ཤེས་རབ། ཐོས་བསམ། བརྩོན་འགྲུས།
ཁ་སང་ནི་སྐྱིད་སྡུག་མཉམ་བསྲེས་ཀྱི་ཉིན་གཅིག་ཡིན། ལ་ལས་ནི་སྐྱེས་ཆེན་འདི་ལྟ་བུ་ཞིག་མེད་སོང་ཟེར་ནས་སྡུག་སྨྲེ་འདོན། ཡང་ཁ་ཅིག་གིས་ནི་མཛད་རྗེས་འདི་ལྟ་བུ་ཞིག་བཞག་སོང་ཟེར་ནས་དགའ་མདོག་སྟོན། གང་ལྟར་ངོ་བོའི་ཆ་ནས་བལྟས་ན་སེམས་པ་གྲང་ཤུར་ཤུར་གྱི་ཉིན་མོ་ཞིག་ཡིན་མོད་ཀྱང་། རྣམ་པའི་ཆ་ནས་བཞག་ན་མགོ་བོ་ལྟག་གེར་དགྱེ་ཡང་ཆོག་ཆོག་ཅིག་རེད།
ཁ་སང་ནི་སྤྱི་ལོ༢༠༡༤ཟླ༡༢པའི་ཚེས༡༦དང་བོད་ཟླ༡༠པའི་ཚེས༢༥ཡིན་ཏེ། བོད་ཅིག་ཡིན་ཙང་ཉིན་འདི་ནི་མ་བཤད་རང་བཞིན་གྱིས་ཤེས་དགོས་པའི་དུས་གལ་ཆེན་ཞིག་ཡིན་ངེས། དེ་བས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་ཞིབ་འཇུག་གླིང་གིས་ཀྱང་། བོད་སྤྱིའི་འགྲོ་ལུགས་དང་ནང་སྒོས་སློབ་གླིང་རང་གི་སྔར་སྲོལ་བཞིན། དགའ་ལྡན་ལྔ་མཆོད་ཆེན་མོ་འདི་ལ་མེ་ཏོག་ཆུང་རུང་ལྷ་རྫས་དང་གུར་གུམ་ཆུང་རུང་སྨན་རྫས་ཀྱི་དོད་དུ། སྐབས་ལྔ་པའི་རྗེ་ཙོང་ཁ་པའི་རྗེས་དྲན་རིག་གཞུང་བགྲོ་གླེང་རིག་པའི་མཆོད་སྤྲིན་ཞེས་པ། ཕྱི་དྲོའི་དུས་ཚོད་བཞིའི་ཐོག་ཏུ། ཝུན་ཧྭ་ཐོག་ཁང་ནུབ་ཀྱི་བརྩེགས་རིམ་གཉིས་པའི་སྙན་ཞུ་ཁང་དུ་དུས་ལྟར་དུ་འཚོགས་ཡོད་ལ། དགེ་རྒན་དང་སློབ་གྲོགས་སོགས་ཚོགས་ཞུགས་མི་སྣ་སོ་སོ་ནས། མ་སྐུལ་དང་བླངས་ངང་བོད་ཀྱི་ལྭ་བ་གྱོན་ཞིང་། དུས་ཚོད་ལ་འཕྱི་འགྱང་མེད་པར་རྗེས་དྲན་ཚོགས་འདུར་ཞུགས། ཐོག་མར་མདོ་འཛིན་པས་རྗེ་ཁོང་ཚང་གི་དམིགས་བརྩེ་མའི་མཆོད་ཕུལ་ཞིང་། རྟེན་འབྲེལ་བསྟོད་པས་སྣ་དྲངས་ཏེ། ཧ་ཅང་རགས་བསྡུས། ཚིག་ཉུང་ཉུང་ཅིག་གིས་རྗེ་ཙོང་པ་ཞེས་པའི་སྐྱེས་བུ་མཆོག་ཏུ་གྱུར་བ་འདི་ཉིད་མཚམས་སྦྱོར་བྱས་ཤིང་། མཇུག་ཏུ་ཡང་ནས་ཡང་དུ་རྣམ་པར་དཔྱོད་ཅིག་དང་། །གོང་ནས་གོང་དུ་བློ་གྲོས་ཁྱད་ཞུགས་ནས། །ཤིན་ཏུ་ཕྲ་བའི་གནས་ཀྱང་རྟོགས་པར་འགྱུར། །ཞེས་པའི་རྨད་བྱུང་ལེགས་བཤད་ཀྱིས་མཆོད་པར་བསྟོད།
