ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

འཛམ་གླིང་རྒྱལ་ཁབ་གཞན་དག“རྩ་ཁྲིམས་ཉིན་མོ”ལ་རོལ་ཚུལ་བཤད་པ།

2015-04-29

རྒྱལ་ཁབ་ཁག་གིས་རྩ་ཁྲིམས་ཉིན་མོ་གཏན་འཁེལ་བྱས་ཏེ་ཉིན་དེ་ནི་རྩ་ཁྲིམས་གཙོ་བོར་འཛིན་པའི་ཁྲིམས་ལུགས་ཀྱི་ཤེས་བྱ་དྲིལ་སྒྲོག་དང་ཁྲིམས་སྐྱོང་གོ་རྟོགས་མཐོ་རུ་གཏོང་བའི་གོ་སྐབས་ལེགས་ཤོས་ལ་ངོས་འཛིན་བྱེད། ཉིན་དེར་འགྲོ་བ་མིའི་ཁེ་དབང་དང་འོས་འགན་སྐོར་གྱི་ཤེས་བྱ་སྤེལ་ན་སྤྱིར་བཏང་གི་དུས་ཚོད་གཞན་དག་གི་ལས་འགུལ་ལས་དོན་སྙིང་ཆེ་བ་ཡོད་པར་བརྩི་བ་རེད།

སྤྱི་ཟླ ༡༡ པའི་ཚེས ༡ ཉིན་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ཚོགས་འདུ་ཐེངས་བཅུ་གཅིག་པ་མཇུག་སྒྲིལ་བ་དང་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཚོགས་འདུའི་རྒྱལ་ཁབ་རྩ་ཁྲིམས་ཉིན་མོ་གཏན་ཁེལ་གྱི་འཆར་ཟིན་ལ་གྲོས་འཆམ་བྱུང་སྟེ་ལོ་རེའི་ཟླ ༡༢ པའི་ཚེས ༤ ཉིན་རྒྱལ་ཡོངས་རྩ་ཁྲིམས་ཉིན་མོར་གཏན་ཁེལ་བྱས་ཤིང་དེ་རིང་ནི་རང་རྒྱལ་གྱིས་རྒྱལ་ཡོངས་རྩ་ཁྲིམས་ཉིན་མོ་གཏན་འཁེལ་བྱས་ཚུན་གྱི་རྩ་ཁྲིམས་ཉིན་མོ་ཐོག་མ་དེ་ཡིན།

རྩ་ཁྲིམས་ནི་རྒྱལ་སྲིད་ཆོས་བཞིན་སྐྱོང་བའམ་ཁྲིམས་བཞིན་རྒྱལ་ཁབ་སྲུང་བ་ལ་མེད་དུ་མི་རུང་བའི་རྩ་འཛིན་དེ་ཡིན་ཞིང་སྲིད་དབང་ཁྲིམས་མཐུན་དང་ཁེ་དབང་ལུགས་མཐུན་ཡིན་མིན་གྱི་རྩ་བའི་བདེན་དཔང་ཡིན་པས་ཁྲིམས་རིགས་མཁས་པ་ཚོས་དེར་རྒྱལ་ཁབ་ཀྱི་མ་ཁྲིམས་ཞེས་སུ་འབོད། རྒྱལ་ཁབ་ཀྱི་སྤྱི་པའི་ལས་དོན་ཁྲོད་ཀྱི་དབང་ཆ་ཡོད་ཚད་རྩ་ཁྲིམས་དང་མཐུན་དགོས་ཤིང་རྩ་ཁྲིམས་དང་རྒྱབ་འགལ་དུ་གྱུར་བའི་བྱ་སྤྱོད་ཡོད་ཚད་མི་དམངས་དང་དགྲ་ཟླར་ལངས་པའི་རྟགས་མཚན་ཡིན། འོན་ཀྱང་འཛམ་གླིང་གི་རྒྱལ་ཁབ་ཕལ་མོར་ཆེར་རྩ་ཁྲིམས་ཡོད་རུང་དེའི་ལག་ལེན་གྱི་གོ་རིམ་དང་དོན་འཁྱོལ་ཐུབ་ཡོད་མེད་ལ་བར་ཁྱད་ཆེན་པོ་ཡོད་ཅིང་རྩ་ཁྲིམས་གྱི་གནས་བབ་དང་དེའི་ལག་ལེན་གྱི་རིན་ཐང་ལས་རྒྱལ་ཁབ་གང་དེའི་ཁྲིམས་སྐྱོང་གི་གནས་ཚུལ་དང་ཤེས་དཔལ་གྱི་གནས་ཚུལ་རྟོགས་ནུས།

