ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ཏ་ཆུང་ངོ་སྤྲོད་མདོར་བསྡུས།

2020-01-14 སྣང་རྡོས་བསྒྲིགས།

     ཏ་ལེན་ནི་བོད་ཡུལ་ན་དར་ཁྱབ་ཆེ་བའི་ཉེར་མཁོའི་ཅ་ལག་ཅིག་ཡིན་ལ། ཏ་ལེན་ལ་ཡང་བཀོལ་སྤྱོད་ཀྱི་ཁྱད་པར་ལྟར་ཆེ་ཆུང་དང་བཟང་ངན་ཡོད་པ་ཡིན། དཔེར་ན་རྟ་དང་སྣ་མ་ལ་འགེལ་བྱའི་ཏ་ལེན་ཆེན་པོ་ཞིག་དང་། རྒྱུན་ཟས་རྩམ་པ་དང་ཅ་ནེ་མར་དང་ཕྱིར་བ་ཁ་ཟས་སོགས་བླུགས་སའི་ཏ་ཆུང་ཞིག་ཡོད་པ་ཡིན། འདི་ནས་ཏ་ལེན་ལས་ཨ་མདོའི་ཡུལ་ན་དར་ཁྱབ་ཆེ་བའི་ཏ་ཆུང་གི་སྐོར་ནས་ངོ་སྤྲོད་ཅིག་བྱེད།
    ཨ་མདོའི་ཡུལ་ན་དར་ཁྱབ་ཆེ་བའི་ཏ་ཆུང་ལྟ་བུ་ནི། གཙོ་བོ་རྩམ་པ་དང་མར། ཅ་ནེ་དང་ཚྭ་སོགས་ཉིན་རྒྱུན་གྱི་ཁ་ཟས་བླུགས་སྣོད་ཡིན་ལ། མ་ཟད་སྨན་དང་ཚྭ་སོགས་ཀྱང་འཇོག་ཆོག་པས་སྨན་ཁུག་དང་། ཚྭ་ཁུག་སོགས་ཆེ་ཆུང་མང་པོ་ཡོད་པ་ཡིན། སྤྱིར་བཏང་ཏ་ཆུང་ནི་ལྤགས་པ་དང་། རས་སྣམ་སོགས་ཀྱིས་བཟོས་ཤིང་། དེའི་དབྱིབས་ནི་ཏ་ལེན་དང་འདྲ་བར་ཁུག་མ་གཉིས་ཀྱི་མགོ་སྦྲེལ་བར་བྱས་ཏེ་ཡོད་ཅིང་། ཁུག་མ་སོ་སོར་ཁ་ཐིག་རེ་ཡོད་པ་དང་། ཏ་ལེན་ལས་ཆུང་བས་ཏ་ཆུང་ཞེས་འབོད་པ་ཡིན།
    དེའི་ནུས་པ་དང་ཡོན་ཏན་གྱི་ཕྱོགས་ནས། གཙོ་བོ་རོང་འབྲོག་མང་ཚོགས་ཀྱི་ཉེ་བར་མཁོ་བའི་ཅ་ལག་ལས་གཅིག་ཡིན་པས། དེ་ནི་རྩམ་ཁུག་ཡིན་ན་ཆོག་ལ། སྨན་ཁུག་དང་ཚྭ་ཁུག་ཡིན་ནའང་ཆོགསོ་སོའི་དགེ་མཚན་མང་པོ་ཞིག་མངོན་ཡོད་པ་ཡིན། དཔེར་ན་རྩམ་ཁུག(རྩམ་ཏ་ཟེར)ལྟ་བུར་མཚོན་ན། དེའི་ནང་དུ་རྩམ་པ་ཉུང་ཉུང་ཙམ་བླུགས་རྗེས་ནང་དུ་མར་རྡོག་ཆུང་ངུ་ཞིག་འཇོག་པ་དང་། ཕྱོགས་གཞན་པའི་ཁུག་མའི་ནང་དུ་ཇ་ཚྭ་དང་། ཅ་ནེ། མེ་ཆ་སོགས་འཇོག་པ་ཡིན།
    འདི་ནི་འབྲོག་པ་ཡིན་ན་ཆོག་ལ་རོང་བ་ཡིན་རུང་ཆོག ཁོའི་ཉིན་གཅིག་གི་ཟ་མ་སྟབས་བདེའི་ངང་ཏ་ཆུང་ནང་དུ་བསྡུས་ཡོད་ལ། མ་ཟད་གཙང་སྤྲའི་དང་དོད་ཀྱི་ཐད་ནས་ཀྱང་རང་ཉིད་ཀྱི་ཁ་ཟས་དང་ཡོ་བྱེད་ལ་བདག་གཉེར་བྱས་པ་ཚགས་དམ་པོ་ཡིན་པ་མངོན་ཐུབ་པ་ཡིན།
    དེ་དང་འབྲེལ་ནས་འབྲོག་པའི་ཚྭ་ཁུག་དང་སྨན་ཁུག་སོགས་ཀྱང་སྟབས་བདེ་ལ་བདེ་འཇགས་ཡིན་པའི་ཁྱད་པར་གྱི་ཡོན་ཏན་ལྡན་ཡོད་པ་ཡིན་ནོ།།
འབྲེལ་ཡོད་རྩོམ་ཡིག