ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

《རྒྱལ་ཁབ་ཀྱི་རིག་དངོས་བྱ་གཞག་འཕེལ་རྒྱས་ཀྱི་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་》ཅེས་པ་གསེད་འགྲེལ་བྱས་པ།

2017-03-03 བྱམས་བས་བསྒྱུར།
  《རྒྱལ་ཁབ་ཀྱི་རིག་དངོས་བྱ་གཞག་འཕེལ་རྒྱས་ཀྱི་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་》(གཤམ་དུ་བསྡུས་མིང་ལ་《འཆར་འགོད་》ཅེས་འགོད་རྒྱུ་)ཉེ་ཆར་དངོས་སུ་ཁྱབ་བསྒྲགས་དང་ལག་བསྟར་བྱས། དེ་ནི་རང་རྒྱལ་གྱི་ཁྱོན་ཡོངས་ནས་རིག་དངོས་བྱ་གཞག་གོང་འཕེལ་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་དོན་ཆེན་ཞིག་ཡིན།
  《འཆར་འགོད་》ཀྱིས་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ། དྲུག་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རིམ་པ་དང་ལྷག་པར་དུ་རིག་དངོས་ལས་དོན་སྐོར་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱས་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་》ལས་“སྲུང་སྐྱོབ་གཙོ་བོ་དང་། མྱུར་སྐྱོབ་དང་པོ། བཀོལ་སྤྱོད་ལུགས་མཐུན། དོ་དམ་ལ་ཤུགས་སྣོན་རྒྱག་པ་”བཅས་ཀྱི་རིག་དངོས་ལས་དོན་གྱི་བྱེད་ཕྱོགས་དོན་འཁྱོལ་གྱིས་“ལོ་ལྔ་ཚན་བཅུ་གཉིས་པའི་”འཆར་འགོད་ལག་བསྟར་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་དང་། མིག་སྔའི་འཕེལ་རྒྱས་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་བྲིས་པ་ཡིན་པས། རྒྱུད་འཛིན་ཆ་ཡོད་ལ་གསར་གཏོད་ནང་དོན་འང་འདུས་ཡོད།
  《འཆར་འགོད་》ཀྱིས་ཏང་དང་རྒྱལ་ཁབ་ཀྱིས་རིག་དངོས་ལས་དོན་ལ་མཐོང་ཆེན་གནང་བར་རྩ་གཞིར་བཟུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། རིག་དངོས་སྲུང་སྐྱོབ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་དགོས་པའི་མཆན་འགོད་མཛུབ་སྟོན་གལ་ཆེན་རིམ་པ་གནང་ཡོད། 
  2016ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《རིག་དངོས་ལས་དོན་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》བཏོན་པ་དང་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོབ་ལས་དོན་ཚོགས་འདུ་སྐོང་ཚོགས་བྱས། 2017ལོའི་ཟླ་1པོར། ཀྲུང་དབྱང་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་དོན་ལག་ལེན་བསྟར་རྒྱུའི་སྐོར་གྱི་བསམ་འཆར་》བཏོན། དེ་དག་ཚང་མས་“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་གི་རིག་དངོས་ལས་དོན་ལ་མཛུབ་སྟོན་གལ་ཆེན་འདོན་སྤྲོད་བྱས་ཡོད་པ་དང་། རིག་དངོས་བྱ་གཞག་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ཡོད།
  《འཆར་འགོད་》ཀྱིས་རྒྱལ་ཁབ་ཀྱིས་བཏོན་པའི་འཐབ་ཇུས་དང་བྱེད་ཐབས་གལ་ཆེན་རིམ་པ་རྩ་གཞིར་བཟུང་ཡོད།《འཆར་འགོད་》ཀྱིས་《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྩ་གནད་》།《རྒྱལ་ཁབ་ཀྱི་“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་རིག་གནས་བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རྩ་གནད་》སོགས་ཀྱི་བླང་བྱ་དང་། རྒྱལ་ཁབ་ཀྱི་ལག་བསྟར་བྱས་པའི་“ཁུལ་གཅིག་ལམ་གཅིག་”དང་། པེ་ཅིན་དང་ཐེན་ཅིན། ཧོ་པེ་བཅས་མཉམ་དུ་འཕེལ་རྒྱས་གཏོང་བ།  ཀྲུང་ཧྭའི་རིག་གནས་ཕྱིར་བསྐྱོད་པ་སོགས་གལ་ཆེའི་འཐབ་ཇུས་དང་བྱེད་ཐབས་ཁག་དོན་འཁྱོལ་དང་མངོན་མཚོན་བྱས་ཡོད། 
