ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

བོད་རིག་པའི་མཁས་པ་འབྲོང་བུ་ཚེ་རིང་རྡོ་རྗེའི་རིག་གཞུང་ཞིབ་འཇུག་གི་བསམ་བློ་དང་གྲུབ་འབྲས་སྐོར་གླེང་བ།

2016-12-02 དོ་རྒྱ་དབང་དྲག་རྡོ་རྗེ།

  ནང་དོན་གནད་བསྡུས། རྩོམ་འདིར་བོད་རིག་པའི་མཁས་པ་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ཀྱི་བསམ་བློའི་མཚོན་བྱེད་རང་བཞིན་ལྡན་པའི་བརྩམས་ཆོས་ཁག་ཅིག་དང་། ཁོང་གིས་ཇུས་འགོད་དང་རྩོམ་སྒྲིག་བྱས་པའི་དཔེ་དེབ་དག་ལ་བརྟེན་ནས། འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ཀྱི་རིག་གཞུང་ཞིབ་འཇུག་གི་བཤུལ་ལམ་དང་། རིག་གཞུང་བསམ་བློ། བོད་རིག་པའི་ཞིབ་འཇུག་གི་ཕྱོགས་སུ་ཕུལ་བའི་གྲུབ་འབྲས་སྐོར་རོབ་ཙམ་གླེང་ཡོད།
བརྡ་ཆད་གཙོ་བོ། འབྲོང་བུ་ཚེ་རིང་རྡོ་རྗེ། རིག་གཞུང་བསམ་བློ། གྲུབ་འབྲས།

སྔོན་འགྲོའི་གཏམ།

  སྤྱི་ལོ་2015ལོའི་སྤྱི་ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན་ནི་བོད་རིག་པའི་མཁས་པ་འབྲོང་བུ་ཚེ་རིང་རྡོ་རྗེ་(1964-2015)མཆོག་འཇིག་རྟེན་འདི་དང་ཞལ་གྱེས་པའི་ཉིན་མོ་ཞིག་ཡིན། ཁོང་ནི་དེ་སྔ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་སྐུ་གཞོན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་གནང་མྱོང་བ་མ་ཟད། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་སྐུ་གཞོན་གནང་ཞོར་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ཁང་གི་དབུ་འཛིན་གྱི་ཐུགས་འགན་གཅིག་ལྕོགས་སུ་བཞེས་མྱོང་ལ། དབྱིན་ཇི་ཉིའུ་ཅིན་སློབ་ཆེན་གྱི་གདན་ཞུས་སློབ་དཔོན་དང་། བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུས་སློབ་དཔོན། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་ཀྱི་གདན་ཞུས་ཆེད་མཁས་བཅས་ཀྱི་ཐུགས་འགན་བཞེས་མྱོང་ཡོད། ཁོང་ནི་དུས་སྐབས་གསར་པའི་བོད་རིག་པའི་ཞིབ་འཇུག་པའི་ཁྲོད་དུ་ཞིབ་འཇུག་གི་འབྲས་བུ་འབུར་དུ་ཐོན་པའི་གྲགས་ཅན་གྱི་སྐྱེས་བུ་དམ་པ་ཞིག་ཡིན། 
  ཁོ་བོར་ལོ་དུ་མའི་རིང་ཁོང་དང་རིག་གཞུང་ཞིབ་འཇུག་གི་ལས་གཞི་མཉམ་ལས་བྱེད་པའི་སྐལ་བ་བཟང་པོ་བྱུང་བས། ཁོང་གི་ལྷན་སྐྱེས་ཀྱི་གཤིས་ལ་གྲུབ་པའི་སྤྱི་སེམས་ཆེ་བའི་ཐུགས་རྒྱུད་དང་། རིག་པའི་གཞུང་ལ་འཇུག་པའི་དཔྱོད་ཡངས་ཀྱི་བསམ་བློ། དེ་བཞིན་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པའི་ཐུགས་འགན་བཞེས་རིང་ཕྱག་ལས་གནང་ཚུལ་སོགས་ལ་རྒྱུས་མངའ་ཆེ་ཙམ་ཡོད་པར་བརྟེན་ཐེངས་འདིར་ཁོང་གིས་བོད་རིག་པའི་ཞིབ་འཇུག་ཐད་བཞག་པའི་མཛད་རྗེས་དང་རྣམ་ཀུན་ཕྱག་ལས་གནང་ཚུལ་སྐོར་ཉུང་ངུ་ཞིག་ཞུ་འདོད་བྱུང་།                  
    དེ་ཡང་ཁོང་སློབ་ཆེན་འགྲིམས་པའི་སྐབས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྐོར་ལ་སློབ་སྦྱོང་གནང་ཞོར་དུ་རང་འགུལ་གྱིས་ནུབ་ཕྱོགས་ཀྱི་རིག་གནས་སྣ་ཚོགས་ལ་ཉམས་ཞིབ་དང་གཟིགས་རྟོགས་གནང་རྒྱུར་དགའ་བ་དང་། ཤར་ནུབ་ཀྱི་རིག་གནས་མི་འདྲ་བ་གཉིས་བསྡུར་བའི་ཁྲོད་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དགེ་སྐྱོན་གྱི་ཆ་ལ་བསྐྱར་དུ་བསམ་གཞིགས་གནང་སྟེ། མཐོ་སྒང་གི་ཤེས་ལྡན་པས་ནུབ་ཕྱོགས་རིག་གནས་ཀྱི་བསམ་བློར་ཤེས་རྟོགས་བྱེད་དགོས་པའི་ངེས་ཤེས་ཟབ་མོ་འཁྲུངས་ཡོད། ཁོང་ཉིད་སྤྱི་ལོ་1990ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་ཕེབས་ཏེ་ཞིབ་འཇུག་གི་ལས་ཀར་དངོས་སུ་ཞུགས་པ་ནས། ནུབ་ཕྱོགས་ཤེར་རྟོགས་རིག་པ་ནས་དེང་རབས་བོད་ཀྱི་ཤེར་རྟོགས་རིག་པའི་མ་ལག་གསར་འཛུགས་སྐོར་གྱི་གཞུང་ལུགས་ངོས་ནས་ཞིབ་འཇུག་གི་འགོ་བརྩམས་པ་དང་། དེ་ནས་སངས་རྒྱས་ཆོས་ལུགས་བོད་དུ་དར་འཕེལ་བྱུང་བའི་ལོ་རྒྱུས་སྐོར་ལ་རྟོག་དཔྱོད་གནང་ཞིང་།མཐར་བོད་ཀྱི་ཉེ་དེང་གི་ལོ་རྒྱུས་ལ་ཉམས་དཔྱོད་མཛད་པ་ཞིག་རེད། ཁོང་གི་ནམ་རྒྱུན་གྱི་ཕྱག་ལས་དང་ཞིབ་འཇུག་གི་འབྲས་བུ་གང་ཡིན་ཀྱང་བོད་ཀྱི་དངོས་ཡོད་སྤྱི་ཚོགས་ཀྱི་གནད་དོན་ལ་རྐང་ཚུགས་ཤིང་རིག་གནས་བསམ་བློ་གསར་པར་ཁ་ཕྱོགས་ཡོད་པས། ཁོང་ནི་བོད་སྤྱི་ཚོགས་གསར་བའི་ནང་འཚར་ལོངས་བྱུང་བའི་གསར་གཏོད་ཀྱི་བློ་གྲོས་དང་ལྡན་པའི་སྐྱེས་བུ་དམ་པ་ཞིག་ཡིན་པ་དང་། ཉེ་དེང་གི་རང་ཅག་བོད་རིགས་ཤེས་ཡོན་ཅན་གྱི་ཁྲོད་དུས་རབས་ལ་འགན་འཁུར་བ་དང་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་གཉིས་རྩོད་སྒྲུབ་ཀྱི་སྒོ་ནས་ཟུང་འབྲེལ་ཐུབ་པའི་ཞིབ་འཇུག་པ་ཆེན་མོ་ཞིག་རེད།
   ཁོང་གིས་ཀྲུང་ཧྭ་མི་རིགས་ཀྱི་ངོ་མཚར་རིག་གནས་ཀྱི་བྱེ་བྲག་ཏུ་གྱུར་པའི་བོད་ཀྱི་རིག་གནས་འཕེལ་རྒྱས་ལ་དོ་འཁུར་མཛད་གནང་ཡོད་ལ། མཐོ་སྒང་པ་ཚོས་དུས་རབས་གསར་པའི་དངོས་ཡོད་སྤྱི་ཚོགས་དང་མཐུན་སྦྱོར་ཇི་ལྟར་བྱེད་དགོས་པའི་བསམ་བློའི་སྐོར་ཁོང་གི་བརྩམས་ཆོས་དག་གི་མགོ་མཇུག་བར་གསུམ་དུ་མངོན་པར་མཚོན་ཡོད་པས། གཤམ་དུ་ཁོང་གི་བསམ་གཞིགས་གསར་བའི་བློ་གྲོས་ཀྱི་སྙིང་བོ་མཚོན་པའི་བརྩམས་ཆོས་འགའ་གཞིར་བཟུང་སྟེ་ཁོང་གི་རིག་གཞུང་བསམ་བློ་དང་བོད་རིག་པའི་བྱ་གཞག་ལ་ཕུལ་བའི་མཛད་རྗེས་སྐོར་ཅུང་ཟད་གླེང་རྒྱུ་ཡིན།      