རྒན་རིག་པའི་ཁུ་བྱུག
སྐད་གཉིས་གསར་འགྱུར་འཛིན་གྲྭའི་སློབ་གྲོགས་ཚོས《ཡི་གེའི་ཐོབ་ཐང་ཉེར་མཁོ་རབ་གསལ་མེ་ལོང་》བློར་སྐྱོར་བཞིན་པ།
དེ་ནས་བོད་རིག་པ་ཞིབ་འཇུག་གླིང་གི་རྒན་གྲགས་པ་འབྱུང་གནས་སམ་གོ་ཤུལ་གྲགས་པ་འབྱུང་གནས་ཀྱིས་དབུ་འབྱེད་མཛད་སྒོའི་གསུང་བཤད་གནང་ཞིང་།གནད་ཀྱི་དམ་པ་རྡོག་རྡོག་ཅིག་ཉན་མཁན་ལྷན་རྒྱས་ལ་སྐྱེས་སུ་ཕུལ།དེ་བཞིན་རྗེ་ཁོང་གིས་མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས་ཞེས་གསུངས་པ་སྔོན་སོང་གི་སྟེང་ནས། མཆོད་པའི་མཆོག་ཏུ་གྱུར་བ་ཤེས་རབ་ཀྱི་མཆོད་པ་ཡིན་པས། ༢༠༡༤ ལོའི་བོད་སྐད་ཡིག་རྩོམ་རིག་འཛིན་གྲྭས་སློབ་གྲོགས་ཡོངས་ཀྱིས། བོད་ལ་གྲལ་དག་རེ་གྱོན་ཞིང་། ངག་གི་འབྲི་དག་པ། སྐད་ཀྱི་གདངས་གསལ་བ། སྙན་པའི་དབྱངས་འཛོམས་པ་བཅས་ཡོན་ཏན་དུ་མས་སྒོ་ནས། 《རྟེན་འབྲེལ་བསྟོད་པ》མགོ་ནས་མཇུག་བར་ཆད་ལྷག་མེད་པ།འཁྲུལ་བ་མེད་པ་སོགས་ཀྱི་སྒོ་ནས་མཆོད་པའི་ཡོན་དུ་བློ་སྐྱོར་ཕུལ།དེ་ཚགས་སུ་ཆུད་རྗེས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དགེན་ཁུ་བྱུག་གམ་སྟུག་རྒྱའི་བཀའ་སྲུང་མགོན་པོ་ལགས་ཀྱིས། གོ་རིམ་ཡོད་པ་དང་དབྱེ་བ་ཡོད་པའི་ངང་ནས། གཏམ་བཟང་བཞི་དང་སྐུལ་མ་དྲུག་གི་ལེ་ཚན་གྱིས་ཚོགས་ཞུགས་མི་སྣ་ཡོངས་ལ་རྗེས་དྲན་གསུང་བཤད་གནང་། དེའི་རྗེས་སུ་ད་ལོ་གསར་དུ་བཙུགས་པའི་གསར་འགྱུར་སློབ་གླིང་གི་སྐད་གཉིས་གསར་འགྱུར་འཛིན་གྲྭའི་སློབ་གྲོགས་ཡོངས་ཀྱིས། 《ཡི་གེའི་ཐོབ་ཐང་ཉེར་མཁོ་རབ་གསལ་མེ་ལོང》ཞེས་པ། ལྷག་བསམ་ཟོལ་མེད་དང་བརྩེ་བ་དྭངས་མོས། རང་སེམས་མཚོན་པའི་སྐྱེས་སུ་བློ་སྐྱོར་ཕུལ།