  《འཆར་འགོད་》ཀྱིས་“ལོ་ལྔ་ཚན་བཅུ་གཉིས་པའི་”དུས་སྐབས་ཀྱི་རིག་དངོས་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་རྩ་གཞིར་བཟུང་ཡོད། རིག་གནས་ཤུལ་དངོས་སྡེ་ཚན་གྱིས་སྒྱུར་བཅོས་གསར་གཏོད། འཚོལ་ཞིབ་དང་ལག་ལེན། རིམ་པ་སོ་སོའི་ཏང་ཨུ། སྲིད་གཞུང་གིས་སྲུང་སྐྱོབ་འགན་འཁྲི་དོན་འཁྱོལ། འབྲེལ་ཡོད་སྡེ་ཚན་གྱིས་མཉམ་འཛིན་མཉམ་སྒྲུབ། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཧུར་ཐག་གིས་ལས་ཀར་ཞུགས་ནས་རིག་དངོས་སྲུང་སྐྱོབ་བཀོལ་སྤྱོད་ལས་དོན་ལ་གྲུབ་འབྲས་ཐོབ་ཡོད། 
  སྤྱི་ཚོགས་ཡོངས་སུ་རིག་དངོས་སྲུང་སྐྱོབ་ལ་ཐུན་མོང་གི་ངོས་འཛིན་རོབ་ཙམ་ཆགས་པ་དང་། རིག་དངོས་ཀྱི་རིན་ཐང་དང་ནུས་པ་རྒྱ་ཁྱབ་ཏུ་ངོས་འཛིན་གཅིག་མཐུན་བྱུང་ཡོད་པ་བཅས་ཀྱིས་“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་གི་རིག་དངོས་བྱ་གཞག་གསར་གཏོད་དང་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏིང་བ་དང་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཡོད། 《འཆར་འགོད་》ཀྱིས་རིག་དངོས་བྱ་གཞག་འཕེལ་རྒྱས་འགྲོ་བའི་ནང་རྐྱེན་གྱི་དགོས་མཁོ་རྩ་གཞིར་བཟུང་ཡོད། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་མགྱོགས་པོ་སོང་བ་དང་བསྟུན་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་ལས་འགན་སྔར་བས་དཀའ་ཚེགས་ཆེ་བ་དང་། རིག་དངོས་ལས་དོན་གྱི་འགན་འཁྲི་དེ་བས་ཀྱང་ལྗིད་པོ་ཡིན། རིག་དངོས་ཐོན་ཁུངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་གོམ་གང་མདུན་སྤོས་ཀྱིས་འདོན་སྤེལ་བྱ་དགོས་པས། རིག་དངོས་བྱ་གཞག་བཅོས་སྐྱོང་གི་ནུས་པ་དང་བཅོས་སྐྱོང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས།
  《འཆར་འགོད་》དུ་འཕེལ་རྒྱས་ཀྱི་འདུ་ཤེས་བཟུང་ནས་“ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་དང་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་སྒྲིག་གཉིས་དམ་པོར་སྤྲེལ་ཏེ། གསར་གཏོད། རྒྱུན་མཐུད། གསར་ལྗང་། སྒོ་འབྱེད།  མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དང་། རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་རྒྱུའང་ལས་ཆོད་ལྡན་པའི་ཚན་རིག་ཀྱི་འདུ་ཤེས་དམ་པོ་བཟུང་ནས། རིག་དངོས་སྲུང་སྐྱོབ་ཁྲོད་གཙོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱ་དགོས་པ་ནན་བཤད་གནང་ཡོད།  སློབ་སྟོན་བསམ་བློའི་ཐད། གཅིག་གྱུར་གྱིས་རིག་གནས་ཤུལ་དངོས་སྲུང་སྐྱོབ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་དགོས་པ་ནན་བཤད་གནང་སྟེ། ནན་ཏན་གྱིས་རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་དངོས་ལུགས་མཐུན་འོས་འཚམ་སྒོས་བེད་སྤྱོད་བྱེད་པ་སྐུལ་འདེད་བྱས་ཏེ་རིག་དངོས་སྲུང་སྐྱོབ་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་ལ་ཕན་པ་དེ་བས་མང་བ་བསྐྲུན་ནས་སྲུང་སྐྱོབ་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོབ་བྱེད་པ་མངོན་འགྱུར་དགོས། 