    གཅིག དངོས་ཡོད་ལ་དཔྱོད་པའི་བསམ་གཞིགས་གསར་པའི་ཤེས་རབ།

  བོད་རིག་པའི་ཞིབ་འཇུག་པ་ཆེན་མོ་འབྲོང་བུ་ཚེ་རིང་རྡོ་རྗེ་མཆོག་ཞིབ་འཇུག་གི་ལས་ལ་ཐོག་མར་ཞུགས་པའི་དུས་ནི་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་མཇུག་ཙམ་ཡིན་པ་དང་། སྐབས་དེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་འཇུག་པ་རྣམས་མཁྲེགས་འཛིན་ཆེ་ཞིང་། རིག་གནས་གསར་པ་དང་དུ་ལེན་རྒྱུར་དེ་ཙམ་ཁག་པོ་ཡིན་པ་དང་། རིག་གནས་གསར་བ་གླེང་མཁན་དག་ལ་ཟུར་ཟ་སྐྱོན་འདོགས་ཀྱི་ངན་སྨྲས་ཅི་རིགས་འབྱུང་བའི་དུས་སྐབས་ཤིག་ཡིན། མཐོ་སྒང་པ་རྣམས་སྤྱི་ཚོགས་གསར་པ་དང་དུས་རབས་གསར་པ་ཞིག་ཏུ་བསྐྱོད་པའི་བརྒྱུད་རིམ་ནང་བསམ་བློ་རྙིང་བའི་བཀག་རྒྱ་གང་མང་ཞིག་འབྱུང་གི་ཡོད་ལ། བསམ་བློའི་བཀག་རྒྱ་དེ་དག་གིས་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པར་འགོག་རྐྱེན་ཐེབས་བཞིན་ཡོད། མི་རིགས་ཤིག་གི་ལས་དབང་དང་འཕེལ་རྒྱས་ཀྱི་མདུན་ལམ་ལ་སྒྱུར་བཅོས་གཏོང་དགོས་ན། ངེས་པར་དུ་ཤེར་རྟོགས་རིག་པའི་བསམ་གཞིགས་ཤིག་དང་ལོ་རྒྱུས་ཀྱི་བསམ་གཞིགས་ཤིག་ལ་བརྟེན་དགོས་པ་ཁོང་གིས་གསལ་པོར་རྟོགས་ཡོད་པས། མཐོ་སྒང་གི་ཡུལ་གྲུ་འདིའི་འཚོ་གནས་དང་འཕེལ་རྒྱས་ལ་དོ་སྣང་དེ་ཙམ་མི་བྱེད་པའི་རིག་གནས་བསམ་བློ་རྙིང་བ་ལས་བྱུང་བའི་སྣང་ཚུལ་ཁྱད་པར་ཅན་དེ་ནི་ཁོང་གི་བསམ་གཞིགས་གསར་པའི་ཤེས་རབ་འབྱུང་བྱེད་ཀྱི་རྒྱུ་རུ་གྱུར་ཡོད། སྐབས་དེ་ནས་བཟུང་ཁོང་གི་བསམ་གཞིགས་ཀྱི་སྨྱུག་རྩེ་དེ་བོད་པའི་སྤྱི་ཚོགས་སྟེང་གནས་པའི་དངོས་ཡོད་གནད་དོན་ལ་ཁ་ཕྱོགས་པ་དང་། དངོས་ཡོད་གནད་དོན་ཐག་གཅོད་བྱེད་ཀྱི་ཤེས་རབ་གསར་པ་ཞིག་འཚོལ་བའི་ལས་ལ་གཞོལ་མགོ་ཚུགས།
  ཁོང་ནི་དུས་སྐབས་གསར་པའི་ནང་འཚར་ལོངས་བྱུང་བའི་བོད་ཀྱི་རིག་གནས་ལ་ཞིབ་འཇུག་གནང་མཁན་ཞིག་ཡིན་པའི་ཆ་ནས། རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་ལ་བརྟེན་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང་ཤེར་རྟོགས་རིག་པའི་བསམ་བློར་ཞིབ་འཇུག་བགྱིས་ཏེ། སྤྱི་ཚོགས་གསར་པའི་ནང་གི་མཐོ་སྒང་པ་རྣམས་ཀྱིས་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ཏེ་མ་འོངས་འཕེལ་རྒྱས་ཀྱི་མདུན་ལམ་ཞིག་ཇི་ལྟར་འཚོལ་སྙེགས་བྱེད་རྒྱུ་ནི་ཁོང་གིས་མི་ཚེ་གང་པོར་བོད་རིག་པའི་ཞིབ་འཇུག་གི་ལས་ལ་འཇུག་པའི་སྒུལ་ཤུགས་སུ་གྱུར་ཡོད། དེར་བརྟེན། སྤྱི་ལོ་1990ལོ་སྟེ་དམ་པ་ཁོང་དགུང་ལོ་ཉེར་དྲུག་ལ་སོན་པའི་དུས་རབས་སྦྲེལ་མཚམས་ཀྱི་དུས་སྐབས་དེར་བོད་ཀྱི་ཤེར་རྟོགས་རིག་པའི་དགོངས་དོན་ལ་དབྱེ་ཞིབ་དང་མནོ་བསམ་བགྱིས་པའི་དཔྱད་འབྲས་《སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས་》[༡]ཞེས་པ་བརྩམས་གནང་སྟེ་སྤྱི་ལོ་1994ལོར་ཐོག་མའི་བརྩམས་ཆོས་ཀྱི་ཚུལ་དུ་དངོས་སུ་ཀློག་པ་པོའི་སྤྱན་སྔར་བསྟར་བ་དང་། ཁོང་གི་བརྩམས་དེབ་ཐོག་མ་དེའི་ནང་དུ་ཤེར་རྟོགས་རིག་པ་ཞེས་པའི་རིག་ཚན་དེའི་བསམ་གཞིགས་གསར་བའི་རིགས་ལམ་གྱི་ངོས་ནས་བོད་ཀྱི་རིག་གནས་བསམ་བློའི་ཉིང་བཅུད་སྐོར་ལ་ཐོག་མར་དབྱེ་ཞིབ་དང་གདེང་འཇོག་གནང་ཡོད་པ་མ་ཟད། མིའི་རིགས་ལ་འབྱུང་འགྱུར་འཚོ་གནས་ཀྱི་འཇིགས་སྣང་ཇི་ལྟར་ཡོང་གི་ཡོད་པ་དང་དེ་དག་ལ་ང་ཚོས་རྒོལ་ལན་ཇི་ལྟར་སྤྲོད་པའི་འབོད་སྐུལ་ཡང་ཡང་བསྒྲགས་ཡོད། ཁོང་གིས་བརྩམས་དེབ་འདིའི་ནང་“ངས་རང་ལ་བཏོན་པའི་ཆེས་མཐོའི་རེ་བ་ནི་རང་སྟེང་གི་དུས་རབས་གཟན་པ་དང་། གཞར་ཡང་དུས་རབས་ཀྱི་གཡབ་མོ་མི་བགྱི་བར་དུས་རབས་ཀྱི་གཤོག་ཐོག་ནས་ལངས་རྒྱུ་དེ་ཡིན། ”[༢]ཞེས་གསུངས་པ་ལྟར། དུས་རབས་ཉི་ཤུ་བར་གནས་པའི་མིའི་རིགས་ཀྱི་འཚོ་གནས་ཀྱི་གནད་དོན་གང་མང་ཞིག་ལ་རྟོག་ཞིབ་གནང་སྟེ། འབྱུང་འགྱུར་དུས་རབས་ཉེར་གཅིག་པའི་ཕྱོགས་སུ་མནོ་བསམ་བགྱིས་ཡོད་པས། ཁོང་ཉིད་ནི་དུས་རབས་ལ་འགན་འཁུར་ཞིང་རིག་གནས་བསམ་བློ་གསར་བའི་ལམ་བུ་གཏོད་མཁན་ཞིག་ཡིན་ཞེས་བརྗོད་ཆོག་པར་སྙམ། ཁོང་གི་བརྩམས་དེབ་ཐོག་མ་དེ་དངོས་སུ་འགྲེམས་སྤེལ་བྱས་རྗེས་གཞོན་སྐྱེས་མང་པོ་ཞིག་གིས་བསྔགས་བརྗོད་ཀྱི་མཐེ་བོང་བསྒྲེངས་མྱོང་བ་དང་སྦྲགས། ཁོང་གི་བརྩམས་དེབ་ཀྱི་སྙིང་བོར་གྱུར་བའི་བསམ་བློ་དེས་ཤུགས་རྐྱེན་ཐེབས་པའི་ན་གཞོན་བློ་གྲོས་ཅན་ཡང་གང་མང་འཚར་ལོངས་བྱུང་ཡོད། སྤྱི་ལོ་ 1996ལོར་བོད་ཀྱི་ཤེར་རྟོགས་རིག་པར་ཞིབ་འཇུག་གནང་པའི་བརྩམས་དེབ་《བོད་ཀྱི་ཤེར་རྟོགས་རིག་པའི་རིགས་ཤེས་》[༣]ཞེས་པ་འགྲེམས་སྤེལ་བྱས། འདི་ནི་ཁོང་གི་བརྩམས་དེབ་གཉིས་པ་དེ་ཡིན་ལ། ཁོང་གི་ཞིབ་འཇུག་གི་སྨྱུག་རྩེ་བྱེ་བྲག་གི་གནད་ལ་གཏད་དེ་བོད་ཀྱི་ཤེར་རྟོགས་རིག་པའི་བསམ་བློའི་སྐོར་ལ་ཆེད་དུ་ཞིབ་འཇུག་མཛད་ཡོད། དེ་ལས་གངས་ཅན་རིག་པའི་གླིང་གི་བསམ་བློ་བ་ཆེན་པོ་བཅུ་ཞེས་པའི་ཆེད་རྩོམ་དེས་བོད་ཀྱི་སྲོལ་རྒྱུན་རིག་གནས་འཕེལ་བའི་ལོ་རྒྱུས་ཐོག་བྱུང་མྱོང་བའི་བསམ་བློ་བ་ནམ་མཁའི་སྐར་ཚོགས་འདྲ་བའི་དབུས་ནས་བསམ་བློ་བ་ཆེན་པོ་བཅུ་བདམས་ཏེ་གདེང་འཇོག་དོན་དང་མཐུན་པ་ཞིག་གནང་ཡོད།“དེ་ནི་འཛམ་གླིང་ཤེས་རིག་གླིང་དུ་བོད་མིའི་བསམ་བློར་ཞིབ་འཇུག་དང་། བོད་མི་རིགས་ཀྱིས་མིའི་རིགས་ཀྱི་འཚོ་གནས་ཆེད་དུ་རང་གི་བསམ་བློའི་ནུས་པ་ཡོད་ཚད་ཕུལ་དང་འབུལ་བཞིན་པའི་སྙིང་སྟོབས་གསལ་རྟོགས་ཡོང་བ་བྱས་ཏེ། མིའི་རིགས་ཀྱི་ལོ་རྒྱུས་གོང་འཕེལ་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཡོང་བ་བྱ་ཕྱིར་ཡིན། ”[༤]ཞེས་རྩོམ་འདིའི་འགོ་བརྗོད་དུ་གསུངས་པ་ལྟར། ཐེངས་དང་པོར་བོད་ཀྱི་བསམ་བློ་བའི་སྐོར་ལ་ཞིབ་འཇུག་གནང་བ་དེས་སྐབས་དེར་བོད་ཀྱི་རིག་གནས་ཞིབ་འཇུག་གི་དཔུང་ཁག་ཁྲོད་དུ་སྦིར་སྒྲ་ཆེ་ཙམ་བྱུང་བར་བརྟེན། མཁས་དབང་དུང་དཀར་རིན་པོ་ཆེས་ཀྱང་ཁོང་གི་ཞིབ་འཇུག་གི་གནད་དོན་དེར་མཐོང་ཆེན་པོ་གནང་སྟེ་བགྲོ་གླེང་གི་ཚུལ་དུ་བོད་ཀྱི་བསམ་བློ་བའི་སྐོར་གྱི་དྲི་བ་མང་པོ་ཞིག་ལ་དྲིས་ལན་བསྐྱོན་ཡོད། དེ་མིན་《རྟོགས་གཞིགས་གསར་པའི་ཡོ་ལང་། 》[༥]དང་། 《བསྐལ་བའི་གཏམ་གླེང་དམར་ལྡང་མ།》[༦]《མིའི་རིགས་ཤེས་རབ་ཀྱི་རྣམ་གཞག》[༧]《ཤེར་རྟོགས་རིག་པའི་ཚིག་བུམ་》[༨]ལ་སོགས་པའི་ཁྱད་ཆོས་འབུར་དུ་ཐོན་པའི་བརྩམས་ཆོས་འགའ་འགྲེམས་སྤེལ་གནང་ནས། ཐེངས་དང་པོར་བོད་ཀྱི་ཤེར་རྟོགས་རིག་པ་ཞེས་པའི་ཐ་སྙད་ཅིག་གསར་གཏོད་མཛད་དེ། བསམ་གཞིགས་གསར་བ་དང་། རིགས་ལམ་གསར་བ། རིག་གནས་མ་ལག་གསར་བ་ཞིག་གིས་དུས་རབས་གསར་བར་ཁ་ཕྱོགས་པའི་རིག་ཚན་གསར་བ་ཞིག་གི་སྒོ་གླེགས་ཁ་བ་རི་བའི་མཐོ་སྒང་གི་ཡུལ་གྲུ་འདིར་ཐོག་མར་ཕྱེ་ཡོད་པས་ན། དུས་རབས་སྦྲེལ་མཚམས་སུ་གནས་པའི་མཐོ་སྒང་བ་རྣམས་སྤྱི་ཚོགས་གསར་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་མྱུར་ཏུ་བསྐྱོད་པར་སྐུལ་འདེད་ཀྱི་ནུས་པ་མི་དམན་པ་ཐེབས་ཡོད། དེ་ཙམ་མ་ཟད་《མིའི་རིགས་ཤེས་རབ་ཀྱི་རྣམ་གཞག་》དང་《ཤེར་རྟོགས་རིག་པའི་ཚིག་བུམ་》ལ་སོགས་པའི་ནང་ནུབ་ཕྱོགས་ཀྱི་བསམ་བློའི་ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་ཤེར་རྟོགས་རིག་པ་མང་པོ་ཞིག་གི་བསམ་བློའི་ཉིང་བཅུད་དེ་བོད་ཡིག་གི་ཐོག་ནས་ངོ་སྤྲོད་གནང་བ་དང་། དེ་དང་བོད་ཀྱི་སྔོན་བྱོན་བསམ་བློ་བ་དག་གི་ལྟ་བ་གཉིས་ཞིབ་བསྡུར་གྱིས་ཞིབ་འཇུག་མཛད་ཡོད་པར་བརྟེན། ཁོང་ནི་ནུབ་ཕྱོགས་ཤེར་རྟོགས་རིག་པའི་མཁས་པ་དང་དེ་དག་གི་བསམ་བློ་བོད་དུ་ངོ་སྤྲོད་གནང་མཁན་གྱི་ཐོག་མའི་སྲོལ་འབྱེད་པའང་རེད་ཅེས་བརྗོད་ཆོག ། 
   ཁོང་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཞིབ་འཇུག་གནང་མཁན་ཞིག་གི་ངོས་ནས་སྲོལ་རྒྱུན་རིག་གནས་ཀྱི་ལེགས་ཆ་རྣམས་དང་ལེན་དང་ཞིབ་འཇུག་གང་ལེགས་མཛད་ཅིང་། དངོས་ཡོད་སྤྱི་ཚོགས་ཀྱི་འཚོ་གནས་གནད་དོན་ཐག་གཅོད་བྱེད་དང་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་སྨན་པའི་ཤེས་རབ་ཅིག་ལ་རྟོགས་འཇུག་གནང་སྟེ། སྲོལ་རྒྱུན་རིག་གནས་ཀྱི་ཡོན་ཏན་གྱི་ཆ་དེ་དེང་རབས་སྤྱི་ཚོགས་ཀྱི་དུས་སྐབས་གསར་བའི་རིག་གནས་དང་ཇི་ལྟར་མཐུན་སྦྱོར་བྱེད་དགོས་པ་དང་། ཇི་ལྟར་འཚོ་གནས་ལ་ཕན་པའི་ལས་དོན་ཤིག་ལ་བརྩོན་པ་ལྷུར་ལེན་གནང་པ། ཇི་ལྟར་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གྱིས་ཕྱུག་པའི་སྤྱི་ཚོགས་གསར་བ་ཞིག་འཛུགས་སྐྲུན་བྱེད་དགོས་པའི་ཕྱོགས་སུ་ལེགས་སྐྱེས་ཕུལ་ཡོད།