འཛམ་གླིང་ཐོག་གི་རྩ་ཁྲིམས་མངའ་བའི་རྒྱལ་ཁབ་ཕལ་མོ་ཆེར་རྒྱལ་ཁབ་དེ་རང་གི་རྩ་ཁྲིམས་ཉིན་མོ་གཏན་འཁེལ་བྱས་ཡོད་པ་དང་དམིགས་བསལ་གྱི་ཉིན་དེ་བེད་སྤྱད་ནས་རྒྱལ་ཡོངས་སུ་རྩ་ཁྲིམས་ཀྱི་འདུ་ཤེས་ཁྱབ་གདལ་གཏོང་བ་དང་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པའི་རྣམ་པ་སྣ་ཚོགས་པའི་ལམ་ནས་ལས་འགུལ་འདྲ་མིན་སྤེལ་གྱིན་ཡོད། རྩ་ཁྲིམས་གྱི་རྩ་བའི་ནུས་པ་ནི་སྲིད་འཛིན་མ་ལག་ལ་གཅུན་སྡོམ་དང་མི་སེར་གྱི་ཁེ་དབང་བདག་སྲུང་བྱ་རྒྱུ་དེ་ཡིན་ཞིང་སྒེར་གཅོད་ཀྱི་རྒྱལ་ཁབ་ཁག་ཏུ་རྩ་ཁྲིམས་གླེང་ན་རང་སྣང་གང་ཤར་གྱི་བགྱི་བར་འཇུག་པའི་མུན་ནག་གི་སྲིད་འཛིན་མཁན་དག་བླ་རྩ་འཕག་འཕག་ཏུ་འདར་བའི་རྒྱུ་རྐྱེན་ཡང་དེ་ལ་ཐུག་ཡོད་དོ།

ཨ་མེ་རི་ཁ། སྲིད་འཛིན་གྱི་གཏམ་བཤད་དང་གནས་སྤོ་བའི་ཁེ་དབང་།

ཨ་རིའི་རྩ་ཁྲིམས་ཉིན་མོ་ནི་ལོ་རེའི་ཟླ ༩ པའི་ཚེས ༡༧ ཉིན་ཡིན་པ་དང་ཉིན་དེ་ནི་ཏག་ཏག་ཨ་རིའི་རྩ་ཁྲིམས་ལ་མིང་རྟགས་བཀོད་པའི་དྲན་གསོའི་ཉིན་མོར་ཁེལ་ཡོད། རྒྱལ་ཕྲན་མཉམ་འབྲེལ་ལས་ཁུངས་ནས་ཉིན་དེར་ལས་མི་ཚོར་རྩ་ཁྲིམས་སློབ་གསོ་དང་སྦྱོར་བརྡར་གྱི་དཔྱད་གཞིའི་ཡིག་ཆ་འགྲེམ་སྤེལ་བྱེད་པའི་འོས་འགན་ཡོད་པ་དང་ལྷག་པར་མཉམ་འབྲེལ་ལས་ཁུངས་ཀྱི་དངུལ་རྩའི་རོགས་སྐྱོར་ཐོབ་པའི་སློབ་གསོའི་སྡེ་ཁག་དག་ཏུ་རྩ་ཁྲིམས་དང་འབྲེལ་བའི་དྲིལ་སྒྲོག་ལས་འགུལ་སྤེལ་རྒྱུའི་ལས་གཞི་གཏན་འབེབས་བྱས་ཡོད།

