས་གོང་བཀུར་ཆེན་པོ་གནང་བཞིན་འདུགཉེ་བའི་ལོ་ངོ་བཅུའི་རིང་། ཁོང་གིས་ཇོ་ནང་བསྟན་པ་དར་སྤེལ་དང་རྒྱ་བོད་ནང་བསྟན་བརྗེ་རེས་འབྲེལ་འདྲིས་ཐད་འབད་འབུངས་ཆེན་པོ་བགྱིས་ངོར།སྔ་གཞུག་ཏུ《ཇོ་ནང་པའི་སྐྱེས་ཆེན་དམ་པའི་གསང་རྩོམ་གཅེས་བཏུས》ཁག༨༠ལྷག་ལེགས་སྒྲིག་མཛད་དེ།ཇོ་ནང་པའི་རོལ་དབྱངས་དང་། ཐང་ཀ་སློབ་གཉེར་རྒྱུད་འཛིན།རྒྱ་བོད་ནང་བསྟན་རིག་གཞུང་བགྲོ་གླེང་སོགས་ཀྱི་མཛད་པ་འཕྲིན་ལས་གཉེར་ཞིང་། ལས་དེ་དག་གིས་ལོ་རྒྱུས་དང་མཚན་ཉིད་རིག་པ།སྒྱུ་རྩལ།རང་བྱུང་ཚན་རིགབོད་ལུགས་གསོ་རིགསོགས་ཁྱབ་ཁོངས་ཀྱི་ཞིབ་འཇུག་ལ་དོན་སྙིང་གལ་ཆེན་ལྡན།

འཇམ་དབྱངས་བློ་གྲོས་མཆོག་གི་འབད་བརྩོན་ལྷོད་མེད་བགྱིས་ངོར།ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི“ཇོ་ནང་རོལ་དབྱངས”དེ་སྔར་བས་མ་ལག་ཅན་དང་འཐུས་ཚང་ཅན་གྱི་ལམ་ནས་རྒྱུད་འཛིན་བྱེད་ཐུབ་པ་བྱུང་ཡོད།

དེ་ཡང“ཇོ་ནང་རོལ་དབྱངས”ནི་བོད་བརྒྱུད་ནང་བསྟན་རིག་གཞུང་ཁྲོད་ད་བར་དུ་ཉར་ཚགས་གནང་པའི་གནའ་བོའི་རོལ་ཆས་གྲས་ཀྱི་གཅིག་ཡིན་ལ།དེར་དབྱངས་ཡིག་ཐུན་མོང་མ་ཡིན་པའི་དབྱངས་རྟ་འགོད་སྟངས་ཡོད་པས།གནའ་བོའི་ནང་བསྟན་རོལ་དབྱངས་བརྩམས་ཆོས་དང་རོལ་དབྱངས་ཆ་འཕྲིན་ལ་ཞིབ་འཇུག་བྱེད་པའི་རིག་གནས་གཏེར་མཛོད་དུ་གྱུར་ཡོད་པས་ན།“ཀྲུང་གོའི་རོལ་དབྱངས་ཀྱི་འགྱུར་རྡོ་གསོན་པོ”ཞེས་གྲགས་ཡོད།གནའ་བོའི་རོལ་དབྱངས་ཤིན་ཏུ་དཀོན་པར་གྱུར་བའི་དེང་གི་དུས་འདིར།ཇོ་ནང་པའི་གནའ་བོའི་དབྱངས་རྟར་རོལ་དབྱངས་རིག་གཞུང་གི་དོན་སྙིང་གལ་ཆེན་ལྡན་པ་མ་ཟད།མིའི་རིགས་རིག་པ་དང་།སྐད་བརྡ་རིག་པ།མི་རིགས་རིག་པ། ཆོས་ལུགས་རིག་པ།རིག་གནས་བརྗེ་རེས་སོགས་ཐད་ཀྱང་ཞིབ་འཇུག་རིན་ཐང་ཆེན་པོ་ལྡན་པ་རེད།༢༠༠༨ལོར།འཇམ་དབྱངས་བློ་གྲོས་མཆོག་ནས་འདུས་སྡེ་སྣེ་ཁྲིད་ནས་པེ་ཅིང་སློབ་ཆེན་དང་། ཀྲུང་གོའི་རོལ་དབྱངས་སློབ་ཆེན།ཞི་ཨན་རོལ་དབྱངས་སློབ་ཆེན་སོགས་རྒྱལ་ནང་གི་སློབ་ཆེན་བཅུ་ཕྲག་ལྷག་ལ་རིག་གཞུང་བགྲོ་གླེང་དང་འཁྲབ་སྟོན་བྱེད་པར་ཕེབས་ནས་ཇོ་ནང་པའི་གནའ་བོའི་རོལ་དབྱངས་ཀྱི་མཛེས་སྡུག་ཀུན་གྱི་མཐོང་ལམ་དུ་བསྟར་པར་སྤྱི་ཚོགས་སྟེང་གདེང་འཇོག་ཚད་མེད་ཐོབ།༢༠༠༩ ལོར“ཇོ་ནང་རོལ་དབྱངས”དེ་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སི་ཁྲོན་ཞིང་ཆེན་གྱི་མངོན་མིན་ཤུལ་བཞག་རིག་གནས་མིང་ཐོར་བདམས་ཤིང་།༢༠༡༠ ལོར་རིག་གནས་པུའུ་ཡིས་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་མིང་ཐོར་བདམས་པ་རེད།