  འཕེལ་རྒྱས་ཀྱི་དམིགས་འབེན་གྱི་ངོས་ནས།  ཕྱོགས་བསྡུས་རང་བཞིན་དང་ཕྱོགས་ཡོངས་ནས་རིག་དངོས་སྲུང་སྐྱོབ་བེད་སྤྱོད་མ་ལག་འཛུགས་དགོས་པ་གཙིགས་ཆེར་བཏོན། རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་དང་། ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ། གྲོང་ཁྱེར་དང་རྫོང་རིམ་པའི་རིག་གནས་ཤུལ་དངོས་སྲུང་སྐྱོབ་ཚན་པ། རིག་གནས་ཤུལ་དངོས་སྲུང་སྐྱོབ་སྡེ་ཚན་དུ་ཞིབ་བཤེར་གཏན་འབེབས་ཁྱབ་བསྒྲགས་བྱས་མེད་པའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ཐམས་ཅད་སྲུང་སྐྱོབ་བྱ་དགོས།  རིག་དངོས་བདེ་འཇགས་འགན་འཁྲིའི་མ་ལག་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ཏུ་ཞུགས་པའི་རྣམ་པ་གཞི་རྩའི་ཆ་ནས་ཆགས་པ་དགོས། འཕེལ་རྒྱས་ཀྱི་དམིགས་ཚད་ཀྱི་ངོས་ནས། བརྟན་ལྷིང་སྒོས་ཡར་བསྐྱེད་དགོས་པའི་སྤྱིའི་སྙིང་དོན་ལག་བསྟར་བྱ་དགོས། འཁོས་དཔག་ལས་སྒྲུབ་དང་འཁྲོལ་འཁྱིལ་འཇོག་པ། དགོས་མཁོ་དང་ནུས་ཆོད་ཟུང་འབྲེལ་དགོས། མིག་སྔར་དང་ཕུགས་རྒྱང་ཟུང་འབྲེལ་དགོས། 《འཆར་འགོད་》དུ་“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་གི་རིག་དངོས་བྱ་གཞག་གི་གོང་འཕེལ་གྱི་དམིགས་འབེན་དང་། འགན་ཁུར་གཙོ་བོ། གལ་ཆེའི་ལས་གཞི་དང་བྱེད་ཐབས་གལ་ཆེན་གསེལ་འགྲེལ་བྱས་ཡོད། སྤྱིའི་བླང་བྱ་དང་རིག་དངོས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་བ། ཁྱོན་ཡོངས་ནས་རྟེན་མཛོད་ཁང་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ། བྱ་ཐབས་སྣ་མང་སྤྱད་དེ་རིག་དངོས་གསོན་ཤུགས་ལྡན་པར་བྱེད་པ། རིག་དངོས་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ། རིག་དངོས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་པ། འགན་ལེན་བྱ་ཐབས་ཀྱི་འཆར་འགོད་འཐུས་ཚང་ཏུ་གཏོང་བ། འཆར་གཞི་ལག་བསྟར་གྱི་སྟོབས་ཤུགས་གྲུབ་པ་སོགས་ཕྱོགས་བརྒྱད་ཀྱི་ནང་དོན་རྒྱས་བཤད་གནང་ཡོད། 
  “ལོ་ལྔ་ཚན་བཅུ་གསུམ་པའི་”རིང་།  རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རིག་དངོས་སྲུང་སྐྱོབ་གྱི་“འཕོ་འགྱུར་གཉིས་”མངོན་འགྱུར་འབྱུང་བར་སྐུལ་འདེད་གཏོང་བ་སྟེ། མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དེ་མྱུར་སྐྱོབ་རང་བཞིན་དང་སྔོན་འགོག་རང་བཞིན་གྱིས་སྲུང་སྐྱོབ་བྱེད་པར་འགྱུར་ལྡོག་གཏོང་བ་དང་། རིག་དངོས་སྲུང་སྐྱོབ་དེ་རིག་དངོས་མ་གཞི་སྲུང་སྐྱོབ་བྱེད་པ་དང་མཐའ་འཁོར་གྱི་ཁོར་ཡུག་དང་། རིག་གནས་སྐྱེ་ཁམས་སོགས་སྤྱི་ཡོངས་སྲུང་སྐྱོབ་བྱེད་པར་བསྒྱུར་ནས་རིག་དངོས་ཀྱི་བདེ་འཇགས་འགན་ལེན་བྱ་དགོས། གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་དགོས། ཤུགས་རྐྱེན་དང་དཔེ་སྟོན་གྱི་ནུས་པ་གལ་ཆེན་ཐོན་པའི་རིག་གནས་ཤུལ་དངོས་སྲུང་སྐྱོབ་ཀྱི་གཙོ་གནད་རྣམ་གྲངས་ཁག་ཅིག་སྒྲིག་འཛུགས་དང་ལག་བསྟར་བྱེད་པ་དང་། ལྕགས་རི་རིང་པོའི་སྲུང་སྐྱོབ་འཆར་གཞི་དང་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ལས་གྲྭ་ལ་སྐུལ་འདེད་གཏོང་དགོས། ཁག་བརྒྱད་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་འོས་སྦྱོར་དང་གདམ་གསེས་དོན་འཁྱོལ་བྱ་དགོས། གྲོང་ཁྱེར་དང་རྫོང་རིམ་པའི་རིག་གནས་ཤུལ་དངོས་སྲུང་སྐྱོབ་སྡེ་ཚན་ལ་“བཞི་ལྡན་”གྱི་ལས་དོན་འཐུས་ཚང་དུ་གཏོང་དགོས། སྲུང་སྐྱོབ་བྱ་རྒྱུའི་རིག་གནས་ཤུལ་དངོས་ཀྱི་སྡེ་ཚན་དུ་ཞིབ་བཤེར་གཏན་འབེབས་དང་ཁྱབ་བསྒྲགས་བྱས་མེད་པའི་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་ཐབས་འཐུས་ཚང་གཏོང་དགོས། གནའ་རྫས་རྟོག་ཞིབ་དེ་རིག་དངོས་སྲུང་སྐྱོབ་བྱ་བའི་ཁྲོད་ཀྱི་རྨང་གཞི་རང་བཞིན་གྱི་གནས་བབ་དང་ནུས་པ་མཐོར་འདེགས་བཏང་ནས།  