གསར་ཞུགས་གནས་སྤོ་བའི་སྤྱི་དམངས་ཐོབ་ཐང་ངོས་འཛིན་གྱི་མཛད་སྒོ་ཉིན་དེར་མཉམ་དུ་འཚོགས་པའི་སྲོལ་རྒྱུན་ཡོད་ཅིང ༢༠༡༢ ལོའི་ཟླ ༩ པའི ༡༧ ཉིན་རྒྱལ་ཁབ་མི་འདྲ་བ ༦༩ ནས་ཡོང་བའི་ཨ་རིའི་སྤྱི་དམངས ༢༢༥ ལ་ཝ་ཧྲིང་ཐོན་ན་ཡོད་པའི་ཨ་རིའི་རྒྱལ་ཁབ་ཡིག་ཚགས་ཁང་དུ་མཚན་ལྡན་སྤྱི་འབངས་ཀྱི་ཐོབ་མིང་བསྩལ་བའི་མཛད་སྒོ་འཚོགས་པ་རེད། ཉིན་དེར་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་ལས་ཁུངས་ཀྱི་འགན་འཛིན་ཅཱ་ནེད་ཐཱ་ནཱ་པོ་ལི་ཐཱ་ནོ་རྩ་ཁྲིམས་ཉིན་མོའི་མཛད་སྒོར་ཕེབས་ཡོད་ཅིང་མོས་བརྗོད་རྒྱུར"རྩ་ཁྲིམས་མཆན་འགོད་ཀྱི་དྲན་གསོའི་ཉིན་མོ་འདི་ངེད་ཚོའི་ཁེ་དབང་དང་འོས་འགན་དྲན་གསོ་བྱེད་པའི་ཉིན་མོར་གྱུར་བར་བརྩོན་དགོས་ལ་དེ་དག་ནན་བཤད་བྱེད་པའི་གལ་ཆེའི་རང་བཞིན་ཡང་རྟོགས་དགོས། ཉིན་འདིར་ངེད་ཚོས་རྒྱལ་ཁབ་གཞན་ནས་གནས་སྤོར་ཡོང་བའི་མི་དམངས་ཀྱིས་རྒྱལ་ཁབ་འདིར་ཕུལ་བའི་ལེགས་སྐྱེས་ལ་བསྔགས་བརྗོད་དང་གོང་བཀུར་བྱེད་རུང་བ་ཡིན"ཞེས་ཟེར། ཉིན་དེར་ཨ་རིའི་སྲིད་འཛིན་ནས་ཀྱང་གལ་ཆེའི་གཏམ་བཤད་སྤེལ་གྱི་ཡོད།

ནོར་ཝེ། མི་དམངས་ཀྱིས་ཁྲོམ་སྐོར་དང་གོང་མ་ཚང་གིས་གཟིགས་སྐོར།

ནོར་ཝེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོའི་མིང་གཞན་ལ་ཟླ ༥ པའི་ཚེས ༡༧ གྱི་དུས་སྟོན་ཞེས་ཀྱང་ཟེར། ཉིན་འདི་ནི་ནོར་ཝེ་ཡི་རྒྱལ་སྟོན་དུས་ཆེན་དང་དུས་གཅིག་ཏུ་འཁེལ་བས་གཞུང་ཕྱོགས་ནས་བཀོད་སྒྲིག་བྱས་པའི་ལོ་གཅིག་དུས་གཅིག་གི་ངལ་གསོའི་དུས་ཚོད་ཀྱང་ཡིན། ཤིན་ཏུ་འཁྲུག་ཆ་དོད་པའི་སྟོན་མོ་དེའི་ཐོག་སྐྱེ་བོ་རྒན་དར་གཞོན་གསུམ་གྱིས་ལུས་ལ་འཕྱོར་གོས་སྤྲས་ནས་ཁྲོམ་གཞུང་དུ་འདུ་འགོད་ལ་རོལ་བ་དང་ཚོན་མདོག་དང་རྣམ་པ་མི་གཅིག་པའི་མི་རིགས་ཀྱི་སྲོལ་རྒྱུན་ཕྱུ་པ་དང་སྟོད་ལྭ་སོགས་ཀྱི་ཐོག་ཏུ་མཛེས་པའི་རིས་དབྱིབས་སྣ་ཚོགས་ཀྱིས་ཕྲ་འདེབས་པ། ཁྲོམ་སྐོར་བའི་རུ་སྣེ་སློབ་གྲྭ་ཆུང་འབྲིང་གི་སློབ་མས་གྲུབ་པའི་རོལ་མོའི་རུ་ཁག་གིས་འདྲེན་པ་དང་དེའི་རྗེས་སུ་ས་དེ་གའི་མང་ཚོགས་རྗེས་སྙེགས་ནས་གོང་མ་ཚང་གི་ཕྱོགས་སུ་གོམ་བགྲོད་བྱེད། ཞོགས་པའི་ཆུ་ཚོད་བཅུ་པ་ནས་ཁྲོམ་སྐོར་གྱི་བྱེད་སྒོ་འགོ་འཛུགས་པ་དང་མི་དམངས་ཀྱི་འབོར་གྲངས་ཇེ་ཆེར་འགྲོ་བ་དང་བསྟུན་ལག་ཏུ་རྒྱལ་དར་བཟུང་སྟེ་ཕྲུ་གུ་དང་བྱིས་པའི་རྩེད་འཇོ་དང་དགོད་སྒྲའི་ཁྲོད་གོང་མ་ཚང་ལ་དུས་ཆེན་གྱི་འཚམ་འདྲིའི་ཤིས་ཚིག་བརྗོད་པ་དང་གོང་མ་ནས་ཚོས་གཞི་ནག་པོ་ལས་གྲུབ་པའི་དུས་ཆེན་གྱི་ཕྱུ་པ་དང་ཞྭ་མོའི་གཟབ་གོས་མནབས་ནས་གཟིགས་སྟེགས་དཀྱིལ་དུ་བཞུགས་པ་དང་གཡས་ངོས་སུ་གཟབ་གོས་དམར་པོ་བཀླུབས་པའི་བཙུན་མོ་དང་སྲས་དང་སྲས་མོ་འཁོར་བཅས་བཞུགས་ནས་དུས་ཆེན་ལ་མཉམ་རོལ་བྱེད་པ་རེད།