གཉིས།  ཆོས་ལུགས་ལོ་རྒྱུས་ལ་དཔྱོད་པའི་རིགས་སྟོབས།

  འབྲོང་བུ་ཚེ་རིང་རྡོ་རྗེ་མཆོག་གིས་ངོ་ལོ་བཅུའི་རིང་བོད་ཀྱི་ཤེར་རྟོགས་རིག་པར་ཞིབ་འཇུག་གནང་ཡོད་པ་དེ་ནི་ཤེར་རྟོགས་རིག་པའི་ཆེད་དུ་ཤེར་རྟོགས་རིག་པར་ཞིབ་འཇུག་གནང་བ་ཞིག་མ་ཡིན་པར། དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁེ་ཕན་ལ་མཐོང་ཆེན་དེ་ཙམ་མི་བྱེད་པའི་མཐོ་སྒང་པ་ཚོས་དངོས་ཡོད་འཚོ་གནས་ཀྱི་ཕྱོགས་ལ་དོ་སྣང་དེ་ཙམ་མི་བྱེད་པ་དང་། རིག་གནས་བསམ་བློ་གསར་བར་བློ་ཁ་དེ་ཙམ་མི་ཕྱོགས་པ། མ་འོངས་འཕེལ་རྒྱས་ཀྱི་མདུན་ལམ་ལ་དོ་འཁུར་དེ་ཙམ་མི་གནང་བའི་ཚུལ་ལ་བློ་འབྱེད་ཀྱི་ཕན་ཐོགས་ཤིག་བྱུང་ན་སྙམ་པས་ཀུན་ནས་བསླངས་ཏེ་བསམ་གཞིགས་གསར་བའི་ཤེས་རབ་ཅིག་འཚོལ་བའི་ཕྱོགས་སུ་གཞོལ་ཡོད། དེ་ལྟ་བུའི་མཐོ་སྒང་བའི་བསམ་གཞིགས་ཀྱི་སྣང་ཚུལ་ཁྱད་པར་བ་དེའང་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར་འདས་ཟིན་པའི་བོད་པའི་སྤྱི་ཚོགས་རྙིང་པའི་ལམ་ལུགས་དང་འབྲེལ་བ་དམ་ཟབ་ཡོད་པར་བརྟེན།“འདས་པའི་གནད་དོན་གང་དེར་ཞིབ་འཇུག་དང་མ་ནོར་ཡང་དག་གི་དྲིས་ལན་ཞིག་འཚོལ་ཐུབ་པ་བྱེད་རྒྱུ་ནི་ཤེར་རྟོགས་རིག་པ་ལས་ཀྱང་རྙོག་དྲ་ཆེ་བའི་གནད་དོན་ཞིག་ཡིན།”ཞེས་དང་།“དེར་བརྟེན་ལོ་མང་ཞིབ་འཇུག་དང་རང་ཉིད་ལ་རྒྱུས་མངའ་ཆེ་བའི་ཤེར་རྟོགས་རིག་པའི་ཞིབ་འཇུག་གི་ལས་དེ་རེ་ཞིག་བཏང་སྙོམས་སུ་བཞག་སྟེ་ཆོས་འབྱུང་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱས་པ་ཡིན།”[༩]ཞེས་གསུངས་པ་ལྟར། སྤྱི་ལོ་2000ལོ་ནས་བཟུང་ཁོང་གི་ཞིབ་འཇུག་གི་ཁ་ཕྱོགས་ལ་འགྱུར་བ་བཏང་སྟེ། ད་ལྟའི་བོད་མིའི་བསམ་གཞིགས་ཀྱི་ཚུལ་དེ་འབྱུང་བའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་གང་འདྲ་ཞིག་ཡིན་པའི་གནད་དོན་དེ་ལ་ཞིབ་འཇུག་མཛད་ཡོད།“ང་ཚོས་བོད་པའི་ལོ་རྒྱུས་ཀྱི་སྐྱོ་གར་དང་གནད་དོན་ཅན་གྱི་ལོ་རྒྱུས་ཀྱི་ངོ་བོ་ལེགས་པར་ངོས་ཟིན་ཚེ། ད་གཟོད་གཞི་ནས་དངོས་ཡོད་སྤྱི་ཚོགས་ཀྱི་འཚོ་གནས་གནད་དོན་ཉིད་ཐག་གཅོད་བྱེད་ཐུབ་པ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་དང་མཐུན་པའི་འཕེལ་རྒྱས་ཀྱི་མདུན་ལམ་ཞིག་ཡང་དག་པའི་སྒོ་ནས་འཚོལ་རྟོག་དང་གདམ་གསེས་བྱེད་ཐུབ།”[༡༠]ཅེས་གསུངས་པ་ལྟར། བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལས་བྱུང་བའི་གནད་དོན་ཅན་གྱི་ལོ་རྒྱུས་དེའི་དགེ་སྐྱོན་ལ་ཡང་དག་པའི་སྒོ་ནས་ཤེས་རྟོགས་བྱེད་རྒྱུ་ལས། ནམ་ཡང་སྔར་བྱུང་གི་ལོ་རྒྱུས་ནི་རང་ཉིད་སྤོབས་པ་སྐྱེད་བྱེད་ཀྱི་རྒྱུ་ཡིན་པར་གཏན་ནས་མི་སེམས་ཤིང་། སྔར་བྱུང་གི་ལོ་རྒྱུས་ལ་དངོས་ཐོག་བདེན་འཚོལ་གྱིས་ཞིབ་འཇུག་བྱས་ཏེ། ལོ་རྒྱུས་ལས་བྱུང་བའི་བསླབ་བྱ་དང་ལེན་གྱིས་དངོས་ཡོད་སྤྱི་ཚོགས་ཀྱི་འཚོ་གནས་གནད་དོན་ལ་གཙིགས་ཆེན་གནང་བ་དང་། འཕེལ་རྒྱས་སུ་འགྲོ་བའི་མདུན་ལམ་ཞིག་འཚོལ་སྙེགས་བྱེད་པར་བརྩོན་པ་ནི་ཁོང་ཉིད་སྤོབས་པ་སྐྱེད་བྱེད་ཀྱི་རྒྱུ་དང་མི་ཚེ་གང་བོ་ཞིབ་འཇུག་གི་ལས་ལ་འབུངས་བའི་སྒུལ་ཤུགས་སུ་གྱུར་ཡོད། 
  འཚོ་གནས་དང་འཕེལ་རྒྱས་ཀྱི་གནད་དོན་ལ་དབྱེ་ཞིབ་དང་དོ་འཁུར་བྱེད་རྒྱུ་མི་འདང་བའི་བོད་མིའི་འདུ་ཤེས་རྙིང་པ་དེ་ནི་བོད་རྙིང་པའི་སྤྱི་ཚོགས་ལམ་ལུགས་དང་སྲོལ་རྒྱུན་རིག་གནས་སོགས་དང་འབྲེལ་བ་གང་ཙམ་ཡོད། ཁོང་ཉིད་དགུང་ལོ་སོ་ལྔར་སོན་པའི་ལོ་སྟེ་སྟོང་ལོ་གསར་པ་ཚུགས་མ་ཐག་པའི་སྐབས་དེར་བོད་པ་ཚོའི་ད་ལྟའི་བསམ་གཞིགས་ཀྱི་ཚུལ་དེ་ཇི་ལྟར་བྱུང་བའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ལ་རྟོག་ཞིབ་གནང་འགོ་ཚུགས་ཤིང་། དེ་ནས་བཟུང་ཁོང་གི་བསམ་གཞིགས་ཀྱི་སྨྱུག་རྩེ་ཉིད་བསྟན་པ་བར་དར་དང་དེའི་སྔ་ཕྱིའི་ལོ་རྒྱུས་ཞིབ་འཇུག་གི་ཕྱོགས་སུ་གཏད་ཡོད་པ་རེད། སྤྱི་ལོ་2007ལོར་སངས་རྒྱས་ཆོས་ལུགས་དར་འཕེལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་བའི་བརྩམས་དེབ་《རྩོད་བཟློག་ཐེམ་སྤུངས་མ་》[༡༡]ཞེས་པའི་ཆེད་རྩོམ་ཕྱོགས་བསྒྲིགས་དེ་བཏོན་ཡོད་ཅིང་། འདི་ནི་ཁོང་གིས་འདས་པའི་ལོ་རྒྱུས་ལ་ཞིབ་འཇུག་མཛད་པའི་བསམ་བློའི་སྙིང་བོ་མཚོན་པའི་བརྩམས་ཆོས་སུ་བརྩི་ཆོག་ལ། བརྩམས་དེབ་འདིའི་ནང་དུ། བཅོམ་ལྡན་རིག་པའི་རལ་གྲིས་བསྟན་པ་བར་དར་ཞེས་པའི་མིང་འདོགས་གནང་བ་དེ་ལ་གཞིགས་ནས་ཁོང་གིས་བསྟན་པ་བར་དར་ཟེར་བ་ཞིག་བྱུང་ཡོད་མེད་དང་། ཇི་ལྟར་དར་བའི་ཚུལ། དེའི་ཁྱད་ཆོས་དང་ངོ་བོ། དགོན་སྡེ་དང་སེར་མོ་བའི་སྒྲིག་གཞིའམ་གྲུབ་ཚུལ་སྐོར་གྱི་ཞིབ་འཇུག སངས་རྒྱས་ཆོས་ལུགས་བོད་དུ་དར་སྤེལ་གཏོང་མཁན་གྱི་མི་སྣ་གལ་ཆེན་འགའི་མཛད་རྗེས་སྐོར་ལ་དབྱེ་ཞིབ་གནང་བ་བརྒྱུད་བསྟན་པ་ཕྱི་དར་འབྱུང་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དངོས་ཅི་འདྲ་ཞིག་ཡིན་པའི་སྐོར་ལ་དངོས་ཐོག་བདེན་འཚོལ་གྱིས་ཞིབ་འཇུག་མཛད་ཡོད་ལ། བསྟན་པ་བར་དར་གྱི་སྔ་ཕྱིའི་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བགྱིས་པ་ལས་བསམ་གཞིགས་ཀྱི་དྲི་ལན་འདི་ལྟ་བུ་ཞིག་རྙེད་ཡོད་དེ།“དུས་རབས་དགུ་བའི་རྗེས་ནས་བཟུང་མཚོ་བོད་མཐོ་སྒང་འདི་ཉིད་ཆོས་ལུགས་ཀྱི་དད་མོས་དེར་མཐའ་གཅིག་ཏུ་གོང་བཀུར་བྱེད་པའི་དུས་རབས་ཤིག་ཏུ་དཔུང་འཇུག་བྱས་ཡོད་པ་དང་། དེའི་མཇུག་འབྲས་ནི་བོད་མིའི་སྤྱི་ཚོགས་ཉིད་སེར་མོ་བའི་སྤྱི་ཚོགས་དང་མི་སྐྱ་བོའི་སྤྱི་ཚོགས་ཏེ་རྒྱུ་གཉིས་སྨྲ་བའི་སྤྱི་ཚོགས་སྒྲིག་གཞི་ཡི་ལམ་ལུགས་ཤིག་ལ་བརྟེན་ནས་གནས་པའམ་གྲུབ་པར་བྱས་ཡོད་པ་དང་། དེ་འདྲའི་སྤྱི་ཚོགས་ཀྱི་སྒྲིག་གཞིའི་འོག་སློབ་གསོ་མྱོང་མཁན་ནི་སེར་མོ་བ་དང་ཁོ་ཚོའི་དམིགས་ཡུལ་ནི་སྡུག་བསྔལ་དང་བྲལ་བའི་ཡུལ་ཞིག་མངོན་འགྱུར་བྱེད་རྒྱུ་དེ་རེད། དེར་བརྟེན་སེར་མོ་བ་དེ་དག་ལ་མཚོན་ན་སློབ་གསོ་མྱོང་བའི་གོ་རིམ་ཁྲོད་ནས་བསགས་པའི་ཤེས་བྱ་ཐམས་ཅད་ཀྱང་འཚོ་གནས་ཀྱི་ལྟོ་གོས་འཚོལ་བའི་ཕྱོགས་སུ་ཕན་ཐོགས་དེ་ཙམ་མེད་པ་ལྟ་བུར་མཐོང་། དེར་མ་ཟད་སེར་མོ་བ་ཉིད་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཆེ་ཤོས་སུ་གྱུར་ཏེ། ཁོ་ཚོའི་སྤྱི་ཚོགས་ཀྱི་གནས་བབ་དང་ཟིལ་ཤུགས་དེར་རྒོལ་ལན་སློག་མཁན་ནི་ད་ལྟའི་བར་དུ་བཙན་པོ་འུ་དུམ་བརྟན་ལས་བྱུང་ཐུབ་མེད་པ་དེ་ནི་བོད་མིའི་སྤྱི་ཚོགས་ཁྲོད་དུ་དངོས་པོའི་དཔལ་ཡོན་དར་མ་ཐུབ་པའི་རྒྱུ་མཚན་ཞིག་དང་དེའང་གསལ་པོར་བཤད་ན་སེར་མོ་བ་གཙོ་བོར་གྱུར་པ་དང་སེར་མོ་བས་བོད་མིའི་སྤྱི་ཚོགས་ལ་སྣ་དྲངས་པའི་སྤྱི་ཚོགས་ཀྱི་སྒྲིག་གཞི་དེར་འགྱུར་ལྡོག་གང་ཡང་གཏོང་ཐུབ་ཀྱི་མེད་པའི་གསལ་བཤད་ཅིག་ཀྱང་རེད། དེང་གི་ཆར་འཛམ་གླིང་ཧྲིལ་པོའི་སྤྱི་ཚོགས་ཀྱི་སྒྲིག་གཞི་དེར་འགྱུར་བ་ཆེན་པོ་བྱུང་ཡོད་པ་དང་། འཕེལ་འགྱུར་གྱི་རྣམ་པ་དེ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་ཞིག་འཚོལ་བཞིན་པའི་སྐབས་འདིར། ག་ནས་བརྟག་ཀྱང་སྤྱི་ཚོགས་ཀྱི་སྒྲིག་གཞི་འདི་འདྲ་ནི་འཛམ་གླིང་ཧྲིལ་པོའི་འཛིན་མའི་ཁྱོན་དུ་དམིགས་བསལ་གྱི་དམིགས་བསལ་ཅིག་ཡིན་པ་དང་། གཅིག་བྱས་ན་རྙིང་དྲགས་པའི་སྤྱི་ཚོགས་ཀྱི་སྒྲིག་གཞི་ལམ་ལུགས་དེ་ནི་དཔལ་འབྱོར་གྱིས་འཚོ་བའི་སྤྱི་ཚོགས་འདིའི་ཁྲོད་དུ་མཚོ་བོད་མཐོ་སྒང་པ་རྣམས་ཀྱིས་རྗེས་ལུས་ཀྱི་ཞྭ་མོ་ཞིག་མི་འདོད་བཞིན་དུ་གྱོན་དགོས་པའི་རྨང་གཞི་ཡིན་པ་འདྲ། ”[༡༢]ཞེས་གསུངས་པ་འདི་ནི་ཁོང་གིས་ད་ལྟའི་མཐོ་སྒང་པ་རྣམས་ཀྱི་བསམ་གཞིགས་ཀྱི་ཚུལ་དང་རྗེས་ལུས་ཀྱི་རྣམ་པ་དེ་འབྱུང་བའི་རྒྱུ་རྐྱེན་དང་གནད་དོན་ཅན་གྱི་ལོ་རྒྱུས་དམིགས་བསལ་ཅན་དེ་ལ་ཞིབ་འཇུག་གནང་བའི་སྡོམ་ཚིག་ཅིག་རེད། ཁོང་གིས་སྤྱི་ལོ་2006ལོར་གཙོ་སྒྲིག་མཛད་པའི་《ཆོས་ལུགས་དར་འཕེལ་བྱུང་བའི་ལོ་རྒྱུས་སྤྱི་དོན་》[༡༣]ཞེས་པ་དང་། 《དུས་རབས་11པ་དང12པའི་དབུས་གཙང་དགོན་སྡེའི་ཞིབ་འཇུག་》[༡༤]ཅེས་པའི་བརྩམས་དེབ་གཉིས་སྤྱི་ལོ་2009ལོར་སྔ་རྗེས་སུ་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད། དེ་མིན། བོད་ཀྱི་ལོ་རྒྱུས་སྟེང་གི་མི་སྣ་གྲགས་ཆེན་བེེ་རོ་ཙཱ་ན་ལ་ཞིབ་འཇུག་གནང་བའི་ཞོར་དུ། སྤྱི་ལོ་2009ལོར་《ངོ་མཚར་བའི་བོད་ཀྱི་བཙུན་པ་ཞིག་གི་རྣམ་ཐར་》[༡༥]ཞེས་བེེ་རོ་ཙཱ་ནའི་རྣམ་ཐར་འདྲ་འབག་ཆེན་མོ་རྒྱ་ཡིག་ཏུ་བསྒྱུར་ཏེ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་ཕུལ་ཡོད། 
  མདོར་ན། ཁོང་གིས་ལོ་ངོ་བཅུ་ལ་ཉེ་བའི་རིང་ཆོས་ལུགས་ཀྱི་གནད་དོན་སྐོར་ལ་ཞིབ་འཇུག་མཛད་དེ། ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་ཐེབས་པའི་ཡོན་ཏན་སྐོར་བརྗོད་པའི་སྐབས་སུ་གནོད་སྐྱོན་ཀྱང་ངམ་ངམ་ཤུགས་ཀྱིས་རྗེས་སུ་འབྲངས་ཡོད་པ་དང་། ཆོས་ལུགས་ཀྱི་གནོད་སྐྱོན་བརྗོད་པའི་དུས་ཡོན་ཏན་གྱི་སྐོར་ལའང་རྩོད་སྤོང་བྱེད་དགོས་པ་ཤེས་རྟོགས་གསལ་པོ་བྱུང་ཡོད་ལ། དེང་ཕྱིན་ཆོས་ལུགས་ཞིབ་འཇུག་པས་ངེས་པར་སྒྲུབ་དགོས་པའི་གནད་དོན་ཁག་གཅིག་ཀྱང་ཕྱི་རབས་པར་བསྟན་ཡོད་དེ།“1 ཆོས་ལུགས་ཀྱི་ཀུན་སྤྱོད་བསམ་བློ་དང་དངོས་ཡོད་སྤྱི་ཚོགས་འཕེལ་རྒྱས་སྐོར་ལ་འཚམ་པའི་ཆ་དང་། ཆོས་ལུགས་ཀྱི་རྨོངས་དད་རང་བཞིན་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་དུ་གྱུར་པའི་ཆ་གང་ཡིན་སོ་སོར་གསལ་འབྱེད་བྱེད་ཐུབ་དགོས། 2 ཆོས་ལུགས་ཀྱི་དངོས་དོན་རང་བཞིན་དང་ལྷ་སྒྲུང་རང་བཞིན་སྐོར་ལ་དབྱེ་ཞིབ་བྱེད་པ། 3རིགས་པའི་གཞུང་ལུགས་རྨང་གཞིར་འཛིན་པའི་ཆོས་ལུགས་དང་དད་མོས་ཀྱིས་ཐག་བཅད་པའི་ཆོས་ལུགས་གཉིས་ཀྱི་དབྱེ་བ་དང་། 4 ཆོས་ལུགས་ཀྱིས་སྤྱི་ཚོགས་ལ་འཛིན་པའི་ལྟ་བ་དང་སྤྱི་ཚོགས་ཀྱིས་ཆོས་ལུགས་ལ་འཛིན་པའི་ལྟ་བ། 5 ཆོས་ལུགས་ཀྱིས་འཕྲུལ་ཆས་ཅན་གྱི་ཚན་རིག་འཕེལ་རྒྱས་ཐད་ཇི་ལྟར་བཀག་འགོག་བཟོ་ཡི་ཡོད་ཚུལ་དང་མིའི་སྤྱོད་ལམ་དང་མི་ཆོས་ཕྱོགས་ཀྱི་ལྟ་ཚུལ་གང་ཡོད། མདོར་ན་དངོས་པོའི་ཚུལ་ལྡན་ཤེས་རིག་དར་འཕེལ་ཐད་འགོག་རྐྱེན་གང་འདྲ་བཟོ་ཡི་ཡོད་ཚུལ་དང་བསམ་བློའི་འཐུས་ཚང་གི་ཆེད་སྐུལ་འདེད་ཀྱི་ནུས་པ་ག་རེ་ཐོན་ཡོད་མེད་སྐོར་ལ་ཞིབ་འཇུག་གཏིང་ཟབ་བྱེད་རྒྱུ་ནི་ཆོས་དང་ཆོས་མིན། ཆོས་ལུགས་ལ་བླང་དོར་འབྱེད་བྱེད་ཀྱི་ལྡེ་མིག་ལྟ་བུ་ཞིག་རེད་སྙམ། ”[༡༦]ཞེས་གསུངས་པ་འདི་ནི། ཁོང་གིས་ལོ་རྒྱུས་དངོས་གཙོ་སྨྲ་བའི་རིགས་ལམ་གཞིར་བཟུང་སྟེ་དངོས་ཐོག་བདེན་འཚོལ་གྱིས་ཆོས་ལུགས་ལ་ཞིབ་འཇུག་གནང་བའི་རྩ་དོན་ཞིག་ཡིན་པ་དང་། དེང་ཕྱིན་ཆོས་ལུགས་ལ་ཞིབ་འཇུག་བྱེད་པའི་ཁྲོད་དུ་ངེས་པར་མནོ་བསམ་གཏོང་དགོས་པའི་གནད་དོན་འགའ་གླེང་སློང་གནང་ཡོད་པ་དེས། ཁོང་གིས་ལོ་རྒྱུས་ཤེར་རྟོགས་རིག་པའི་ངོས་ནས་ཆོས་ལུགས་ཞིབ་འཇུག་གི་ལས་དོན་ལ་དབྱེ་ཞིབ་ཡང་དག་གནང་བ་མཚོན་གྱི་ཡོད་པ་མ་ཟད། ཆོས་ལུགས་ཀྱིས་དུས་རབས་གསར་བའི་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ལས་དོན་ཐད་བློ་འབྱེད་ཀྱི་གྲོས་འཆར་ལེགས་པོ་ཞིག་གནང་ཡོད་པའང་བསྙོན་དུ་མེད།