དེ་བཞིན་ཚོགས་འདུའི་གོ་རིམ་བཞིན་དུ། བོས་ན་མིང་ཅན་དང་བགོས་ན་སྐལ་ཅན་གྱི་ཞིབ་འཇུག་སློབ་མ་དྲུག་གིས། གསེར་ཕྱིར་བྲག་རི་གསིལ་བའི་བརྩོན་པ་དང་། གསེར་བྱེ་སོ་སོར་འབྱེད་པའི་རྣམ་དཔྱོད་དག་ལ་བརྟེན་ཅིང་། ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱི་སྒོ་ནས། འབད་པ་ལྷུར་བླངས་པའི་དཔྱད་རྩོམ་འབྲས་བུ་དག ཁ་ཁོག་པས་མ་གསང་། གློ་སྒྱུ་མས་མ་བསྐོང་པར། ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཞིང་། དོན་གྱི་གནད་ཀྱིས་ཚིག་གི་དག་ཐོན་པའི་ངང་ནས་དགེ་རྒན་དང་སློབ་གྲོགས་ཡོངས་ལ་ལེགས་སྐྱེས་ཤིག་གི་ཚུལ་དུ་ཕུལ།
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་རྒན་ཚེ་རིང་ཐར།
མཇུག་མཐར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་གླིང་གཙོ་རྒན་ཚེ་རིང་ཐར་ལགས་ནས། ཐེངས་འདིའི་རྗེས་དྲན་ཚོགས་འདུ་འཚོགས་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག ཚོགས་འདུའི་ནང་དོན་ཡོངས་ལ་སྤྱི་བསྡོམས་རགས་ཤིང་བསྡུས་པ་ཞིག་བྱས་ཏེ། ཚོགས་འདུ་མཇུག་རྫོགས་པར་བྱས།
དེ་རྗེས་ཁ་སང་གི་བགྲོ་གླེང་སློབ་གྲོགས་རྣམས་དང་བློ་སྐྱོར་གནང་མཁན་གྱི་སློབ་གྲོགས་ཡོངས་ལ། སེམས་བསམ་པ་མཚོན་བྱེད་ཀྱི་ལེགས་སྐྱེས་རེ་གནང་སྟེ། མགོ་བཀྲ་ཤིས་ཤིང་མཇུག་ཕུན་སུམ་ཚོགས་པའི་སྒོ་ནས། རྗེས་དྲན་ཚོགས་འདུ་ཡོངས་སུ་རྫོགས་སོ། །
ང་ཚོས་རྗེས་སུ་དྲན་དགོས་པ་ནི་སྐྱེས་བུ་དམ་པ་གཅིག་རང་མ་ཡིན་པར། དེ་དང་དེ་འདྲ་བའི་སྐྱེས་ཆེན་ཡོངས་ཡིན། ང་ཚོས་གླེང་གྱིན་པའང་སྐྱེས་བུ་གཅིག་རང་མ་ཡིན་པར། གནམ་གྱིས་ས་བཀབ་པ་ལྟ་བུའི་སྐྱེས་ཆེན་གང་མང་མང་ཞིག་གི་རླབས་ཆེ་བའི་མཛད་པ་འཕྲིན་ལས་ཡིན།ཁ་སང་བཞི་མཆོད་རེད་ལ། དེ་རིང་ལྔ་མཆོད་རེད། ཁྱེད་ཀྱིས་གང་འདྲ་བྱས་ནས་ཅི་འདྲ་མཆོད་ཡོད་ལགས། །
( རྩོམ་འགན་པ། སྒྲོལ་ཚེ།)