ཐེ་ལན། གླང་པོ་ཆེ་ལ་མེ་ཏོག་གི་མགུལ་རྒྱན་ཕུལ་ནས་དུས་ཆེན་ལ་སྲུང་བརྩི་བྱེད་བ།

ལོ་ལྟར་ཟླ ༡༢ པའི་ཚེས ༡༠ ཉིན་ནི་ཐེ་ལན་གྱི་རྩ་ཁྲིམས་དྲན་གསོའི་ཉིན་མོ་རེད། ཉིན་དེར་ཐེ་ལན་གྱི་སྲིད་གཞུང་ཁག་གི་གལ་ཆེའི་མི་སྣ་དང་ཆབ་སྲིད་མཁས་ཅན་དག་མི་དམངས་དང་མཉམ་དུ་འདུས་ནས་སྤྱི་ལོ ༡༩༣༢ ལོར་ཐེ་ལན་གྱི་གོང་མ་ཁྲི་རབས་བདུན་པས་འགོ་འཁྲིད་དེ་དམངས་གཙོའི་རྩ་ཁྲིམས་སྒྲིག་འཛུགས་གི་ལས་འགུལ་ཐོག་མ་སྤེལ་བར་དྲན་གསོ་བྱེད་པ་རེད།ཉིན་དེར་ཐེ་ལན་གོང་མའི་དྲན་གསོའི་རྡོ་རིང་མདུན་དུ་སྲིད་གཞུང་གི་ལས་སྒྲུབ་པ་དང་ཆབ་སྲིད་པ། སྤྱིར་བཏང་མི་སེར་དཀྱུས་མ་སྟོང་ཕྲག་འདུས་ནས་ཐེ་ལན་གོང་མ་ཁྲི་རབས་བདུན་པའི་སྐུ་འདྲར་མེ་ཏོག་གི་མགུལ་རྒྱན་བསྒྲོན་པ་དང་གོང་མ་ཚང་གི་ཁོངས་མིས་ཀྱང་རྒྱལ་ཚོགས་ཐོག་ཁང་མདུན་དུ་མེ་ཏོག་གི་མཆོད་པ་འབུལ་གྱི་ཡོད།