            ཉེ་དེང་བོད་ཀྱི་ལོ་རྒྱུས་ལ་ཉམས་ཞིབ་མཛད་པའི་འབྲས་བུ།

  ཁོང་གིས་ལོ་ངོ་བཅུ་ལ་ཉེ་བའི་རིང་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ལ་ཞིབ་འཇུག་མཛད་མཐར་སྤྱི་ལོ་2007ལོ་ནས་བཟུང་ཉེ་དེང་བོད་ཀྱི་ལོ་རྒྱུས་གནད་དོན་སྐོར་ལ་བློ་རྩེ་ཕྱོགས་ཡོད། ང་ཚོས་ད་ལྟ་མངོན་དུ་ཕྱོགས་པའི་སྤྱི་ཚོགས་གསར་བའི་འཚོ་བ་འདི་གློ་བུར་དང་ལས་སླ་པོའི་སྒོ་ནས་བྱུང་བ་ཞིག་གཏན་ནས་མ་ཡིན་པར། དེ་ལའང་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཤིག་ཡོད་ལ། ཁྱད་པར་དུས་རབས་ཉི་ཤུ་བ་ནི་འཛམ་བུའི་གླིང་ལ་འགྱུར་ལྡོག་ཤིན་ཏུ་ཆེ་བ་དང་། བོད་ཀྱི་སྤྱི་ཚོགས་གནས་ཚུལ་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་བ་བྱུང་བའི་དུས་ཤིག་སྟེ། བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་མཇུག་སྒྲིལ་བར་བྱས་ཏེ། དམངས་གཙོའི་བཅོས་བསྒྱུར་གྱི་སྤྱི་ཚོགས་གསར་པ་ཞིག་མངོན་པར་སླེབས་པ་དང་དུས་མཚུངས་སུ། བོད་པ་རྣམས་དེང་རབས་ཅན་གྱི་ལམ་བུར་བསྐྱོད་པའི་བརྒྱུད་རིམ་ཁྲོད་བསམ་བློ་རྙིང་པའི་འགོག་རྐྱེན་མི་ཉུང་བ་ཞིག་དང་འཕྲད་ཀྱི་ཡོད་ལ། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་དབར་ཇི་ལྟར་མཐུན་སྦྱོར་བྱེད་པའི་གནད་དོན་མི་ཉུང་བ་ཞིག་ཀྱང་ལྷགས་ཀྱི་ཡོད་པར་བརྟེན། ཁོང་གི་བསམ་གཞིགས་ཀྱི་སྨྱུག་རྩེ་སླར་ཡང་ཉེ་དེང་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཕྱོགས་སུ་གཏད་ཡོད།
  སྤྱི་ལོ་2007ཙམ་ནས་སྤྱི་ཚོགས་གསར་རྙིང་གཉིས་ཀ་བརྒྱུད་མྱོང་བའི་བོད་ཀྱི་ལོ་རྒྱུས་མཁས་པ་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་མཆོག་གི་མི་ཚེའི་བཤུལ་ལམ་དང་རིག་གཞུང་བསམ་བློའི་སྐོར་ལ་ཞིབ་འཇུག་བྱེད་པའི་ལས་གཞི་དངོས་སུ་དབུ་ཚུགས་ཏེ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དབུ་ཁྲིད་དང་ལྷན་དུ་《ཆབ་སྤེལ་རིག་གཞུང་བསམ་བློའི་ཞིབ་འཇུག་ཚོགས་ཆུང་》ཞེས་པ་ཞིག་བཙུགས་པ་དེའི་དམིགས་ཡུལ་གཙོ་བོ་ནི། ཆབ་སྤེལ་མཆོག་གིས་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བའི་ཐོག་ནས་ལོ་རྒྱུས་ལ་ཞིབ་འཇུག་གནང་བའི་ཐབས་ལམ་དང་རིག་གཞུང་བསམ་བློར་ཞིབ་འཇུག་བྱས་པ་བརྒྱུད་རིག་གཞུང་གི་ཐབས་ལམ་དེ་ལ་སློབ་སྦྱོང་དང་ཞིབ་འཇུག་གི་བྱེད་ཐབས་དེ་མུ་མཐུད་དར་སྤེལ་གཏོང་བའི་ཆེད་ཡིན་ལ། སྐབས་དེར་སྐུ་འཚོ་བཞུགས་སུ་ཡོད་པའི་ཆབ་སྤེལ་ལགས་ལ་དངོས་སུ་བཅར་འདྲི་དང་། རིག་གཞུང་བསམ་བློར་དཔྱད་གླེང་བྱས་པ་སོགས་ཞིབ་འཇུག་གི་བྱེད་ཐབས་གསར་པའི་སྒོ་ནས།《བོད་ཀྱི་ལོ་རྒྱུས་ལ་དཔྱོད་པའི་དེང་རབས་པ།》[༡༧]《ཆབ་སྤེལ་ལགས་ལ་བཅར་འདྲི་ཞུས་པའི་ཟིན་ཐོ།》[༡༨]《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རིག་གཞུང་བསམ་བློའི་དཔྱད་གླེང་》[༡༩]《ཆབ་སྤེལ་གྱི་དགུང་ཚིགས་རགས་བསྒྲིགས་》[༢༡]སོགས་ཞིབ་འཇུག་གི་འབྲས་བུ་གསར་བའི་ཁུར་གྱིས་དུད་པའི་བརྩམས་དེབ་བཅུ་ལྷག་[༢༢]གི་ཇུས་འགོད་དང་གཙོ་སྒྲིག་པའི་འགན་འཁུར་ཏེ་རིམ་པར་པར་སྐྲུན་བྱས་ཡོད། དེ་དང་དེའི་མཚུངས་སུ་མཁས་དབང་དགེ་འདུན་ཆོས་འཕེལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་གཉིས་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ཐབས་ལམ་གཉིས་ཕན་ཚུན་ཞིབ་བསྡུར་བགྱིས་ཏེ། 《དགེ་འདུན་ཆོས་འཕེལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རིག་གཞུང་བསམ་བློའི་སྐོར་གྱི་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་ལེགས་བཏུས་》[༢༣]དང་། 《དགེ་འདུན་ཆོས་འཕེལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་བརྙན་དེབ་》[༢༤]ཅེས་པའི་དེབ་གཉིས་གཙོ་སྒྲིག་འགྲེམས་སྤེལ་བྱས་ཏེ། བོད་ཀྱི་ཉེ་དེང་གི་མཁས་པའི་ཞིབ་འཇུག་གི་འབྲས་བུ་ལ་དངོས་ཐོག་བདེན་འཚོལ་གྱིས་གདེང་འཇོག་གང་ལེགས་གནང་ཡོད། ཁྱད་པར་དུ་སྤྱི་ལོ་2008ལོ་ནས་བཟུང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་དང་བོད་ལྗོངས་སློབ་གྲྭ་ཆེན་མོ། ཀྲུང་དབྱང་མི་རིགས་སློབ་ཆེན། བོད་ལྗོངས་བརྙན་འཕྲིན་ལས་ཁུངས། བོད་ལྗོངས་ཚགས་པར་ལས་ཁུངས་སོགས་ཀྱི་ཞིབ་འཇུག་མི་སྣ་གྲུབ་པའི་བོད་ཀྱི་ལོ་བརྒྱའི་ལོ་རྒྱུས་ཞིབ་འཇུག་ཅེས་པའི་ཚོགས་ཆུང་ཞིག་བཙུགས་པ་དང་། ཁོང་ཉིད་འགན་འཛིན་གཙོ་བོའི་གྲས་ཡིན་པའི་ཆ་ནས། བོད་ཀྱི་ཉེ་རབས་ཀྱི་ལོ་རྒྱུས་མི་སྣ་འཚོ་བཞུགས་ཡོད་པ་རྣམས་ལ་དངོས་སུ་བཅར་འདྲི་དང་། ངག་བརྗོད་ལོ་རྒྱུས་ཀྱི་ཐབས་ལམ་ལ་བརྟེན་ནས་བོད་ཀྱི་ལོ་བརྒྱའི་ལོ་རྒྱུས་ལ་རྟོག་ཞིབ་གནང་སྟེ། ལོ་ངོ་བརྒྱ་ལྷག་ཙམ་རིང་བོད་འདི་ལོ་རྒྱུས་ཀྱི་ཆ་རྐྱེན་གང་འདྲ་ཞིག་གི་འོག་མདུན་དུ་བསྐྱོད་པའི་ཕྱི་རྐྱེན་དང་ནང་རྐྱེན་སྐོར་གསལ་སྟོན་ཐུབ་པ་བྱས་ཡོད། 《བོད་ཀྱི་ཁྱིམ་རྒྱུད་ཆེན་པོ་བཅུའི་སྐོར་གྱི་ངག་བརྗོད་ལོ་རྒྱུས།》[༢༥]དང་།《བོད་ཀྱི་ཉེ་རབས་མི་སྣའི་དྲན་ཐོ།》[༢༦]《ལོ་རྒྱུས་དཔང་མིའི་ངག་ནས་གསུངས་པའི་བོད་ཀྱི་ལོ་བརྒྱའི་འཕེལ་འགྱུར།》(སྟོད་ཆ་དང་སྨད་ཆ)[༢༧]《བོད་ཀྱི་ཨང་དང་པོའི་སྐོར་གྱི་ངག་བརྗོད་ཟིན་ཐོ》[༢༨]སོགས་ངག་བརྗོད་ལོ་རྒྱུས་སྐོར་རྒྱ་བོད་སྐད་རིགས་གཉིས་ལས་གྲུབ་པའི་དཔེ་དེབ་བཅུ་ལྷག་[༢༩]རྩོམ་སྒྲིག་གནང་སྟེ་སྔ་རྗེས་སུ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་ཡོད། ཞིབ་འཇུག་གིས་ལས་གཞི་འདིས་བོད་ཀྱི་ངག་བརྗོད་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་མཐོ་རླབས་གསར་པ་ཞིག་འཕྱུར་ཐུབ་པ་བྱས་པ་མ་ཟད། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་ཕྱོགས་ཡོངས་ཀྱི་སློབ་ཆེན་དང་ཚན་ཞིབ་ལས་ཁུངས་གཞན་དང་མཉམ་འབྲེལ་གྱིས་ལས་གཞི་སྤེལ་བའི་སྲོལ་གསར་ཞིག་འཛུགས་ཐུབ་པ་བྱུང་ཡོད། བོད་ཀྱི་ལོ་བརྒྱའི་ལོ་རྒྱུས་ཞེས་པའི་ལས་གཞི་འདི་སྔར་བོད་ཁུལ་དུ་སྤེལ་མྱོང་མེད་པ་ཞིག་དང་། ཞིབ་འཇུག་གི་བྱེད་ཐབས་ལེགས་པ། ཞིབ་འཇུག་གི་རིན་ཐང་ལྡན་པ་བཅས་ལ་དམིགས་ནས། རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་གི་ཐེབས་རྩའི་རྣམ་གྲངས་སུ་བདམས་པ་དང་། ཞིབ་འཇུག་ཚོགས་པའི་ངལ་བ་ལས་བྱུང་བའི་ཁྱད་འཕགས་གྲུབ་འབྲས་ལ་གཟིགས་ནས་སྤྱི་ལོ་2015ལོར་ལས་གཞི་འདི་ལ་ཕུལ་བྱུང་གི་གཟེངས་བསྟོད་མཚན་སྙན་ཡང་ཐོབ།《བོད་ཀྱི་ལོ་བརྒྱའི་ལོ་རྒྱུས་ཞིབ་འཇུག》ཅེས་པའི་རྒྱ་ཡིག་གི་དེབ་གསུམ་(སྟོད་ཆ། བར་ཆ། སྨད་ཆ།)སྤྱི་ཚོགས་ཚན་རིག་དཔྱད་ཡིག་དཔེ་སྐྲུན་ཁང་ནས་སྤྱི་ལོ་2015ལོའི་ཟླ་10པར་དཔེ་སྐྲུན་བྱས་འདུག