ཀྲུང་ཧྭའི་ཤེས་དཔལ་ལོ་རྒྱུས་ཡུན་རིང་བ་དང་རྩ་ཆེའི་རིན་ཐང་ལ་རྒྱུན་ཆད་མེད་པར་ངོས་ཟིན་གཏིང་ཟབ་ཏུ་འགྲོ་དགོས། སྤོ་རུང་རིག་དངོས་ཉམས་གསོ་དང་སྔོན་འགོག་རང་བཞིན་གྱི་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཐེངས་དང་པོའི་རྒྱལ་ཡོངས་སྤོ་རུང་བའི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་གྱི་གཞི་གྲངས་དང་ཡོངས་བཤེར་བྱས་པའི་འབྲས་བུ་ཡོངས་བསྒྲགས་བྱ་དགོས། 
  རིག་གནས་ཤུལ་དངོས་ཉེན་མེད་བདེ་སྲུང་དོ་དམ་གྱི་རྣམ་པ་གསར་གཏོད་ཀྱིས་རིག་དངོས་ཀྱི་ཉེན་ཟོན་བདེ་སྲུང་གི་ཆུ་ཚད་མཐོ་འདེགས་བཏང་ནས་རིག་དངོས་ཀྱི་བདེ་འཇགས་འགན་ལེན་ཐུབ་དགོས། རིག་དངོས་སྲུང་སྐྱོབ་ཡན་ལག་གི་ལས་གྲྭ་12ནི་ལྕགས་རི་རིང་པོ་སྲུང་སྐྱོབ་བྱེད་པའི་འཆར་གཞི།  གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ལས་གྲྭ།“གནའ་རྫས་རྟོག་ཞིབ་ཀྱི་ཀྲུང་གོའི”ཞིབ་འཇུག་གལ་གནད་ཀྱི་ལས་གྲྭ། མཚོ་ཐོག་གི་དར་གོས་ལམ་བུའི་རིག་དངོས་སྲུང་སྐྱོབ་ལས་གྲྭ། ནུབ་རྒྱུད་ས་ཁུལ་གྱི་བྲག་ཕུག་སྲུང་སྐྱོབ་འགྲེམས་སྟོན་ལས་གྲྭ། ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དང་ཞིན་ཅང་གི་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གྲྭ། གནའ་བོའི་བཟོ་སྐྲུན་དང་སྲོལ་རྒྱུན་གྲོང་སྡེའི་སྲུང་སྐྱོབ་ལས་གྲྭ། ཉེ་རབས་དང་དེང་རབས་ཀྱི་མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་སྲུང་སྐྱོབ་དང་འགྲེམས་སྟོན་མཐོར་འདེགས་བྱ་བའི་ལས་གྲྭ། ཆུ་བེད་ཤུལ་བཞག་སྲུང་སྐྱོབ་ལས་གྲྭ། རྟེན་མཛོད་ཁང་སོགས་སུ་ཉར་ཚགས་བྱས་པའི་རྩ་ཆེའི་རིག་དངོས་སྲུང་སྐྱོབ་དང་ཉམས་གསོའི་ལས་གྲྭ། རྟེན་མཛོད་ཁང་སོགས་ཀྱི་རིག་དངོས་ཉར་ཚགས་ཆ་རྐྱེན་ཚད་གཞིར་སླེབས་ཡོད་པ་དང་ཚད་གཞི་ཅན་གྱི་མཛོད་ཁང་འཛུགས་སྐྲུན་ལས་གྲྭ། རིག་དངོས་བདེ་འཇགས་ལས་གྲྭ་སོགས་ཡིན། ཁྱད་པར་དུ་གླེང་རིན་ཡོད་པ་ཞིག་ནི། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི་《ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་གྲྭ་ལག་བསྟར་བྱེད་རྒྱུའི་སྐོར་གྱི་བསམ་འཆར་》གྱིས་གསར་བརྗེའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་ལས་གྲྭ་གཙོ་གནད་རྣམ་གྲངས་སུ་བཞག་ནས། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་གཅིག་གྱུར་བཀོད་སྒྲིག་འོག་ཏུ་ལག་བསྟར་ནན་ཏན་བྱེད་དགོས།
  རྟེན་མཛོད་ཁང་གི་ལས་དོན་ནི་རིག་དངོས་བྱ་གཞག་གི་གལ་ཆེའི་གྲུབ་ཆ་ཡིན།“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རྟེན་མཛོད་ཁང་གི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་《རྟེན་མཛོད་ཁང་གི་སྲོལ་ཡིག་》།《སྤྱི་པའི་རིག་གནས་ཞབས་ཞུ་འགན་སྲུང་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་བླང་བྱ་ནན་ཏན་གྱིས་དོན་འཁྱོལ་མཐར་ཕྱིན་དགོས།  རྟེན་མཛོད་ཁང་གི་འཛུགས་སྐྲུན་ཇུས་འགོད་ལེགས་བཅོས་དང་རྟེན་མཛོད་ཁང་གི་ཉར་ཚགས་དོ་དམ་ལ་ཤུགས་སྣོན་རྒྱག་པ།  