ཕོ་ལན།དཔའ་བོ་ལ་དྲན་གསོ་དང་བྱས་རྗེས་ཅན་ལ་གཟེངས་བསྟོད།

ཟླ ༥ པའི་ཚེས ༣ ཉིན་ནི་ཕོ་ལན་རྒྱལ་ནང་དུ་རྩ་ཁྲིམས་ཐོག་མ་དེ་གྲོས་འཆམ་ཁྱབ་བསྒྲགས་བྱས་པའི་ཉིན་མོ་ཡིན་པ་དང་དེ་ནི་ཕོ་ལན་རྩ་ཁྲིམས་ཉིན་མོ་ཡང་ཡིན་པ་རེད། ༡༧༩༡ ལོར་ཕོ་ལན་གྱི་ལོ་བཞིའི་གྲོས་ཚོགས་ནས་སྤྱི་མཐུན་ཏང་ནང་ཁུལ་འབྲེལ་བར་འགྱུར་བཅོས་གཏང་རྒྱུའི་ཆེད་ཕོ་ལན་ལོ་རྒྱུས་ཐོག་གི་རྩ་ཁྲིམས་ཐོག་མ་དེར་གྲོས་མཐུན་ཆོག་མཆན་བཀོད། རྩ་ཁྲིམས་ནང་དུ་རྒྱལ་ཁབ་ཀྱི་སྲིད་དབང་ལམ་ལུགས་དང་མི་དམངས་ཀྱི་ཁེ་དབང་དང་འོས་འགན་གང་ཡིན་ཐད་གཏན་འབེབས་ཁ་གསལ་བྱས་པ་དང་འདི་ནི་ཨ་རིའི་རྗེས་ཀྱི་འཛམ་གླིང་གི་རྩ་ཁྲིམས་ཨང་གཉིས་པ་དེ་ཡིན་པ་རེད།

ལོ་ལྟར་ཟླ ༥ པའི་ཚེས ༣ ཉིན་ཕོ་ལན་ཌིའི་རྒྱལ་ས་ཝར་སོ་རུ་དུས་སྟོན་ལ་དགའ་གཏོང་བྱེད་པ་དང་ཉིན་དེར་སྲིད་འཛིན་ནས་སྤྱི་ཚོགས་ཐོག་གི་མིང་མེད་དཔའ་བོའི་རྡོ་རིང་ལ་མེ་ཏོག་གི་ཕྲེང་བ་བསྒྲོན་པ་དང་སྲིད་འཛིན་ཐོག་ཁང་དུ་གཟེངས་བསྟོད་མཛད་སྒོ་འཚོགས་པ་རེད།༢༠༠༩ ལོར་ཕོ་ལན་རྒྱལ་ཡོངས"རྩ་ཁྲིམས་ཉིན་མོ"རྒྱལ་ས་ཝར་སོ་རུ་འདུས་པ་དང་རྩ་ཁྲིམས་ཉིན་མོའི་ཐོག་ཏུ་དམག་གཟིགས་མཛད་སྒོ་ཡང་དུས་མཉམ་དུ་འཚོགས། དམག་གཟིགས་མཛད་སྒོར་དུས་རབས ༡༨ པ་དང ༡༩ པའི་སྲོལ་རྒྱུན་རྐང་དམག་དང་རྟ་དམག དམག་གསུམ་གཟབ་སྦྲེང་རུ་ཁག དེ་བཞིན་ཉེན་རྟོག་དཔུང་སྡེ་དང་བྱིས་དམག་སོགས་ཀྱི་དཔུང་ཁག་ཡང་ཞུགས་ཡོད། དམག་མིའི་རུ་ཁག་ཝར་སོ་གྲོང་ཁྱེར་གྱི་ཕོ་བྲང་ཐང་ཆེན་ནས་འགོ་བཙུགས་ཏེ་རྒྱལ་ཚང་ལམ་ཆེན་རྒྱུད་ཕོ་ལན་གྲོང་ཁྱེར་དཀྱིལ་སྙིང་དུ་གོམ་བགྲོད་བྱེད་པ་དང་ལམ་གཡས་གཡོན་གྱི་ལྟ་སྐོར་བར་སྒྱུ་རྩལ་འཁྲབ་སྟོན་དང་དགའ་འབོད་ཁྲོད་ནས་དུས་སྟོན་ལ་དགའ་གཏོང་བྱེད་པ་རེད། ཉིན་དེར་ཕོ་ལན་དུ་གནས་སྡོད་བྱེད་པའི་ཕྱི་རྒྱལ་གྱི་ཡུལ་མི་ཚོས་ཀྱང་ཟླ ༥ པའི་ཚེས ༣ ཉིན་མཉམ་གཅིག་ཏུ་རང་ཉིད་ཀྱི་དུས་ཆེན་དུ་བརྩིས་ནས་མཉམ་རོལ་བྱེད།