ཁོང་གིས་ལོ་ངོ་བདུན་ཙམ་རིང་བོད་ཀྱི་ཉེ་རབས་དང་དེང་རབས་ལོ་རྒྱུས་ཟུང་དུ་སྦྲེལ་ཏེ་ཞིབ་འཇུག་གནང་བ་ལས་སྡོམ་ཚིག་འདི་ལྟ་བུ་ཞིག་བཞག་ཡོད་དེ།“མཐོ་སྒང་པས་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་རང་ཉིད་ཀྱིས་གདམ་གསེས་དེ་ལ་དོགས་སློང་གཞར་ཡང་བྱས་མ་མྱོང་ཞིང་། གདམ་གསེས་བྱས་པའི་སངས་རྒྱས་པའི་རིག་གནས་དེ་ནི་ཡ་ང་བའི་དངོས་ཡོད་ཀྱི་གནས་ཚུལ་ཁྲོད་ནུས་མེད་ཉམས་ཆུང་ཡིན་པའི་གནས་ཚུལ་དེར་བསམ་གཞིགས་གཞར་ཡང་བཏང་མ་མྱོང་། སྤྱི་ལོ་1888ལོར་དབྱིན་ཇི་བཙན་རྒྱལ་རིང་ལུགས་པའི་སྒྱོགས་མདེལ་དེས་གངས་རི་ར་བའི་ལྷིང་འཇགས་ཀྱི་སྒོ་མོ་བཙན་གྱིས་གཏོར་བའི་རྗེས་སུ། སངས་རྒྱས་ཆོས་ལུགས་ཀྱི་ཤེས་རབ་ལས་གཞན་པའི་སྟོབས་དང་ལྡན་པའི་དངོས་ཡོད་ཀྱི་ཤེས་རིག་ཅིག་ཡོད་པ་ཐོལ་གྱིས་རྟོགས་པ་དང་། དེ་འདྲའི་སྟོབས་ལྡན་གྱི་སྒྱོགས་མདེལ་དང་སྲོལ་རྒྱུན་གྱི་རལ་གྲི་དང་འུར་རྡོ་ཕན་ཚུན་བསྡུར་བའི་ཚེ། སྲོལ་རྒྱུན་ཤེས་རིག་དང་ཚན་རྩལ་ཤེས་རིག་གསར་བའི་དབར་གྱི་ཧེ་བག་དེའང་གསལ་ལེར་རྟོགས་བྱུང་བ་རེད། རྒྱུ་མཚན་དེའི་དབང་གིས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་སུ། དབྱིན་ཇིར་ཕྱིན་ཏེ་ཚན་རྩལ་རིག་གནས་སློབ་སྦྱོང་དང་། སྲིད་སྐྱོང་ཐབས་ཇུས། སྤྱི་ཚོགས་ལམ་ལུགས་བསྒྱུར་བཅོས། བོད་གསར་བརྗེའི་ཏང་བཙུགས་པ་སོགས་བསམ་གཞིགས་སྣ་ཚོགས་ཀྱི་ཚ་རླབས་ཤིག་དགུང་དུ་འཕྱུར་ནའང་། ཡིད་སྐྱོ་བ་ཞིག་ནི། རིག་གནས་རྒྱུན་སྲོལ་དང་སྤྱི་ཚོགས་ཧྲིལ་པོའི་བསམ་གཞིགས་ཀྱི་མྱུ་གུ་གསར་དུ་འབུས་བཞིན་པའི་སྐབས་ཡིན་པས། བསྒྱུར་བཅོས་ཀྱི་བསམ་གཞིགས་གང་ཡིན་ཀྱང་ཕམ་ཁའི་ངང་ནས་མཇུག་བསྒྲིལ་བ་ཞིག་རེད། མིའི་རིགས་ཀྱིས་རང་ཉིད་ཀྱི་ལས་དབང་ལ་བཅོས་བསྒྱུར་དང་། ཤེས་རིག་དང་ལྡན་པའི་ལོ་རྒྱུས་གསར་དུ་གཏོད་པའི་བརྒྱུད་རིམ་ཁྲོད་ཕམ་ཉེས་འབྱུང་མི་ཆོག་པ་ཞིག་ག་ལ་ཡིན་ཀྱང་། མདོ་དབུས་མཐོ་སྒང་གི་ཕྱི་རབས་པས་ནམ་ཡང་རང་ཉིད་ཕམ་ཉེས་བྱུང་བའི་རྒྱུ་རྐྱེན་ལ་བསམ་གཞིགས་མི་གཏོང་བའི་རྒྱུ་མཚན་ཅི་ཡིན་ནམ། དུས་རབས་ཉི་ཤུ་པའི་དུས་འགོར་དགེ་འདུན་ཆོས་འཕེལ་གྱིས་བསྒྱུར་བཅོས་བསམ་གཞིགས་བཏང་པའི་ཕྱི་ཡི་ཚུལ་དང་ནང་གི་བདེན་པར་ང་ཚོས་ནམ་ཡང་བསམ་ཞིབ་བྱས་མ་མྱོང་ལ། བསྒྱུར་བཅོས་བྱེད་པའི་བསམ་བློའི་མཛུབ་སྟོན་དང་དམིགས་ཡུལ་ཅི་ཞིག་ཡིན་པར་ཞིབ་འཇུག་དང་དཔྱོད་གླེང་བྱེད་མཁན་གྱི་བོད་རིགས་ཤེས་ལྡན་པ་དེ་བས་བྱུང་མྱོང་མེད། འདི་ནི་དེ་སྔའི་བསྒྱུར་བཅོས་བསམ་གཞིགས་ལ་ལོ་རྒྱུས་ཀྱིས་བདེན་དཔང་འབྱུང་མ་ཐུབ་པའི་རྒྱུ་རྐྱེན་ཞིག་དང་། འབྱུང་འགྱུར་གྱི་བསྒྱུར་བཅོས་བསམ་གཞིགས་གང་ནས་འགོ་བརྩམས་དགོས་པའི་འགག་རྩའི་གནད་དོན་ཞིག་ཡིན་ལ། ད་ལྟའི་ཤེས་ལྡན་སྐྱེ་བོ་རྣམས་ཀྱིས་བསམ་གཞིགས་གཏོང་དགོས་པ་དང་མདུན་དུ་བསྣར་བའི་དངོས་ཡོད་ཞིབ་འཇུག་གི་ལས་གཞི་ཆེན་པོ་ཞིག་ཀྱང་རེད།”(རྩོམ་པ་པོས་རྒྱ་ཡིག་ལས་བསྒྱུར།)[༣༠]ཅེས་བོད་པའི་ཉེ་དེང་གི་ལོ་རྒྱུས་གནད་དོན་སྐོར་ལ་དབྱེ་ཞིབ་དང་ཕྱོགས་བསྡོམས་མཛད་དེ། མ་འོངས་པར་ང་ཚོས་བསམ་གཞིགས་གཏོང་དགོས་པའི་གནད་དོན་དང་ཞིབ་འཇུག་བྱེད་དགོས་པའི་ལས་གཞི་གལ་ཆེན་གང་ཡིན་སྐོར་གསལ་བར་བསྟན་ཡོད། དེ་མིན། སྤྱི་ལོ་2012ལོ་ནས་བཟུང་། ཁོང་གིས་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་གསུང་རྩོམ་དང་རིག་གཞུང་བསམ་བློའི་ཞིབ་འཇུག་དཔེ་ཚོགས་ཤིག་པར་སྐྲུན་བགྱི་བའི་འཆར་འགོད་བཟོས་ཤིང་། མཁས་དབང་དུང་དཀར་རིན་པོ་ཆེའི་རིག་གཞུང་བསམ་བློ་ལ་དངོས་ཐོག་བདེན་འཚོལ་གྱིས་ཞིབ་འཇུག་གནང་སྟེ། བསམ་གཞིགས་གསར་པའི་ལོ་རྒྱུས་ལྟ་ཚུལ་གྱི་སྲོལ་འབྱེད་པ་ཞེས་པའི་གདེང་འཇོག་ཚུལ་དང་མཐུན་པ་ཞིག་མཛད་ཡོད་པ་དང་།《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དཔྱད་རྩོམ་ལེགས་བསྡུས་》[༣༡]ཞེས་པ་དང་།《རིག་གཞུང་སྨྲ་བའི་རྣམ་དཔྱོད_མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་རིག་གཞུང་བསམ་བློའི་ཞིབ་འཇུག་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་》[༣༢]ཞེས་པའི་དཔེ་དེབ་གཉིས་རྩོམ་སྒྲིག་བགྱིས་ཏེ་པར་སྐྲུན་བྱས་ཟིན་པ་དང་།《བསམ་གཞིགས་གསར་བའི་ལོ་རྒྱུས་ལྟ་ཚུལ་གྱི་སྲོལ་འབྱེད་པ_མཁས་དབང་དགེ་འདུན་ཆོས་འཕེལ་དང་སློབ་དཔོན་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་》[༣༣]ཞེས་པ་དང་།《དུང་དཀར་བློ་བཟང་འཕྲིན་ལས་ཀྱི་བསམ་གཞིགས་གསར་བའི་ལོ་རྒྱུས་ལྟ་ཚུལ་དཔྱོད་གླེང་》[༣༤]ཞེས་པའི་ཆེད་རྩོམ་སྤེལ་ཏེ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་རིག་གཞུང་ལྟ་ཚུལ་ལ་དོན་དངོས་དང་མཐུན་པའི་གདེང་འཇོག་གནང་བ་དང་དུས་མཚུངས་སུ། སློབ་དཔོན་ཆེན་མོ་ཁོང་གི་མི་ཚེའི་བཤུལ་ལམ་དང་རིག་གཞུང་བསམ་བློ་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་པའི་བགྲོད་ལམ་ཞིག་གསར་དུ་བཏོད་ཡོད།
  གཞན་ཡང་། སྤྱི་ལོ་2012ལོ་ནས་སྤྱི་ལོ་2013ལོའི་བར་གོང་རིམ་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པའི་འགན་བཞེས་པའི་ལོ་གཅིག་རིང་། ཁོང་གིས་ངལ་བ་བརྒྱ་ཕྲག་ཁྱད་དུ་བསད་དེ། ཀན་ལྷོའི་ལོ་རྒྱུས་རིག་གནས་དཔེ་ཚོགས་ཞེས་པ་འཆར་འགོད་དང་རྩོམ་སྒྲིག་པ་གཙོ་བོའི་ཐུགས་འགན་བཞེས་ནས་《ཀན་ལྷོ་ཁུལ་གྱི་བོད་ཀྱི་ཚོ་པ་ཤོག་པའི་སྤྱི་ཚོགས་ལོ་རྒྱུས་དང་རིག་གནས་ཞིབ་འཇུག་》ཅེས་པ་ལ་སོགས་པའི་དཔེ་དེབ་ཉེར་བཞི་ཙམ་[༣༥]ལོ་དེ་ཉིད་ལ་རྩོམ་སྒྲིག་བགྱིས་ཏེ་པར་བསྐྲུན་བྱས། དཔེ་ཚོགས་འདིའི་ནང་ཀན་ལྷོ་ས་ཁུལ་གྱི་ས་གནས་ལོ་རྒྱུས་དང་། དམངས་སྲོལ། མི་སྣ། དམངས་ཁྲོད་ཀྱི་སྒྱུ་རྩལ་རིག་གནས་སོགས་ཕྱོགས་མང་པོ་ཞིག་འདུས་ཡོད་ཅིང་། དམངས་ཁྲོད་ཀྱི་ངག་རྒྱུན་རིག་གནས་དེ་དག་ཡིག་ཐོག་ཏུ་བཀོད་དེ་རྒྱ་ཆེའི་ཀློག་པ་པོའི་སྤྱན་སྔར་བཀྲམས་པ་དེས་ཀན་ལྷོའི་ལོ་རྒྱུས་ཐོག་གི་སྟོང་ཆ་དེ་བསྐངས་ཡོད་པ་དང་། དམངས་ཁྲོད་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་རྒྱུན་འཛིན་དར་སྤེལ་གཏོང་བའི་ཐད་མཛད་རྗེས་བླ་ན་མེད་པ་ཞིག་བཞག་ཡོད། སྤྱིར་ན་ཁུལ་དཔོན་གཞོན་པའི་འགན་འཁུར་གནང་བའི་ལོ་གཅིག་གི་རིང་ནི་ཅུང་ཟད་ལྷོད་གཡེང་གིས་བཞུགས་པའི་གོ་སྐབས་ཤིག་ཡིན་མོད། འོན་ཀྱང་ཁོང་གིས་“ངས་རང་ཉིད་ཀྱི་ལས་ཀར་འགན་འཁུར་བ་དང་རང་ཉིད་ཀྱི་ནུས་ཚོད་ཀྱིས་ཧུར་ཐག་གིས་ལས་ཀ་ཞིག་བསྒྲུབས་ཡོད། ནམ་རྒྱུན་མཚན་ཕྱེད་ཡོལ་ཙམ་བར་གཞུང་ལས་ཁང་དུ་བསྡད་དེ་དཔེ་དེབ་རྩོམ་སྒྲིག་བྱས་པ་ཡིན། ”[༣༦]ཞེས་ཁོ་བོར་ཡང་ཡང་གསུངས་བྱུང་། རྗེས་སུ་ལྷ་སར་ཕྱིར་ལོག་ཕེབས་རྗེས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཚན་ཞིབ་ལས་དོན་གྱི་འགན་འཁུར་མུ་མཐུད་གནང་བའི་ཞོར་དུ། གསར་དུ་བཙུགས་མ་ཐག་པའི་བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ཁང་གི་དབུ་འཛིན་གཙོ་བོ་ཡིན་པའི་ངོས་ནས།《བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་》[]ཅེས་པའི་ཐོག་མའི་དུས་དེབ་ཀྱི་གཙོ་སྒྲིག་པའི་ཐུགས་འགན་བཞེས་ཏེ་བོད་ཡིག་དང་རྒྱ་ཡིག་གི་དུས་དེབ་ཟུང་འགྲེམས་སྤེལ་བྱས། དེ་མིན་ལོ་དེར་ཁོང་གིས་འགན་གཙོ་གནང་བའི་《པཎ་ཆེན་སྐུ་ཕྲེང་དང་པོ་ནས་དགུ་བའི་བར་གྱི་རྣམ་ཐར་ཕྱོགས་བསྒྲིགས་》[༣༧]དཔེ་དེབ་བཅུ་གཉིས་ཀྱི་བདག་ཉིད་ཅན་ཞིག་པར་བསྐྲུན་ཞུས་པ་དང་། དེ་མིན་ལྗོངས་ཕྱི་ནང་གི་རྒྱ་བོད་ཡིག་རིགས་ཟུང་ལ་མཁས་པའི་འབྲེལ་ཡོད་ཆེད་མཁས་མང་པོ་ཞིག་དང་མཉམ་འབྲེལ་གྱིས་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་རྒྱ་ཡིག་ཏུ་བསྒྱུར་བ་དང་སྦྲགས་མཆན་བུ་འདེབས་པའི་འཆར་འགོད་བཟོས་ཏེ་ལས་གཞི་འདི་འགོ་བརྩམས་པ་དང་། གྲོང་ཁྱེར་ལྷ་སའི་ལོ་རྒྱུས་རིག་གནས་ཞེས་པའི་དཔེ་དེབ་བཅུའི་བདག་ཉིད་ཅན་ཞིག་རྩོམ་སྒྲིག་གི་འཆར་འགོད་དང་ལས་གཞིའི་འགན་གཙོ་གནང་བ་དང་། གཞན་ཡང་བོད་བརྒྱུད་ཐུབ་བསྟན་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་ཞེས་པའི་ཞིབ་འཇུག་རྣམ་གྲངས་ཀྱི་འགན་གཙོ་གནང་སྟེ་མཐའ་མའི་ཞིབ་བཤེར་གྱི་ལས་འགན་གནང་མུར་གློ་བུར་དུ་འདི་སྣང་གི་འཇིག་རྟེན་དང་ཞལ་གྱེས་སོང་བ་ནི་བོད་རིག་པའི་ལས་དོན་ཐད་གྱོང་གུན་ཚབས་ཆེན་བྱུང་བ་ཞིག་ཡིན། 

