དཔལ་ལྡན་དོན་གྲུབ་རྣམ་རྒྱལ(༡༩༢༣ལོའི་ཟླ༥པའི་ཚེས༢༣ཉིན།__༡༩༨༢ལོའི་ཟླ༡པོའི༢༩ཉིན།)ནི་འབྲས་ལྗོངས་ཀྱི་རྒྱལ་རབས༡༢པ་ཡིན་ལ། ཆེས་མཇུག་མཐའི་ཆོས་རྒྱལ་ཡང་ཡིན། ཁོ་རང༡༩༦༣ལོ་ནས༡༩༧༥ལོ་བར་སྲིད་ཁྲིར་བཞུགས།
ཁོ་བོ་ནི་རྒྱལ་པོ་བཀྲ་ཤིས་རྣམ་རྒྱལ་གྱི་སྲས་གཉིས་པ་ཡིན་ལ། གཞོན་ནུའི་དུས་སུ་རྒྱ་གར་གྱི་ཀ་ལིམ་ཕོང(Kalimpong)ནས་དམག་དོན་སྐོར་ལ་སློབ་སྦྱོང་བྱས། ཕྱིས་སུ་ཡབ་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་སྐུ་སྙུན་པས་ཁོས་ཕ་ཤུལ་བུས་བཟུང་སྟེ་རྒྱལ་སྲིད་བསྐྱངས། ༡༩༤༧ལོ་རྒྱ་གར་དབྱིན་ཇིའི་བཙན་དབང་ལས་གྲོལ་ཏེ་རང་བཙན་ཐོབ་ཅིང་། འབྲས་ལྗོངས་དང《མིག་སྔའི་གནས་བབས་རྒྱུན་སྲིང་བའི་སྐོར་གྱི་གྲོས་ཆོད།》ཅེས་པ་བཞག༡༩༤༩ལོ་འབྲས་ལྗོངས་ཀྱི་མང་ཚོགས་ཀྱིས་རྒོལ་གཏམ་བཏང་རྐྱེན། རྒྱ་གར་གྱིས་འབྲས་ལྗོངས་ལ་དམག་མངགས་ཤིང་རྒྱ་གར་བ་ལཱ་ཨར་འབྲས་ལྗོངས་ཀྱི་དབུ་བཞུགས་བློན་ཆེན་དུ་བསྐོས། ༡༩༥༠ལོ《རྒྱ་གར་དང་འབྲས་ལྗོངས་ཀྱི་བདེ་འཇགས་ཆིངས་ཡིག》ཅེས་པ་བཞག་པས་འབྲས་ལྗོངས་རྒྱ་གར་གྱི་བསྲུང་བྱའི་རྒྱལ་ཁབ་ཏུ་གྱུར།
སྲིད་སྐྱོང་བའི་སྐབས།
༡༩༦༣ལོ་རྒྱལ་པོ་འདི་དང་ཨ་རི་བ་ཧུ་ཕུ.ཁོར་ཁི་བྱ་བ་གཉིས་ཀྱིས་གཉེན་སྟོན་གྱི་མཛད་སྒོ་སྤེལ་བས། ཧི་མ་ལ་ཡའི་འདབས་སུ་ཆགས་པའི་རྒྱལ་ཁབ་ཆུང་ཆུང་འདི་ཉིད་གསར་འགྱུར་བརྒྱུད་ནས་འཛམ་གླིང་ལ་གྲག དུས་ཡུན་རིང་བོར་མ་སོང་བར། དཔལ་ལྡན་དོན་གྲུབ་རྣམ་རྒྱལ་སྲིད་ཁྲིར་བཞུགས་ནས་ཡབ་རྒྱལ་པོའི་སྲིད་ཀྱི་མཛད་པ་རང་ཕྲག་ཏུ་བླངས།
དཔལ་ལྡན་དོན་གྲུབ་རྣམ་རྒྱལ་གྱིས་འབྲས་ལྗོངས་རྒྱ་གར་གྱི་མངའ་ཁོངས་ལས་གྲོལ་ཏེ་རང་བཙན་རྒྱལ་ཁབ་ཅིག་ཏུ་འཁྱོངས་ན་བསམས་ཡོད་པའི་ཁར། ༡༩༦༨ལོའི་ཟླ༨པར། འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཐོག་ཏུ་རྒྱ་གར་གྱི་ཚོད་འཛིན་ལ་ངོ་རྒོལ་བྱེད་པའི་རྔམ་སྟོན་ཁྲོམ་སྐོར་བྱས་པས། དཔལ་ལྡན་དོན་གྲུབ་ཀྱིས་ཐེངས་འདིའི་ཁྲོམ་སྐོར་ལ་རྒྱབ་སྐྱོར་བྱས་པར་མ་ཟད།《རྒྱ་གར་དང་འབྲས་ལྗོངས་ཀྱི་བདེ་འཇགས་ཆིངས་ཡིག》དོར་རྒྱུའི་རེ་བ་བཏོན། ༡༩༧༣ལོའི་ཟླ༤པར་རྒྱ་གར་གྱིས་འབྲས་ལྗོངས་ལ་དམག་ཕོན་ཆེན་སྤོས་ཤིང་འབྲས་ལྗོངས་ཧྲིལ་པོ་བཙན་འཛིན་བྱས། ཕྱི་ལོ་འབྲས་ལྗོངས་དབྱི་