ཨུ་རུ་སུ། སྲིད་འཛིན་གྱི་གཏམ་བཤད་དང་མི་དམངས་ཀྱི་ཁྲོམ་སྟོན། ད་དུང་མཛེས་མ་དཔྱད་འདེམས་འདུ་ཚོགས།

ལོ་རེའི་ཟླ ༡༢ པའི་ཚེས ༡༢ ཉིན་ནི་ཨུ་རུ་སུའི་རྩ་ཁྲིམས་ཉིན་མོ་ཡིན་པ་དང་སྤྱི་ལོ ༢༠༠༥ ལོ་ནས་བཟུང་འཆར་ཅན་ངལ་གསོའི་ཉིན་མོར་གཏན་འཁེལ་བྱས་པ་རེད། རྩ་ཁྲིམས་ལ་རྒྱལ་ཁབ་དེའི་མི་དམངས་ཀྱི་ངོས་ནས་བཤད་ན་ཆེས་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། ཉིན་དེར་ཨུ་རུ་སུའི་རྒྱལ་ཡོངས་སུ་རྣམ་པ་མི་འདྲ་བའི་རྩ་ཁྲིམས་ཉིན་མོའི་དྲན་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་ལས་འགུལ་དེ་དག་བརྒྱུད་ནས་ཨུ་རུ་སུའི་མི་དམངས་ཀྱི་རྩ་ཁྲིམས་ཀྱི་གོ་རྟོགས་དང་མནའ་འབྲེལ་སྲིད་གཞུང་གི་ལྟ་བ་དྲིལ་སྒྲོག་ལ་ནུས་པ་ཆེན་པོ་ཐོན་ཡོད། དེ་དང་དུས་མཚུངས་སྤྱི་ཚོགས་ཀྱི་དུས་བདེ་དང་མི་དམངས་ཀྱི་འཚོ་བར་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཡང་མི་ཉུང་བ་ཐེབས་སུ་བཅུག་ཡོད། ཉིན་དེར་ཨུ་རུ་སུའི་གྲོང་ཁྱེར་ཁག་ཏུ་སྲིད་འཛིན་གྱིས་གཏམ་བཤད་སྤེལ་བ་དང་མང་ཚོགས་ཀྱིས་ཁྲོམ་སྐོར་བྱེད་པ། ཐ་ན་མཛེས་མའི་དཔྱད་འདེམས་སོགས་ཀྱི་བྱེད་སྒོ་སོགས་སྤེལ་ཏེ་དུས་ཆེན་ལ་དགའ་གཏོང་བྱེད།

༢༠༠༨ ལོར་མནའ་འབྲེལ་སྲིད་གཞུང་ནས་རྩ་ཁྲིམས་ལ་གྲོས་ཆོད་བྱུང་བའི་ལོ་འཁོར ༡༥ པའི་དྲན་གསོའི་ཉིན་མོར "རྩ་ཁྲིམས་སྲས་མོ"འོས་བསྡུ་བྱེད་པའི་ལས་འགུལ་ཡང་སྤེལ་མྱོང་བ་རེད། ༢༠༡༣ ལོར་ཨུ་རུ་སུ་སྲིད་གཞུང་ནས་མཉམ་འབྲེལ་ཨུ་ཡོན་ཚོགས་འདུའི་ཐོག་ལོ་འཁོར་རྒྱལ་དོན་གནས་ཚུལ་ཁག་སྤྱི་ཚོགས་སུ་བསྒྲགས་པ་བཅས་སྲིད་གཞུང་དང་དམངས་ཁྲོད་ཀྱིས་རྣམ་པ་མི་འདྲ་བའི་ཐོག་ནས་རྩ་ཁྲིམས་ཉིན་མོར་དྲན་གསོའི་ལས་འགུལ་སྤེལ།

འབྲེལ་ཡོད་རྩོམ་ཡིག