             བཞི། དེང་རབས་ཅན་དུ་བསྐྱོད་པའི་བསམ་གཞིགས།

  འདིར་ཁོང་གི་འབོལ་རྩོམ་ཞིག་གི་ཁ་བྱང་“དེང་རབས་ཅན་དུ་བསྐྱོད་པའི་བསམ་གཞིགས་”ཞེས་པ་འདི་མཇུག་བྱང་གི་ཚུལ་དུ་འགོད་རྒྱུ་ཡིན་ཞིང་། དེ་ལྟར་འགོད་པ་ལ་རྒྱུ་མཚན་གསུམ་ཡོད་དེ། རྩོམ་འདི་ནི་སྤྱི་ལོ་2014ལོའི་ཟླ9ཚེས་21ལོའི་བོད་ལྗོངས་ཉིན་རེའི་ཚགས་པར་རྒྱ་ཡིག་པར་མའི་སྟེང་འཁོད་[༣༨]ཡོད་པ་དང་། ཕལ་ཆེར་ཁོང་གིས་བྲིས་པའི་ཆེས་མཇུག་མཐའི་རྩོམ་ཡིག་ཡིན་པ་འདྲ། གཉིས་སུ་རྩོམ་ཡིག་འདི་ལ་ཁོང་གིས་མཐོང་ཆེན་པོ་གནང་གི་ཡོད་པ་དང་།“རྩོམ་འདིའི་ནང་ངས་ད་ལྟའི་བར་དུ་བསམ་གཞིགས་བགྱིས་པ་ཡོད་ཚད་ལ་ཕྱོགས་བསྡོམས་བྱས་ཡོད་”[༣༩]ཅེས་གསུངས་པས་ཡིན། གསུམ་ནི། རྩོམ་ཡིག་འདི་བོད་ལྗོངས་ཉིན་རེའི་ཚགས་པར་དུ་འཁོད་མ་ཐག་ཀྲུང་གོའི་ལོ་རྒྱུས་དངོས་གཙོ་རིང་ལུགས་མི་སྐྱོང་མི་བཀོལ་ཚན་རིག་ཨུ་ལྷན་ནས་བསྒྲིགས་པའི་སྤྱི་ལོ་2014ལོའི་ཏང་གི་འཛུགས་སྐྲུན་དང་ཆབ་སྲིད་བསམ་བློའི་ཕུལ་བྱུང་གྲུབ་འབྲས་བདམས་བསྒྲིགས་ཞེས་པའི་དེབ་ནང་བདམས་ཏེ་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་ཡོད་པས། གཤམ་དུ་ཁོང་གི་རྩོམ་ཡིག་འདིའི་ནང་གི་གལ་ཆེའི་ཚིག་ཁ་ཤས་ཇི་བཞིན་ཀློག་པ་པོའི་གཟིགས་མོར་བསྟར་བར་བྱ་སྟེ། ཀུན་གྱིས་མཁྱེན་གསལ་ལྟར། བཙན་པོ་དར་མ་འཇོན་ནུས་མ་ལྡན་པའི་སྟབས་ཀྱིས་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་སྟེ། མདོ་དབུས་མཐོ་སྒང་གི་ཆབ་སྲིད་མི་བརྟན་སིལ་བུར་གྱུར་པ་དང་། སྤྱི་ཚོགས་ཀྱི་སྒྲིག་གཞི་རྙོག་འཛིང་ཆེ་བ། རིག་གནས་དང་དད་མོས་ཉམས་ཉེས་སུ་འགྱུར་བའི་དུས་རབས་ཤིག་ཏུ་སླེབས་པ་རེད། སིལ་བུར་འཐོར་བའི་རྗེས་ཀྱི་འཕེལ་འགྱུར་གྱི་ཁ་ཕྱོགས་ཇི་ལྟར་གདམ་གསེས་བྱེད་རྒྱུ་དང་། ཤེས་རྟོགས་དང་རིག་གནས་བསམ་གཞིགས་ཡོད་ཚད་ཇི་ལྟར་གསར་འཛུགས་བྱེད་རྒྱུ་དེ་ནི་དུས་སྐབས་དེའི་མཐོ་སྒང་པའི་མདུན་དུ་ལྷགས་པའི་དངོས་ཡོད་ཀྱི་གནད་དོན་ཆེན་པོ་ཞིག་རེད། སྐབས་དེར། སྤྱི་ཚོགས་ཀྱི་སྒྲིག་གཞི་འཐོར་ཞིག་སོང་བ་དང་མི་རྣམས་ཟང་ཟིང་དུ་གྱུར་ཡོད་པས། མཐོ་སྒང་གི་ཤེས་ཡོན་ཅན་རྣམས་ལ་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་མནོ་བསམ་གཏོང་བའི་གོ་སྐབས་མང་པོ་ཞིག་འབྱུང་ཐབས་མེད། རྒྱུ་མཚན་ནི། མིའི་རིགས་ཀྱི་འཚོ་གནས་དང་གོ་ལ་རིལ་པོའི་འཕེལ་རྒྱས་ཀྱི་ཆོས་ཉིད་ལྟར་ན་བློ་སྒོ་ཡངས་པོར་ཕྱེ་བའི་རྗེས་སུ་བསྐྱར་དུ་གདམ་གསེས་བྱེད་དགོས་ན་ངེས་པར་དུ་བསམ་གཞིགས་མཁྲེགས་འཛིན་གྱི་ཕྱོགས་སུ་འགྲོ་བ་དང་། སེམས་ཁམས་བཀག་སྡོམ་གྱི་ལམ་དུ་འགྲོ་སྲིད། ”ཅེས་དང་།“གཅིག་བྱས་ན་འདི་ནི་ང་ཚོ་དེང་རབས་ཀྱི་མིས་སྲོལ་རྒྱུན་རིག་གནས་ཀྱི་ཕྱི་ཡི་ཚུལ་དང་ནང་གི་བདེན་པར་བསམ་ཞིབ་བྱེད་སྐབས་འཛེམ་དོགས་མེད་པར་དང་ལེན་བྱེད་དགོས་པའི་ལོ་རྒྱུས་ཀྱི་གནད་དོན་ཞིག་ཡིན་པ་དང་། ང་ཚོ་དེང་རབས་ཀྱི་མིའི་བསམ་བློའི་ནང་རྙིང་ཞེན་གྱི་ཚོར་བ་དང་བློ་ཕམ་ཡིད་ཆད་འབྱུང་བའི་རྒྱུ་རྐྱེན་གཙོ་བོའང་ཡིན་རྒྱུ་རེད། ”(རྩོམ་པ་པོས་རྒྱ་ཡིག་ལས་བསྒྱུར།)[༤༠]ཅེས་གསུངས་པ་འདི་ནི་ཁོང་གིས་བོད་རྙིང་པའི་གནད་དོན་ཅན་གྱི་ལོ་རྒྱུས་ལ་དབྱེ་ཞིབ་དང་བརྟག་དཔྱད་གནང་བའི་སྡོམ་ཚིག་ཅིག་ཡིན་པ་དང་། ཡང་“ང་ཚོས་སྤྱི་ལོ་1951ལོའི་ཡར་སྔོན་གྱི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཀྱི་འཚོ་བའི་གནས་ཚུལ་ལ་ཕྱིར་དྲན་དང་། འཕེལ་རྒྱས་ཀྱི་བསམ་གཞིགས་ཀྱི་ངོས་ནས་གནད་དོན་འདི་ལ་འདང་བརྒྱབ་ཚེ། མཐོ་སྒང་པ་ཅིའི་ཕྱིར་རྗེས་ལུས་དང་། རྙིང་ཞེན། ཅིའི་ཕྱིར་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་འཕེལ་རྒྱས་སུ་འགྲོ་མ་ཐུབ་པའི་རྒྱུ་མཚན་ལས་སླ་པོར་རྟོགས་ངེས། དེ་ཡང་ཡིན་ཏེ། གནད་དོན་དེ་དག་ཐམས་ཅད་སྲོལ་རྒྱུན་གྱི་བསམ་གཞིགས་རྙིང་བ་ཁོ་ནར་བརྟེན་ནས་བྱུང་བ་ཞིག་མ་ཡིན་པར་དུས་རབས་འདིར་འཚོ་ཞིང་གཞེས་པའི་ཤེས་ཡོན་ཅན་དག་གིས་དུས་རབས་ཀྱི་འགན་མ་འཁུར་བར་ཡང་འབྲེལ་བ་ཆེན་པོ་ཡོད།”(རྩོམ་པ་པོས་རྒྱ་ཡིག་ལས་བསྒྱུར།)[༤༡]ཅེས་པའི་གསུང་འདིས་མཐོ་སྒང་པ་རྣམས་སྔོན་ཐོན་མི་རིགས་གཞན་དང་བསྡུར་ན་རྗེས་ལུས་ཡིན་པའི་རྒྱུ་རྐྱེན་གཞན་ཞིག་ནི་སྔ་རབས་བོད་ཀྱི་ཤེས་ཡོན་ཅན་གྱིས་དུས་རབས་ལ་འགན་མ་འཁུར་བ་ཡིན་ཚུལ་བསྟན་ཡོད་པ་དང་། ང་ཚོ་ད་ལྟའི་དུས་རབས་སུ་འཚོ་བའི་ཤེས་ཡོན་ཅན་རྣམས་ཀྱིས་ཀྱང་ངེས་པར་དུ་དུས་རབས་ལ་འགན་འཁུར་དགོས་ཚུལ་སྐོར་གདམས་ཡོད། དེ་མ་ཟད་“དཔལ་འབྱོར་འཛམ་གླིང་རང་བཞིན་ཅན་དུ་གྱུར་བའི་ད་ལྟའི་དུས་འདིར། མཐོ་སྒང་པས་དེང་རབས་ཅན་གྱི་ཆོ་འཕྲུལ་འདི་ཁས་ལེན་མི་བྱེད་ཐབས་མེད་དུ་གྱུར་ཡོད། སྤྱིར་དེང་རབས་ཅན་གྱིས་རྒྱུས་མེད་ཀྱི་དངོས་པོ་གསར་བ་གང་ཞིག་བསྐྲུན་པ་དང་། ང་ཚོ་ལ་འཇིག་ཉེན་ཅི་ཞིག་བསྐྱལ་འོང་ནའང་། དེང་རབས་ཅན་དང་ལེན་མི་བྱེད་པ་ནི་མིའི་རིགས་ཀྱི་འཇིག་རྟེན་དང་ཁ་བྲལ་བསམ་པ་དང་། མིའི་རིགས་ཉེ་བར་འཚོ་བའི་གོ་ལ་ཟླུམ་པོ་དང་ཁ་འབྲལ་འདོད་པ་དེ་རེད། དེང་རབས་ཅན་དང་ལེན་མི་བྱེད་པ་ནི་དབུལ་པོ་དང་། རྗེས་ལུས། བླུན་རྨོངས་ཀྱི་འཚོ་བ་ཞིག་དང་ལེན་བྱས་པ་དང་ཆ་མཚུངས་ཤིང་། མིའི་རིགས་ཀྱི་སྤྱི་ཚོགས་དང་ཁ་བྲལ་བའམ་དེ་ལ་འཚོ་གནས་བྱེད་པའི་དུས་རབས་དང་ཁ་བྲལ་བ་ཞིག་རེད། དེང་རབས་ཅན་དང་ལེན་མི་བྱེད་པའི་བྱེད་ཐབས་ལ་བརྟེན་ན་མིའི་རིགས་ཀྱིས་རང་ཉིད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་ཐབས་བྲལ་བས། དེང་རབས་ཅན་དང་ལེན་མི་བྱེད་པའི་མཇུག་འབྲས་ཇི་ལྟ་བུ་ཞིག་ཡིན་པ་བློས་དཔོག་ཐུབ་པ་སྟེ། མཐོ་སྒང་གི་སྲོལ་རྒྱུན་རིག་གནས་ཉིད་ཉམས་རྒུད་དང་རྩ་མེད་དུ་འགྲོ་བའི་ལམ་ཁ་ཞིག་ཏུ་བསྐྱལ་བཞིན་པ་དེའོ། ། དེའི་རྒྱུ་མཚན་གྱིས། ང་ཚོས་དེང་རབས་ཅན་དང་སྲོལ་རྒྱུན་རིག་གནས་གཉིས་འགལ་བ་ལྟག་སྤྲོད་དུ་མི་བསམ་པ་དང་། དེང་རབས་ཅན་དུ་སྙེགས་པའི་མཐར་ཐུག་གི་དམིགས་པ་ནི། མཐོ་སྒང་གི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་འདི་ཉིད་སྲུང་སྐྱོབ་དང་། དར་སྤེལ། རྒྱུན་འཛིན། བདག་གཅེས་བྱེད་པའི་ཕྱིར་དུ་ཡིན་པས། ཁྱེད་ཀྱིས་དེ་འདྲ་བསམ་གྱི་མེད་དམ། གལ་ཏེ་དེང་རབས་ཅན་མེད་ན། ཐོན་སྐྱེད་ནུས་ཤུགས་ཀྱི་སྒོ་འབྱེད་མི་ཐུབ་པས། མི་རྣམས་ཀྱིས་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་བྱེད་འདོད་ཀྱང་སྲུང་སྐྱོབ་བྱེད་ནུས་སམ། ཤེས་རིག་ལྡན་ཞིང་སྤྲོ་སྐྱིད་ལྡན་པའི་ཡིད་འོང་གི་མཐོ་སྒང་ཞིག་གསར་དུ་བསྐྲུན་འདོད་ཀྱང་བསྐྲུན་ནུས་སམ། འབྱུང་བར་འགྱུར་བའི་འཕེལ་རྒྱས་ཀྱི་འཆར་འགོད་ཅིག་བཟོ་འདོད་ཀྱང་བཟོ་ནུས་སམ། གལ་ཏེ་དེ་ལྟར་མི་ནུས་ན། ང་ཚོས་བསམ་གཞིགས་ཡོད་ཚད་ཀྱི་ཤེས་རྟོགས་དང་རིན་ཐང་གི་གནད་དོན་ལ་བསྐྱར་དུ་དཔྱད་འཇོག་བྱེད་དགོས་པ་དང་། ང་ཚོའི་བསམ་གཞིགས་ཀྱི་ཤེས་རྟོགས་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་བའི་ཆོས་ཉིད་ཟུང་འབྲེལ་གྱིས་དེང་རབས་ཅན་དང་ལེན་བྱས་ཏེ། དངོས་ཡོད་དང་འཚམ་པའི་མི་ཞིག་བྱེད་དགོས། སྤྱི་ཚོགས་འཚོ་བའི་ཁྲོད་དུ་སྣང་བས་མུན་པའི་ཚབ་བྱེད་པ་དང་། ཤེས་རབ་ཀྱིས་གཏི་མུག་གི་ཚབ་བྱེད་པ། བློ་སྒོ་ཡངས་པོས་བཀག་སྡོམ་གྱི་ཚབ་བྱེད་པ། དེང་རབས་ཅན་གྱིས་རྗེས་ལུས་དང་དབུལ་བོའི་ཚབ་བྱེད་ཀྱི་ཡོད་པས། འདི་ནི་མདོ་དབུས་མཐོ་སྒང་འཕེལ་རྒྱས་སུ་འགྲོ་བའི་གདམ་གསེས་ཉག་གཅིག་ཡིན་ལ། མདོ་དབུས་མཐོ་སྒང་ཉིད་ཡར་རྒྱས་གོང་འཕེལ་གྱི་ལམ་ཁ་ཞིག་ཏུ་བསྐྱོད་པའི་ཐབས་ལམ་ཉག་གཅིག་ཀྱང་ཡིན། ”(རྩོམ་པ་པོས་རྒྱ་ཡིག་ལས་བསྒྱུར།)[༤༢]ཞེས་མདོ་དབུས་མཐོ་སྒང་པ་རྣམས་ཀྱིས་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་འདི་ཉིད་སྲུང་སྐྱོབ་དང་དར་སྤེལ་གཏོང་དགོས་ན་ངེས་པར་དུ་དངོས་ཡོད་སྤྱི་ཚོགས་དང་འཚམ་པའི་མི་ཞིག་བྱས་ཏེ། ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་ལམ་ཁར་བསྐྱོད་དགོས་ཚུལ་སྐོར་མཛུབ་མོས་རི་སྟོན་ལྟ་བུའི་གསལ་ཁ་བཏོད་ཡོད་དོ། །