ཇོ་ནང་པར་ཡུན་རིང་པའི་ལོ་རྒྱུས་དང་རིག་གནས་ཀྱི་རྨང་གཞི་སྟུག་པོ་ལྡན་ཞིང་།ཐང་ཀ་འབྲི་བཞེངས་སྒྱུ་རྩལ་ལའང་ཐུན་མིན་ཁྱད་ཆོས་ལྡན།ཇོ་ནང་ལུགས་ནི་སྒྲུབ་སྦྱོང་ཁྲོད་འབྲི་བཞེངས་དང་འབྲི་བཞེངས་ཁྲོད་སྒྲུབ་སྦྱོང་གནང་པ་ཞིག་སྟེ།དེར་ཡང་དུས་འཁོར་གྱི་ཐིག་གཙོར་འཛིན་པས་ན་བོད་ཀྱི་སྒྱུ་རྩལ་རིག་གནས་ཁྲོད་རིན་ཐང་དང་གོ་གནས་གལ་ཆེན་ཟིན་ཡོད་པ་མ་ཟད་ཐང་ཀའི་འབྲི་བཞེངས་སྒྱུ་རྩལ་རྩེར་སོན་དུ་བརྩི་བ་རེད།འཇམ་དབྱངས་བློ་གྲོས་མཆོག་ལ་ཕུལ་དུ་བྱུང་པའི་སྒྱུ་རྩལ་གྱི་སྦྱོང་པ་ཐོབ་ཡོད་ཅིང་།ཇོ་ནང་ལུགས་ཀྱི་ཐང་ཀ་བཞེངས་པའི་གོ་རིམ་ཁྲོད་་སྒྱུ་རྩལ་གསར་རྩོམ་དང་ནང་བསྟན་ལག་ལེན་གྱི་འབྲེལ་བར་འཚོལ་ཞིབ་གཏིང་ཟབ་གནང་ཡོད་ཅིང་།༢༠༡༢ ལོ་ནས་ད་བར་དུ།ཁོང་གིས་ཇོ་ནང་ལུགས་ཀྱི་ཐང་ཀ་སྒྱུ་རྩལ་དེ་དགོན་པ་ནས་གྲོང་ཁྱེར་དུ་དྲངས་ནས།པེ་ཅིང་དང་ཧྲང་ཧེ།ཧང་ཀྲུའུ།ཁྲིན་ཏུའུ་སོགས་སུ“ཇོ་ནང་ཐང་ཀ་སྒྱུ་རྩལ་འགྲེམས་སྟོན”གྱི་འཕྲིན་ལས་སྤེལ་བར་ཀུན་གྱིས་བསྔགས་བརྗོད་ཚད་མེད་གནང་གི་འདུག

ནང་བསྟན་རིག་གནས་དར་སྤེལ་དང་ཆབས་ཅིགཁོང་གིས་མཐོ་སྒང་དབུལ་ཕོངས་ས་ཆའི་རིག་གནས་སློབ་གསོའང་ཐུགས་ལས་མ་དོར་བར།གྲོང་ཤང་གི་བར་ཁྱད་དང་།སྲོལ་རྒྱུན་འབྲོག་ལས་རྗེས་ལུས།སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་འགལ་ཟླར་གདོད་གཏོད་ཐུབ་པའི་ལམ་ཁར་འཚོལ་སྙེགས་བྱས་ནས།ལོ་གཞོན་རྣམས་ཀྱི་བདེ་ཐང་འཚར་ལོངས་ལ་ཐུགས་ཁུར་གནང་།ལོ་ངོ་དུ་མའི་འབད་འབུངས་བརྒྱུད།ཁོང་གིས་བཙུགས་པའི“ཇོ་ནང་ཐང་ཀ་རྒྱུད་སྦྱོང་ཁང”དང“བོད་ལུགས་གསོ་རིག་གསོ་སྦྱོང་འཛིན་གྲྭས”རིན་མེད་སྒོས་བྱིས་པ༤༠༠ལྷག་ལ་སློབ་ཁྲིད་གནང་ནས་ཁོ་ཚོའི་མདུན་ལྗོངས་ལ་འོད་སྣང་བསྐྲུན་ཡོད་པ་རེད།

རྒྱུས་ལོན་ལྟར་ན།“ཀྲུང་གོའི་རིག་གནས་མི་སྣ”ནི་ཀྲུང་གོས་ཆེད་དུ་འཛམ་གླིང་ཡོངས་ཀྱི་ཀྲུང་གོ་པའི་རིག་གནས་ཁྱབ་ཁོངས་ཀྱི་མི་སྣ་བདམས་ཐོན་བྱེད་སྒོ་ཞིག་སྟེ།༢༠༠༩ ལོའི་ཟླ ༡༢ པར་དངོས་སུ་འགོ་བརྩམས་པ་ནས་ད་ལོའི་བར་ཐེངས་དྲུག་ལ་སྤེལ་མྱོང་།“༢༠༡༤ ལོའི་ཀྲུང་གོའི་རིག་གནས་མི་སྣ”ནི་ཀྲུང་གོའི་རིག་གནས་ཡར་སྐུལ་ཚོགས་པ་དང་།ཁྱུང་ཆེན་དྲ་བས་གཙོ་སྒྲུབ་མཛད་ཅིང་།གཟེངས་རྟགས་སྤྲོད་པའི་མཛད་སྒོ ༢༠༡༥ ལོའི་ཟླ ༡ པོའི་ཚེས ༦ ཉིན་ལྦུའུ་ཧན་དུ་འཚོག་རྒྱུ་རེད།

འབྲེལ་ཡོད་རྩོམ་ཡིག