རྟེན་མཛོད་ཁང་གི་དོ་དམ་སྲོལ་ཡིག་འཐུས་ཚང་དུ་གཏོང་བ། རྟེན་མཛོད་ཁང་གི་སློབ་གསོའི་ཆུ་ཚད་མཐོ་རུ་བཏང་ནས་རྟེན་མཛོད་ཁང་འཕེལ་རྒྱས་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས། གཞོགས་འདེགས་གཙོ་གནད་ལས་གྲྭ་སྟེ་རྟེན་མཛོད་ཁང་གི་གཞོན་ནུ་ལོ་ཆུང་གི་སློབ་གསོའི་བྱེད་ནུས་མཐོར་གཏོང་གི་ལས་གྲྭ་དང་མཐའ་མཚམས་ས་ཁུལ་གྱི་རྟེན་མཛོད་ཁང་འཛུགས་སྐྲུན་ལས་གྲྭ།  སྒེར་གྱི་རྟེན་མཛོད་ཁང་གོང་འཕེལ་གྱི་སྤུས་ཚད་མཐོར་གཏོང་གི་ལས་གྲྭ།  དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཕོ་འགྱུར་གྱི་དཔང་དངོས་བསྡུ་བའི་ལས་གྲྭ་བཅས་འདུས།《འཆར་འགོད་》ནང་། 2020ལོར་སླེབས་ཚེ་གཞི་རྩའི་ཆ་ནས་གཙོ་ཤུགས་སྣ་མང་ཅན་དང་གྲུབ་ཚུལ་ལེགས་བཅོས། ཁྱད་ཆོས་མངོན་གསལ་དོད་པ། གསོན་ཤུགས་རབ་ཏུ་རྒྱས་པའི་རྟེན་མཛོད་ཁང་མ་ལག་ཆགས་པ་དགོས། རྒྱལ་ཡོངས་ཀྱི་རྟེན་མཛོད་ཁང་སྤྱི་པའི་རིག་གནས་ཞབས་ཞུའི་མི་ཚོགས་ཁྱབ་ཚད་མི་ཁྲི་25ལ་རྟེན་མཛོད་ཁང་གཅིག་དང་། རྟེན་མཛོད་ཁང་གི་ལྟད་མོ་བའི་མི་གྲངས་ལོ་རེར་དུང་ཕྱུར་8ཟིན་དགོས་པའི་བླང་བྱ་བཏོན་ཡོད། རྟེན་མཛོད་ཁང་གི་གཞོན་ནུ་ལོ་ཆུང་གི་སློབ་གསོའི་ལས་དོན་ཐད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་2014ལོ་ནས་བཟུང་ལོ་གསུམ་ལ་བསྟུད་མར་ཚོད་ལྟ་བྱས་པ་དང་། ཞིང་ཆེན་དང་གྲོང་ཁྱེར། ལྗོངས་དང་རྟེན་མཛོད་ཁང་གིས་ཚོད་ལྟའི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་སྟེང་།《འཆར་འགོད་》ནང་གསལ་བོར་བསྟན་དོན།  རྒྱལ་ཡོངས་ཀྱི་རྒྱལ་ཁབ་ལ་དབང་བའི་རྟེན་མཛོད་ཁང་གིས་སློབ་གྲྭ་འབྲིང་ཆུང་གི་སློབ་མར་འགྲེལ་བཤད་རྒྱབ་པའི་ཞབས་འདེགས་བྱས་ཡུན་ལོ་རེར་དུས་ཚོད་ཁྲི་10ཡན་དགོས། རྟེན་མཛོད་ཁང་རེས་སློབ་གྲྭ་འབྲིང་ཆུང་གི་སློབ་མར་འགྲེལ་བཤད་རྒྱག་པའི་ཞབས་འདེགས་དང་སློབ་གསོའི་བྱེད་སྒོ་ལོ་རེར་ཐེངས་4ཡན་སྤེལ་དགོས།   རྟེན་མཛོད་ཁང་གི་གཞོན་ནུ་ལོ་ཆུང་གི་སློབ་གསོའི་རྣམ་གྲངས་མཛོད་འཛུགས་རྒྱུ་དང་། རྟེན་མཛོད་ཁང་གི་གཞོན་ནུ་ལོ་ཆུང་གི་སློབ་གསོའི་སློབ་ཚན་རྩེ་གྲ་100ཡན་བཟོ་སྐྲུན་བྱ་དགོས། འདིའི་ཐད་རིམ་པ་ཁག་གི་རྟེན་མཛོད་ཁང་གིས་ད་དུང་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ནུས་བྱས་ཏེ་“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་དེ་བས་འཕེལ་རྒྱས་མཐོན་པོར་འགྲོ་བར་རེ་བ་བྱེད།
  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་རྟེན་མཛོད་ཁང་ནང་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས་དང་། ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག་ཡོད་པའི་རིག་གནས་ཤུལ་བཞག དཔེ་རྙིང་ནང་བྲིས་ཡོད་པའི་ཡི་གེ་བཅས་པ་གསོན་ཤུགས་ལྡན་པ་དགོས།  རིག་དངོས་ལུགས་མཐུན་བེད་སྤྱོད་བྱེད་པར་སྤྱི་ཚོགས་ཡོངས་ཀྱི་ངོས་ཟིན་གཅིག་མཐུན་འགྱུར་བཞིན་ཡོད།《འཆར་འགོད་》ནང་དུ་“བྱ་ཐབས་སྣ་མང་སྤྱད་དེ་རིག་དངོས་གསོན་ཤུགས་ལྡན་པར་བྱེད་”པའི་ལེ་ཚན་མང་པོ་བཀོད་ཡོད།  