མཇུག་བསྡུའི་གཏམ། 

  བོད་རིག་པའི་མཁས་དབང་འབྲོང་བུ་ཚེ་རིང་རྡོ་རྗེ་ནི་སྒེར་སེམས་ཆུང་ཞིང་གཞུང་དོན་ལ་བརྩོན་པ་ལྷུར་ལེན་གནང་མཁན་གྱི་མཁས་པ་ཞིག་ཡིན་ལ། ཁོང་གིས་ཕྱག་ལས་ཅི་ཞིག་བསྒྲུབས་ཀྱང་ཕུགས་འདུན་རིང་ཞིང་གཟབ་ནན་གྱིས་མཐའ་འཁྱོལ་བར་བྱེད་ཅིང་། ཐུགས་འགན་དང་ལེན་བྱེད་པའི་སྐྱེས་བུ་དམ་པ་ཞིག་ཡིན། ཁོང་ངེད་ཅག་དང་ཞལ་གྱེས་ཏེ་ལོ་གཅིག་འཁོར་ལ་ཉེ་ཡང་ད་དུང་ཁོང་གི་ཕྱག་ལས་ལ་བྲེལ་བའི་གཟུགས་བརྙན་དེ་ཡིད་ལ་ཝ་ལེར་ཤར་འོང་ལ། ཁོང་གིས་གསུངས་མྱོང་པའི་གལ་འགངས་ཅན་གྱི་བཀའ་མོལ་ཡང་རྣ་ལམ་དུ་གསལ་ལྷང་ངེར་འོང་གིན་འདུག“བདག་གི་འོས་འགན་ནི་རང་གིས་རང་ལ་འགན་འཁུར་བ་དང་། མི་རབས་འདིའི་རེ་འདུན་ཡོད་ཚད་སྟོང་ཟད་དུ་མི་འགྲོ་བའི་ཕྱིར་འབད་འབུངས་བྱ་རྒྱུ་ཡིན། ”[༤༣]ཞེས་ཁོང་ཉིད་ཕོ་ལོ་སུམ་ཅུ་ཟིན་མ་ཐག་པའི་སྐབས་སུ་གསུངས་ཡོད་པ་ལྟར། ཁོང་གིས་རྟག་པར་“ལས་ཀ་ཅི་ཞིག་བསྒྲུབས་ཀྱང་གཟབ་ནན་དང་དངོས་ཐོག་བདེན་འཚོལ་བྱེད་དགོས་པ་དང་། དུས་རབས་ལ་འགན་འཁུར་བའི་ཤེས་ཡོན་ཅན་ཞིག་བྱེད་དགོས་”[༤༤]ཞེས་པའི་བཀའ་མོལ་གནང་བ་དེ་དག་གིས་ཁོ་བོར་བག་ཆགས་ཟབ་མོ་ཞིག་བཞག་བྱུང་། 
  འབྲོང་བུ་ཚེ་རིང་རྡོ་རྗེ་མཆོག་གིས་རང་ཉིད་ཀྱི་མི་ཚེ་ཐུང་ཐུང་དེའི་ནང་རང་ནུས་གང་ཡོད་བོད་རིག་པའི་ཞིབ་འཇུག་གི་ལས་དོན་ཐོག་འདོན་སྤེལ་གནང་སྟེ་བླ་ན་མེད་པའི་མཛད་རྗེས་ཞིག་བཞག་ཡོད་པ་དེ་ནི། ཁོང་གི་མི་ཚེའི་རིན་ཐང་ལྟ་ཚུལ་དང་འབྲེལ་བ་དམ་པོ་ཡོད་པ་དང་།  ཁོང་ཚེ་ཡི་འཕེན་པ་རྫོགས་ལ་ཉེ་བའི་མཇུག་མཐའི་དུས་དེར་“ངས་རང་གི་མི་ཚེ་འདི་ཆུད་ཟོས་སུ་གཅིག་ཀྱང་བཏང་མེད་”[༤༥]ཅེས་གསུངས་པ་ལྟར། བརྒྱ་ལམ་ན་རྙེད་པར་དཀའ་བའི་ལུས་པོ་འདི་མ་འཇིག་པའི་བར་དུ་མི་ཚེ་སྟོང་ཟད་དུ་མི་གཏོང་བར་སྙིང་བོ་དོན་ལྡན་གྱི་བྱ་གཞག་ཅིག་གི་ཕྱིར་དུ་ཧུར་བརྩོན་བྱེད་པ་ནི་ཁོང་གི་སྤྱོད་ལམ་ན་མངོན་པར་གསལ་པའི་ཐུན་མིན་ཁྱད་ཆོས་ཤིག་ཡིན་པས། ཁོང་གི་བླ་མེད་ཀྱི་ཐུགས་གཤིས་འདི་དང་མཁྱེན་རྒྱ་ཡངས་པའི་གསར་གཏོད་ཀྱི་བློ་གྲོས་སོགས་ལ་སེམས་གཏིང་ནས་རྗེས་སུ་ཡི་རངས་དང་གོང་བཀུར་ཞུ་འོས་པ་ཞིག་རེད། ཁོང་གི་བདེན་པ་ལ་དགའ་བའི་ཐུགས་གཤིས་དང་རིག་གཞུང་བསམ་བློ་གཉིས་ཆུ་དང་འོ་མ་བཞིན་གཅིག་ཏུ་འདྲེས་ཡོད་པས། འདིར་ཕྲན་གྱིས་རང་གི་ལག་ཏུ་ཟིན་ཚད་ཀྱི་ཕྱག་རྩོམ་དག་ལ་གཞིར་བྱས། རང་ཉིད་ནམ་རྒྱུན་ཁོང་གི་ཐུགས་གཤིས་ལ་རྒྱུས་མངའ་ཅུང་ཟད་ཡོད་པའི་བསམ་ཚོར་ལ་བརྟེན་ཏེ། དམ་པ་ཁོང་གི་རིག་གཞུང་བསམ་བློ་ལ་དཔྱད་པའི་ཁུལ་བྱས་པ་ནི་རྒྱ་མཚོ་ལས་ཆུ་ཐིགས་བླངས་པ་ཙམ་དུ་ཟད་ཅིང་། ཁོང་གི་གཏན་ཚིགས་ཀྱི་སྲད་བུས་བརྒྱུས་པའི་ལེགས་རྩོམ་གཞན་གང་མང་ཞིག་བཀླགས་མ་ཐུབ་པར་བརྟེན། རྗེས་དྲན་རྩོམ་ཡིག་འདི་ལ་མི་འདང་བའི་ཆ་མི་ཉུང་བ་ཞིག་འབྱུང་སྲིད་པས། དཔྱོད་ཡངས་ཀློག་པ་པོ་རྣམས་ཀྱིས་ཡོ་བསྲང་དང་སློབ་སྟོན་ཡོང་བར་མཁྱེན་མཁྱེན་ཞུ་ཞེས་ཁོང་ཉིད་དང་རིང་ནས་འདྲིས་ཤིང་ལས་གྲོགས་ཀྱི་གྲལ་མཐའ་ཙམ་ཟིན་པ་དོ་རྒྱ་དབང་དྲག་རྡོ་རྗེ་ནས་གུས་པས་སྦྱར། །

 

 