ཧའེ་གྲོས་ཚོགས་ཐོག་རྒྱ་གར་གྱིས་འཆར་འགོད་ཀྱིས་གཏན་ལ་ཕབ་པའི་རྩ་ཁྲིམས་དང་ལེན་བྱས་ཤིང་། རྒྱ་གར་གཞུང་ནས་མངག་པའི་དབུ་བཞུགས་སྲིད་འཛིན་དཔོན་པོས་འབྲས་ལྗོངས་སྲིད་གཞུང་གི་སྤྱི་ཁྱབ་དང་དབྱི་ཧུའེ་གྲོས་ཚོགས་ཀྱི་འགོ་གཙོའི་འགན་འཁུར་རྒྱུ་བྱས། དེ་ལོའི་ཟླ༩པར《རྒྱ་གར་རྩ་ཁྲིམས་ཀྱི་དག་བཅོས་འཆར་ཟིན》དུ་འབྲས་ལྗོངས་ནི་རྒྱ་གར་གྱི་མཉམ་འབྲེལ་གྱི་རྒྱལ་ཁབ་ཡིན་པར་གཏན་ལ་ཕབ་པས། རྒྱ་གར་གྱིས་འབྲས་ལྗོངས་ལ་དངོས་སུ་དབང་བསྒྱུར།
༡༩༧༥ ལོ་རྒྱ་གར་གཞུང་དམག་གིས་འབྲས་ལྗོངས་ཀྱི་ཕོ་བྲང་བཙན་བཟུང་བྱས་ལ་འབྲས་ལྗོངས་ཀྱི་རྒྱལ་པོ་དཔལ་ལྡན་དོན་གྲུབ་ཕོ་བྲང་ནས་བཟང་བཙོན་བྱས། ཆེར་མ་སོང་བར་ཁོ་བོའི་གོ་གནས་ཕབ་ཅིང་འབྲས་ལྗོངས་རྒྱ་གར་གྱི་མཉམ་འབྲེལ་རྒྱལ་ཕྲན་ཞིག་ཡིན་པ་ཁྱབ་བསྒྲགས་བྱས།
ཨ་རིར་བཙན་བྱོལ་དུ་ཕྱིན་པ།
རྒྱ་གར་གྱིས་འབྲས་ལྗོངས་བཙན་བཟུང་བྱས་ནས་ཆེར་མ་སོང་བར་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་ཨ་རིར་བཙན་བྱོལ་དུ་ཕྱིན་ལ། ཁོས་ཨ་རི་ནས་རྒྱ་གར་གྱིས་འབྲས་ལྗོངས་བཙན་བཟུང་བྱས་པ་ནི་ཁྲིམས་འགལ་ཡིན་ལུགས་ཀྱི་འབོད་སྐུལ་སོགས་ཀྱིས་འབྲས་ལྗོངས་ཀྱི་རང་དབང་སླར་གསོའི་ཆེད་དུ་འབད་བརྩོན་བྱས་ཡོད་མོད། དེ་དུས་འཛམ་གླིང་རྒྱལ་ཁབ་དག་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མ་གཏོགས་ཁོ་བོར་རྒྱབ་སྐྱོར་བྱེད་མཁན་མ་བྱུང་།
༡༩༨༠ ལོ་དཔལ་ལྡན་དོན་གྲུབ་རྣམ་རྒྱལ་དང་ཁོའི་ལྕམ་མོ་ཨ་རི་བ་ཧུ་ཕུ.ཁོར་ཁི་གཉིས་བཟང་ཚང་ཐོར།
༡༩༨༢ ལོའི་ཟླ ༡ པོའི་ཚེས ༢༩ ཉིན། དཔལ་ལྡན་དོན་གྲུབ་རྣམ་རྒྱལ་ཨ་རིའི་ཉིག་ཡོག་གྲོང་ཁྱེར་དུ་སྐུ་གཤེགས་ལ། ཁྲིམས་འཛུགས་གྲོས་ཚོགས་ཀྱི་ཁོངས་མི ༣༡ གིས་ཁ་བཏགས་བཏེགས་ནས་གདུང་མཇལ་བྱས།
དཔལ་ལྡན་དོན་གྲུབ་རྣམ་རྒྱལ་སྐུ་གཤེགས་རྗེས་ཁོའི་སྲས་གཉིས་པ་དབང་ཕྱུག་བསྟན་འཛིན་རྣམ་རྒྱལ་གྱིས་འབྲས་ལྗོངས་ཀྱི་རྒྱལ་སྲིད་ཕྲག་ཏུ་བཞེས་མོད། ༢༠༠༣ ལོ་ཀྲུང་གོས་རྒྱ་གར་གྱིས་ཀྲུང་གོའི་བོད་ལྗོངས་ཀྱི་བདག་དབང་ཁས་ལེན་བྱ་ཕྱིར་རྒྱ་གར་ལ་འབྲས་ལྗོངས་ཀྱི་བདག་དབང་ཡོད་པ་ཁས་ལེན་བྱས་པས། འབྲས་ལྗོངས་ཀྱི་བཙན་བྱོལ་སྲིད་གཞུང་གྲོགས་མེད་ཁེར་རྐྱང་དུ་ལུས་སོ། །
( རྩོམ་འགན་པ། སྒྲོལ་ཚེ།)