སྲུང་སྐྱོབ་གཙོ་བོ་དང་སྲུང་སྤྱོད་ཟུང་འབྲེལ་བྱེད་པ་མཐའ་འཁྱོངས་བྱེད་པ། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ། ནུས་ཤུགས་ཡོད་རྒུའི་རིག་དངོས་ལུགས་མཐུན་འོས་འཚམ་གྱི་བེད་སྤྱོད་བྱེད་པའི་ཐབས་ལམ་ནུས་ཆོད་གཏོང་དགོས་པ་དང་། རིག་གནས་གསར་གཏོད་ཀྱི་ཐོན་རྫས་གསར་སྤེལ་དང་། རིག་དངོས་གསོན་ཤུགས་ལྡན་པར་བྱས་ཏེ་ཀྲུང་གོའི་གཏམ་རྒྱུད་བརྗོད་དེ། ཀྲུང་ཧྭའི་རིག་གནས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་མཐོར་འདེགས་གཏོང་དགོས་པ་ནན་བཤད་གནང་ཡོད། དེ་བས།《འཆར་འགོད་》ནང་ཡན་ལག་ལས་གྲྭ་5བཀོད་ཡོད་པ་སྟེ། རྒྱལ་ཁབ་ཀྱི་དྲན་ཤེས་ལས་གྲྭ།“དྲ་སྦྲེལ+ཀྲུང་ཧྭའི་ཤེས་རིག་”ལོ་གསུམ་གྱི་ལས་འགུལ་འཆར་གཞི་ལས་གྲྭ། རྒྱལ་ཡོངས་ཀྱི་གནས་སྤོ་ཐུབ་པའི་རིག་དངོས་ཐོན་ཁུངས་མཉམ་སྤྱོད་ལས་གྲྭ།“ཁུལ་གཅིག་ལམ་གཅིག་”རིག་གནས་ཤུལ་བཞག་གི་བར་ཁྱམས་འཛུགས་སྐྲུན་ལས་གྲྭ། ཀྲུང་ཧྭའི་རིག་གནས་ཤུལ་དངོས་ཕྱིར་བསྐྱོད་པའི་རྩེ་གྲའི་ལས་གྲྭ་བཅས་ཡོད། རིག་གནས་གསར་གཏོད་ཀྱི་ཐོན་རྫས་གསར་སྤེལ་བྱེད་པ་ནི་རིག་དངོས་གསོན་ཤུགས་ལྡན་པར་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན། 2016ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་ལས་ཐིང་གིས་པུའུ་ཨུད་བཞིའི་《རིག་གནས་ཤུལ་དངོས་ཚན་པའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་གསར་སྤེལ་བྱེད་པ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》བརྒྱུད་འགྲེམས་བྱས་པས་སྲིད་ཇུས་ཀྱི་འགན་ལེན་ཐད་སྔོན་བསྐྱོད་གལ་ཆེན་ཐོན་ཡོད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་《འཆར་འགོད་》ནང་2020ལོར་སླེབས་སྐབས་ཀྱི་འཕེལ་རྒྱས་ཀྱི་དམིགས་འབེན་བཏོན་ཡོད་པ་སྟེ། རྟེན་མཛོད་ཁང་གི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་སྤུས་དག་50གསར་སྤེལ་བྱ་དགོས།  རྟེན་མཛོད་ཁང་གི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་རྟེན་གཞི་10བསྐྲུན་དགོས། རིག་གནས་གསར་གཏོད་ཀྱི་ཐོན་རྫས་ཕྱིར་ཚོང་གི་ལོ་རེར་གྲངས་འབོར་སྒོར་ཁྲི་1000ཡན་ཟིན་པའི་རིག་དངོས་སྡེ་ཚན་དང་ཁེ་ལས་50བརྒལ་དགོས། དེའི་ནང་ལོ་རེའི་ཕྱིར་ཚོང་གི་གྲངས་འབོར་སྒོར་ཁྲི་2000ཡན་ཟིན་པ་20བརྒལ་བ་དགོས། ཀྲུང་དབྱང་བསྒྱུར་བཅོས་གཏིང་ཟབ་ཙུའུ་ཡིས་གྲོས་འཆམ་བྱུང་བའི་《ཀྲུང་ཧྭའི་རིག་གནས་ཕྱིར་བསྐྱོད་པར་སྔར་བས་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》ནི་“ཁུལ་གཅིག་ལམ་གཅིག་”རིག་གནས་ཤུལ་བཞག་གི་བར་ཁྱམས་འཛུགས་སྐྲུན་ལས་གྲྭ་དང་། ཀྲུང་ཧྭའི་རིག་གནས་ཤུལ་དངོས་ཕྱི་ལ་བསྐྱོད་པའི་སྤུས་དག་ལས་གྲྭ་སོགས་རྣམ་གྲངས་ཀྱི་གལ་ཆེའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་ཞིག་ཡིན། ཚན་རིག་ལག་རྩལ་དང་ཁྲིམས་སྐྱོང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ནི་རིག་དངོས་བྱ་གཞག་འཕེལ་རྒྱས་ཁྲོད་ཀྱི་གལ་ཆེའི་རྨང་གཞིའི་ལས་དོན་ཡིན། རིག་དངོས་ཚན་རྩལ་གསར་གཏོད་ཀྱི་ཕྱོགས་ནས་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ལག་རྩལ་གསར་གཏོད་ལྟེ་བར་འཛིན་པ་དང་རྩ་འཛུགས་གསར་གཏོད་ལ་རྟེན་སྐྱོར་བྱེད་པ། ལམ་ལུགས་གསར་གཏོད་ནི་འགན་སྲུང་བྱེད་པ་བཅས་ཀྱི་རིག་དངོས་ལས་རིགས་ཀྱི་གསར་གཏོད་མ་ལག་འཛུགས་རྒྱུར་གཞོལ་དགོས།  རྨང་གཞིའི་ཚན་རིག་ལག་རྩལ་ཞིབ་འཇུག་ལ་ཤུགས་སྣོན་པ། ཐུན་མོང་རང་བཞིན་གྱི་འགག་རྩའི་ལག་རྩལ་ཐོད་བརྒལ་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་པ། རིག་དངོས་སྲུང་སྐྱོབ་སྒྲིག་ཆས་འཛུགས་སྐྲུན་མགྱོགས་སུ་གཏོང་བ། རིག་དངོས་ཁྱབ་ཁོངས་སུ་མྱུར་དུ་མཁོ་བའི་ཚད་གཞི་གཏན་འབེབས་བྱ་རྒྱུ་མགྱོགས་སུ་གཏོང་དགོས།  