དཔྱད་གཞིའི་ཡིག་ཆ།


༡ འབྲོང་བུ་ཚེ་རིང་རྡོ་རྗེ། སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས། 【M】པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1994ལོའི་ཟླ་8པར་ཐེངས་དང་པོར་པར་དུ་བསྐྲུན།
༢ འབྲོང་བུ་ཚེ་རིང་རྡོ་རྗེ། སྣ་ཚོགས་གངས་རིའི་ཁྲོད་ཀྱི་བསམ་གཞིགས། 【M】པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1994ལོའི་ཟླ་8པར་དུ་བསྐྲུན། ཤ29།
༣ འབྲོང་བུ་ཚེ་རིང་རྡོ་རྗེ། བོད་ཀྱི་ཤེར་རྟོགས་རིག་པའི་རིགས་ཤེས།【M】ཀན་སུའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1996ལོའི་ཟླ7པར་ནས་པར་དུ་བསྐྲུན།
༤ འབྲོང་བུ་ཚེ་རིང་རྡོ་རྗེ། བོད་ཀྱི་ཤེར་རྟོགས་རིག་པའི་རིགས་ཤེས།【M】 ཀན་སུའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1996ལོའི་ཟླ7པར་ནས་པར་དུ་བསྐྲུན།  ཤ44།
༥ འབྲོང་བུ་ཚེ་རིང་རྡོ་རྗེ། རྟོགས་གཞིགས་གསར་བའི་ཡོ་ལང་། 【M】 བོད་ལྗོངས་ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་1999ལོའི་ཟླ་9པར་ཐེངས་དང་པོར་པར་དུ་བསྐྲུན། 
༦ འབྲོང་བུ་ཚེ་རིང་རྡོ་རྗེ། བསྐལ་བའི་གཏམ་གླེང་དམར་ལྡང་མ།【M】པེ་ཅིན། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་2002ལོར་ཐེངས་དང་པོར་པར་དུ་བསྐྲུན། སྤྱི་ལོ་2015ལོར་བསྐྱར་དུ་དག་བཅོས་མཛད་དེ་མིའི་རིགས་ཤེས་རབ་ཀྱི་འཇུག་ངོགས་ཞེས་མིང་བཏགས་ཏེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༧ འབྲོང་བུ་ཚེ་རིང་རྡོ་རྗེ། མིའི་རིགས་ཤེས་རབ་ཀྱི་རྣམ་གཞག 【M】པེ་ཅིན། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་2004ལོར་ཐེངས་དང་པོར་པར་དུ་བསྐྲུན། སྤྱི་ལོ་2015ལོར་བསྐྱར་དུ་དག་བཅོས་མཛད་ཅིང་ནུབ་ཕྱོགས་ཤེར་རྟོགས་རིག་པའི་འཇུག་ངོགས་ཞེས་མིང་བཏགས་ཏེ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༨ འབྲོང་བུ་ཚེ་རིང་རྡོ་རྗེ། ཤེར་རྟོགས་རིག་པའི་ཚིག་བུམ། 【M】པེ་ཅིན། མི་རིགས་དཔེ་སྐྲུན་ཁང་ནས་སྤྱི་ལོ་1997ལོར་ཐེངས་དང་པོར་པར་དུ་བསྐྲུན།
༩ འབྲོང་བུ་ཚེ་རིང་རྡོ་རྗེ། རྩོད་བཟློག་ཐེམ་སྤུངས་མ།【M】ཀན་སུའུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་2007ལོའི་ཟླ་11པར་ཐེངས་དང་པོར་པར་དུ་བསྐྲུན། ཤ2།
༡༠ འབྲོང་བུ་ཚེ་རིང་རྡོ་རྗེ། དེང་རབས་ཅན་དུ་བསྐྱོད་པའི་བསམ་གཞིག བོད་ལྗོངས་ཉིན་རེའི་ཚགས་པར། རྒྱ་ཡིག་དཔར་མ། 2014ལོའི་ཟླ9ཚེས་21ཉིན།
༡༡ རྩོད་བཟློག་ཐེམ་སྤུངས་མ་ཞེས་པའི་བརྩམས་དེབ་འདི་སྤྱི་ལོ་2005ལོ་ནས་བཟུང་པར་སྐྲུན་བྱེད་པའི་འགོ་ཚུགས་ཤིང་། 2007ལོའི་ཟླ་11པར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་དུ་བསྐྲུན། 
༡༢ རྩོད་བཟློག་ཐེམ་སྤུངས་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2007ལོའི་ཟླ་11། ཤོག་གྲངས་320ན་གསལ།
༡༣ ཆོས་ལུགས་དར་འཕེལ་བྱུང་བའི་ལོ་རྒྱུས་སྤྱི་དོན་ཞེས་པའི་བརྩམས་དེབ་འདི་སྤྱི་ལོ་2009ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༡༤ དུས་རབས་11པ་དང་12པའི་དབུས་གཙང་དགོན་སྡེའི་ཞིབ་འཇུག་ཅེས་པའི་བརྩམས་དེབ་འདི་སྤྱི་ལོ་2009ལོར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། 
༡༥ ངོ་མཚར་བའི་བོད་ཀྱི་བཙུན་པ་ཞིག་གི་རྣམ་ཐར་ཞེས་པའི་བསྒྱུར་དེབ་འདི་སྤྱི་ལོ་2009ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། 
༡༦ རྩོད་བཟློག་ཐེམ་སྤུངས་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2007ལོའི་ཟླ་11། ཤོག་གྲངས་37ན་གསལ།
༡༧ བོད་ཀྱི་ལོ་རྒྱུས་ལ་དཔྱོད་པའི་དེང་རབས་པ་ཞེས་པའི་བརྩམས་དེབ་འདི་སྤྱི་ལོ་2010ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གཉིས་མཉམ་འབྲེལ་གྱིས་པར་དུ་བསྐྲུན།
༡༨ ཆབ་སྤེལ་ལགས་ལ་བཅར་འདྲི་ཞུས་པའི་ཟིན་ཐོ་ཞེས་པའི་བརྩམས་དེབ་འདི་སྤྱི་ལོ་2008ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གཉིས་མཉམ་འབྲེལ་གྱིས་པར་དུ་བསྐྲུན།
༡༩ ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རིག་གཞུང་བསམ་བློའི་དཔྱོད་གླེང་ཞེས་པའི་བརྩམས་དེབ་འདི་སྤྱི་ལོ་2011ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༢༠ ཆབ་སྤེལ་གྱི་དགུང་ཚིགས་རགས་བསྒྲིགས་ཞེས་པའི་བརྩམས་དེབ་འདི་སྤྱི་ལོ་2004ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༢༡ ཆབ་སྤེལ་གྱི་གསུང་རྩོམ་དང་རིག་གཞུང་བསམ་བློའི་དཔེ་ཚོགས་དེབ་དང་པོ་ནས་བཅུ་གཅིག་པའི་བར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དང་བོད་ལྗོངས་བོད་ཡིག་རྙིང་དཔེ་སྐྲུན་ཁང་གཉིས་མཉམ་འབྲེལ་གྱིས་པར་དུ་བསྐྲུན།
༢༢ དགེ་འདུན་ཆོས་འཕེལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་རིག་གཞུང་བསམ་བློའི་སྐོར་གྱི་བགྲོ་གླེང་ཚོགས་འདུའི་དཔྱད་རྩོམ་ལེགས་བཏུས་ཞེས་པའི་བརྩམས་དེབ་འདི་སྤྱི་ལོ་2012ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༢༣ དགེ་འདུན་ཆོས་འཕེལ་དང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་བརྙན་དེབ་ཅེས་པ་འདི་སྤྱི་ལོ་2012ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༢༤ བོད་ཀྱི་ཁྱིམ་རྒྱུད་ཆེན་པོ་བཅུའི་སྐོར་གྱི་ངག་བརྗོད་ལོ་རྒྱུས་ཞེས་པའི་བརྩམས་དེབ་འདི་སྤྱི་ལོ་2014ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༢༥ བོད་ཀྱི་ཉེ་རབས་མི་སྣའི་དྲན་ཐོ་ཞེས་པའི་བརྩམས་དེབ་འདི་སྤྱི་ལོ་2010ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༢༦ ལོ་རྒྱུས་དཔང་མིའི་ངག་ནས་གསུངས་པའི་བོད་ཀྱི་ལོ་བརྒྱའི་འཕེལ་འགྱུར་ཞེས་པའི་བརྩམས་དེབ་ལ་སྟོད་ཆ་དང་སྨད་ཆ་གཉིས་ཡོད་ཅིང་། སྤྱི་ལོ་2014ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༢༧ བོད་ཀྱི་ཨང་དང་པོའི་སྐོར་གྱི་ངག་བརྗོད་ཟིན་ཐོ་ཞེས་པ་སྤྱི་ལོ་2014ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༢༨ བོད་ཀྱི་ལོ་བརྒྱའི་ལོ་རྒྱུས་ཞིབ་འཇུག་དཔེ་ཚོགས་དེབ་བཅུ་དྲུག་བཏོན་ཡོད།
༢༩ དེང་རབས་ཅན་དུ་བསྐྱོད་པའི་བསམ་གཞིག བོད་ལྗོངས་ཉིན་རེའི་ཚགས་པར། རྒྱ་ཡིག་དཔར་མ། 2014ལོའི་ཟླ་9པའི་ཚེས་21ཉིན།
༣༠ དུང་དཀར་བློ་བཟང་འཕྲིན་ལས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པའི་བརྩམས་དེབ་འདི་སྤྱི་ལོ་2014ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
༣༡ རིག་གཞུང་སྨྲ་བའི་རྣམ་དཔྱོད-མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་རིག་གཞུང་བསམ་བློའི་ཞིབ་འཇུག་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཞེས་པའི་བརྩམས་དེབ་འདི་སྤྱི་ལོ་2014ལོར་ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
༣༢ བསམ་གཞིགས་གསར་བའི་ལོ་རྒྱུས་ལྟ་ཚུལ་གྱི་སྲོལ་འབྱེད་པ-མཁས་དབང་དགེ་འདུན་ཆོས་འཕེལ་དང་སློབ་དཔོན་ཆེན་མོ་དུང་དཀར་བློ་བཟང་འཕྲིན་ལས་ཞེས་པའི་རྩོམ་ཡིག་འདི་བོད་ལྗོངས་ཞིབ་འཇུག་2014ལོའི་དེབ་གསུམ་པའི་སྟེང་བཀོད།
༣༣ དུང་དཀར་བློ་བཟང་འཕྲིན་ལས་ཀྱི་བསམ་གཞིགས་གསར་བའི་ལོ་རྒྱུས་ལྟ་ཚུལ་དཔྱོད་གླེང་ཞེས་པའི་རྩོམ་ཡིག་འདི་2014ལོའི་ཟླ་11ཚེས་15ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་བཀོད།
༣༤ ཀན་ལྷོ་ས་ཁུལ་གྱི་དམངས་སྲོལ་དང་ས་གནས་ལོ་རྒྱུས་སོགས་ཀྱི་དཔེ་དེབ་ཉེར་བཞི་ཙམ་སྤྱི་ལོ་2014ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༣༥ ཁོང་ཀན་ལྷོ་ནས་ཕྱིར་ལྷ་སར་ཕེབས་རྗེས་ལས་ཀ་ཞིག་གི་ཞོར་དུ་གསུངས་བྱུང་། 
༣༦ བོད་ཀྱི་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ཅེས་པའི་དུས་དེབ་འདི་དཔེ་དེབ་ཀྱི་རྣམ་པས་སྤྱི་ལོ་2014ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
༣༧ པཎ་ཆེན་སྐུ་ཕྲེང་དང་པོ་ནས་དགུ་བའི་བར་གྱི་རྣམ་ཐར་ཕྱོགས་བསྒྲིགས་ཞེས་པ་འདི་རྣམ་སྲས་ཚོང་ལས་སྤྱི་གཉེར་བས་འགྲོ་གྲོན་བཏང་སྟེ་སྤྱི་ལོ་2014ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།
༣༨ དེང་རབས་ཅན་དུ་བསྐྱོད་པའི་བསམ་གཞིགས་ཞེས་པའི་རྩོམ་འདིའི་རིན་ཐང་ལ་གཞིག་ནས་ཁོ་བོས་བོད་ཡིག་ཏུ་བསྒྱུར་ཡོད།
༣༩ རྩོམ་ཡིག་འདི་རྒྱལ་ནང་གི་དྲ་ཐོག་ཏུ་ཀློག་གྲངས་ཁྲི་ཚོ30ལ་སླེབས་འདུག་ཅེས་གསུངས། 
༤༠ དེང་རབས་ཅན་དུ་བསྐྱོད་པའི་བསམ་གཞིག བོད་ལྗོངས་ཉིན་རེའི་ཚགས་པར། རྒྱ་ཡིག་དཔར་མ།  2014ལོའི་ཟླ་9ཚེས་21ཉིན།
༤༡ དེང་རབས་ཅན་དུ་བསྐྱོད་པའི་བསམ་གཞིག བོད་ལྗོངས་ཉིན་རེའི་ཚགས་པར། རྒྱ་ཡིག་དཔར་མ། 2014ལོའི་ཟླ་9ཚེས་21ཉིན།
༤༢ དེང་རབས་ཅན་དུ་བསྐྱོད་པའི་བསམ་གཞིག བོད་ལྗོངས་ཉིན་རེའི་ཚགས་པར། རྒྱ་ཡིག་དཔར་མ། 2014ལོའི་ཟླ་9ཚེས་21ཉིན།
༤༣ བོད་ཀྱི་ཤེར་རྟོགས་རིག་པའི་རིགས་ཤེས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1996ལོའི་ཟླ7། ཤོག་གྲངས3ན་གསལ།
༤༤ བཀའ་མོལ་འདི་ནི་ཁོང་གིས་ལན་གཅིག་མིན་པར་ཐེངས་མང་གསུངས།
༤༥ ཁོང་ཉིད་འདས་ཁ་མར་གསུངས་བྱུང་ཞེས་ཁོང་གི་སྐུ་ཟླ་བདེ་སྐྱིད་སྒྲོལ་དཀར་ལགས་ཀྱི་ཞལ་ལས་ཐོས།

 

(རྩོམ་སྒྲིག་འགན་ཁུར་བ། འཇམ་དཔལ།)

 

 

འབྲེལ་ཡོད་རྩོམ་ཡིག