རིག་དངོས་ཁྲིམས་སྐྱོང་འཛུགས་སྐྲུན་ཐད། མ་ལག་ཆ་ཚང་བ་དང་ཚན་རིག་ཚད་མཐུན། འཁོར་སྐྱོད་ནུས་ཆོད་བཅས་ཡིན་པའི་རིག་གནས་ཤུལ་དངོས་བཅའ་ཁྲིམས་ལམ་ལུགས་མ་ལག་ཆགས་པ་མགྱོགས་སུ་གཏོང་དགོས།“རྒྱལ་ཁབ་དང་ཞིང་ཆེན་གྱིས་ལྟ་ཞིབ། གྲོང་ཁྱེར་དང་རྫོང་གིས་ཁྲིམས་འཛིན། སྤྱི་ཚོགས་ཀྱིས་ལྟ་སྐུལ། ཚན་རྩལ་གྱིས་རྟེན་སྐྱོར་”བཅས་བྱེད་པའི་རིག་དངོས་ཁྲིམས་འཛིན་ལྟ་སྐུལ་མ་ལག་འཛུགས་དགོས། མཉམ་འབྲེལ་ཐོག་རིག་དངོས་ཉེས་གསོག་ལ་རྡུང་རྡེག་དང་དོགས་ཟོན་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རིག་གནས་ཤུལ་དངོས་ཁྲིམས་འགལ་གྱི་ཆད་གཅོད་དང་བསླབ་འདོམས་བྱེད་པའི་སྒྲིག་གཞི་འཐུས་ཚང་དུ་གཏོང་དགོས། རིག་དངོས་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་ཐད། རིམ་པ་མཐོ་བའི་རིག་དངོས་ལས་རིགས་ཀྱི་ཤེས་ལྡན་མི་སྣ་མཐོར་གཏོང་གི་འཆར་གཞི་ལག་བསྟར་བྱས་ཏེ་དགོས་མཁོ་ཤིན་ཏུ་ཆེ་བའི་ཆེད་ལས་ལག་རྩལ་ལྡན་པའི་ཤེས་ལྡན་མི་སྣ་དང་རྩལ་ནུས་འཛོམས་པའི་ཤེས་ལྡན་པ། མཉམ་འདུས་རང་བཞིན་པའི་དོ་དམ་མི་སྣ་གསོ་སྐྱོང་བྱ་དགོས། གནད་དོན་འདིའི་ཐད་《འཆར་འགོད་》ནང་ཡན་ལག་ལས་གྲྭ་7བཏོན་ཡོད་པ་སྟེ་། རིག་དངོས་སྲུང་སྐྱོབ་ཀྱི་ཚན་རྩལ་དཔེ་སྟོན་ལས་གྲྭ་དང་བློ་གྲོས་རྟེན་མཛོད་ཁང་འཛུགས་སྐྲུན་ལས་གྲྭ། རིག་དངོས་སྲུང་སྐྱོབ་ཀྱི་སྒྲིག་ཆས་བེད་སྤྱོད་དཔེ་སྟོན་གྱི་ལས་གྲྭ། རིག་དངོས་སྲིད་འཛིན་ཁྲིམས་འཛིན་ནུས་པ་མཐོར་འདེགས་གཏོང་བའི་ལས་གྲྭ། རིག་གནས་ཤུལ་དངོས་དྲིལ་བསྒྲགས་སྒྲོག་སྤེལ་གྱི་ནུས་པ་མཐོར་འདེགས་གཏོང་བའི་ལས་གྲྭ།  རིག་དངོས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་གྲྭ། དམངས་ཁྲོད་ཀྱི་སྲོལ་རྒྱུན་བཟོ་རྩལ་རྒྱུན་འཛིན་པའི་ལས་གྲྭ་བཅས་ཡིན། རིག་དངོས་ལས་ཁུངས་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་ནི་ཐོག་མཐའ་བར་གསུམ་དུ་རིག་དངོས་བྱ་གཞག་གོང་འཕེལ་གཏོང་རྒྱུར་ཚོད་འཛིན་ཐེབས་པའི་ཞན་ཆ་ཞིག་ཡིན། རིག་དངོས་ལས་རིགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་“གསེར་ཞུན་བཤའ་མེད་ལས་གྲྭའི་”ནང་གསལ་པོ་བསྟན་དོན།“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་རིག་དངོས་ཁྱབ་ཁོངས་ཀྱི་གསོ་སྦྱོང་རྣམ་གྲངས་300ཡན་སྤེལ་ཏེ། རིགས་ཁག་གི་རིག་དངོས་ལས་རིགས་ཀྱི་ཤེས་ལྡན་མི་སྣ་ཁྲི་1.8ཡན་བསྐྱེད་བསྲིང་བྱ་དགོས། དངོས་སྦྱོང་གིས་འཛིན་གྲྭའི་ཚབ་བྱེད་པའི་རྣམ་གྲངས་20ཡན་ལག་བསྟར་བྱ་དགོས།  རིག་དངོས་གཙོ་གནད་ཁྱབ་ཁོངས་ཀྱི་སྣེ་ཁྲིད་ཤེས་ལྡན་མི་སྣ་20ཡན་གསོ་སྐྱོང་དགོས། ལོ་རེར་ཆེད་ལས་ལག་རྩལ་གསོ་སྦྱོང་འཛིན་གྲྭ་10ཡན་གཉེར་དགོས། རིག་དངོས་ཉམས་གསོའི་ཤེས་ལྡན་མི་སྣ་700ཡན་འཕར་སྣོན་དགོས། དབུལ་ཕོངས་ས་ཁུལ་གྱི་རིག་དངོས་ཆེད་ལས་ལག་རྩལ་དང་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་30ཡན་གཉེར་དགོས།
  《འཆར་འགོད་》ལག་བསྟར་ཡག་པོ་སྒྲུབ་པར་འགན་སྲུང་བྱ་ཆེད།“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་རྒྱལ་ཁབ་རིག་དངོས་ཅུས་ཀྱིས་གཤམ་གྱི་ཕྱོགས་ལྔའི་ཐད་ཐོད་བརྒལ་བྱུང་དགོས། 
  གཅིག་ནི་རྒྱལ་ཁབ་རིག་དངོས་ཐོ་འགོད་ལམ་ལུགས་འཛུགས་དགོས། རིག་གནས་ཤུལ་དངོས་ངོས་འཛིན་གཏན་འཁེལ་དང་ཐོ་འགོད་ཚད་གཞི་འཐུས་ཚང་སྒྲུབ་དགོས། རིག་དངོས་བརྟག་དཔྱད་དང་སྙན་སེང་ཞུ་བ། ཐོ་འགོད། རིམ་པ་གཏན་འཁེལ། ཡོངས་བསྒྲགས་བྱ་བའི་རིམ་པ་ཚད་ལྡན་བཟོ་བ། གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་རིམ་པ་མར་འབེབས་པ་དང་ཕྱིར་འཐེན། རྟེན་མཛོད་ཁང་གི་རིག་གནས་ཤུལ་དངོས་ཕྱིར་འཐེན་ལམ་སྲོལ་ཞིབ་འཇུག་དང་གཏན་འབེབས་དགོས། 
  གཉིས་ནི་རིག་དངོས་སྲུང་སྐྱོབ་ལས་གྲྭའི་སྤུས་ཚད་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ། རིག་དངོས་སྲུང་སྐྱོབ་ལས་གྲྭར་ཞིབ་བཤེར་དང་མཛུབ་ཁྲིད་གནང་བར་ཤུགས་སྣོན་དང་། ཕྱོགས་གསུམ་པའི་སྒྲིག་གཞི་དེ་རིག་དངོས་སྲུང་སྐྱོབ་ལས་གྲྭའི་སྤུས་ཚད་དང་ཕན་འབྲས་ལ་དཔྱད་བསྡུར་དུ་ཞུགས་པར་སྐུལ་འདེད་བྱས་ཏེ།  རིག་དངོས་སྲུང་སྐྱོབ་ལས་གྲྭའི་སྤུས་ཚད་མཐོ་རུ་གཏོང་དགོས། 
  གསུམ་ནི་རིག་དངོས་སྲུང་སྐྱོབ་སྐྱིན་གསབ་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱ་དགོས། རིག་དངོས་ཐོན་ཁུངས་གྲངས་འབོར་མང་པའི་ས་ཁུལ་གྱི་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་སྟངས་ལ་ཞིབ་འཇུག་དང་འཚོལ་ཞིབ་བྱས་ནས། ས་ཆ་བརྗེ་རེས་དང་ཤོང་ཚད་ཀྱི་གསབ་དངུལ་ཐད་སྲིད་ཇུས་ཀྱི་ངོས་ནས་གཟིགས་སྐྱོང་བྱེད་དགོས། 
  བཞི་ནི་སྤྱི་ཚོགས་ཀྱི་སྟོངས་ཤུགས་རིག་དངོས་ལས་དོན་དུ་ཞུགས་པར་རྒྱ་ཁྱབ་ཀྱིས་སྐུལ་སློང་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་རིག་དངོས་སྲུང་སྐྱོབ་ནང་ཞུགས་པར་ཁྲིད་སྟོན་བསམ་འཆར་བཏོན་ནས། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་འབྲེལ་(PPP)བྱེད་སྟངས་རྒྱ་ཆེར་སྤེལ་ཏེ། སྤྱི་ཚོགས་ཀྱི་མ་དངུལ་རིག་གནས་ཤུལ་དངོས་སྲུང་སྐྱོབ་དང་བེད་སྤྱོད་དུ་ཞུགས་པའི་ཐབས་ལམ་རྒྱ་ཆེར་བསྐྱེད་དགོས། ལྔ་ནི་ཀྲུང་དབྱང་ནོར་སྲིད་ཀྱི་རིག་གནས་ཤུལ་དངོས་སྲུང་སྐྱོབ་ཀྱི་ཆེད་དོན་མ་དངུལ་ལ་སྣེ་ཁྲིད་པར་ཤུགས་སྣོན་པ། གལ་ཆེའི་རྣམ་གྲངས་དང་གཙོ་གནད་ལས་གྲྭ། སྲིད་ཇུས་གལ་ཆེན་ལག་བསྟར་བྱེད་པར་འགན་སྲུང་བྱ་ཆེད་ཞིང་ཆེན་རིམ་པ་དང་གྲོང་ཁྱེར། རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་མ་དངུལ་གཏོང་བར་དོན་འཁྱོལ་བྱ་དགོས།
  2017ལོ་ནི་“ལོ་ལྔ་ཚན་བཅུ་གསུམ་པའི་”འགག་རྩའི་ལོ་ཞིག་ཡིན་པས།  རྒྱལ་ཁབ་རིག་དངོས་ཅུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་རིག་དངོས་ལས་དོན་སྐོར་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་ནན་ཏན་བྱེད་པ་དང་།《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་དངོས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་》ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་གཏིང་ཟབ་བྱེད་པ།《རྒྱལ་ཁབ་ཀྱི་རིག་དངོས་བྱ་གཞག་གོང་འཕེལ་གཏོང་བའི་“ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་》ལག་ལེན་མཐར་འཁྱོལ་ཡོང་བར་སྐུལ་འདེད་བཅས་བྱས་ཏེ།  རིག་དངོས་བྱ་གཞག་བདེ་ལེགས་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་། ཀྲུང་གོའི་གནས་བབ་དང་མཐུན་པའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་ལམ་བུ་ཞིག་གསར་གཏོད་བྱས་ཏེ་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་ཀྱི་དམིགས་ཚད་མངོན་འགྱུར་དང་།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ལེགས་འགྲུབ་འབྱུང་བ་ལ་ལེགས་སྐྱེས་སྔར་ལས་ལྷག་པ་འབུལ་དགོས།
འབྲེལ་ཡོད་རྩོམ་ཡིག