ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ལོ་རྒྱུས་ཡུན་རིང་ལྡན་པའི་རྫ་ཆས་བཟོ་རྩལ་མ་ཉམས་རྒྱུན་འཛིན་བྱེད།

2020-05-13 སྣང་རྡོས་བསྒྲིགས།

         ལོ་ངོ་སྟོང་ཕྲག་མང་པོའི་རིང་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་རྫ་ཆས་ནི་མེད་དུ་མི་རུང་བའི་འཚོ་བའི་མཁོ་ཆས་ཤིག་རེད། ཁ་ལག་བཟོ་བ་དང་། ཇ་འཐུང་བ། ཆང་བླུགས་པ། འབྲུ་རིགས་ཉར་ཚགས། སྣུམ་བླུགས་པ་སོགས་ཕྱོགས་གང་ས་ཅི་ཐད་ལ་རྫ་ཆས་ཧ་ཅང་གོ་ཆོད་པོ་ཡོད། གཞན་ཡང་། རྫ་ཆས་ནི་རྒྱུན་གཏན་གྱི་འཚོ་བའི་མཁོ་ཆས་ཙམ་མ་ཡིན་པར་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་མི་རིགས་ཀྱི་ལག་ཤེས་ཐོན་རྫས་ཤིག་ཀྱང་རེད། བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་རྫ་ཆས་ནི་འཚོ་བའི་ཆ་ཤས་གལ་ཆེན་ཞིག་རེད་ལ། འཚོ་བའི་ཁྲོད་ཀྱི་རོགས་ཟླ་ཡག་ཤོས་ཤིག་ཀྱང་རེད།

         མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་ནས་བར་ཐག་སྤྱི་ལེ་2ཙམ་ཆོད་པའི་དག་པ་གྲོང་ཚོའི་སྲོལ་རྒྱུན་གྱི་རྫ་ཆས་བཟོ་རྩལ་དེ་དེ་གའི་མང་ཚོགས་ཚོས་ལག་ཤེས་ལ་བརྩིས་ཏེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས། ལོ་ངོ་སྟོང་ཕྲག་ཁ་ཤས་གོང་དུ་དག་པ་གྲོང་ཚོར་ཡེ་ཤེས་རྡོ་རྗེ་ཟེར་བའི་མི་ཞིག་ཡོད་པ་དེས་འདམ་པ་ཞིག་རང་ཉིད་ཀྱི་ལྷ་ངར་སྦྱར་ནས་ཕོར་པའི་བཟོ་དབྱིབས་ཀྱི་སྣོད་ཆས་ཤིག་བཟོས་པ་དང་དེ་ནས་བ་ཕྱུགས་ཀྱི་སྣའི་ཨ་ལོང་ལ་དཔེ་བལྟས་ནས་ཕོར་པའི་ལུང་བཟོས་པ་རེད། དུས་དེ་ནས་བཟུང་གྲོང་ཚོ་དེར་རྫ་ཆས་བཟོ་རྩལ་དར་བ་རེད་ཅེས་པའི་ཤོད་སྲོལ་ཡོད།

         ལོ་ངོ་སྟོང་ཕྲག་རིང་འགྱུར་ལྡོག་བྱུང་མེད་པའི་ལག་ཆ་དང་ཐབས་ཤེས་ལ་བརྟེན་ནས་བསྲེགས་པའི་དག་པའི་རྫ་ཆས་རེ་རེ་ནི་ཁྱད་དུ་འཕགས་པ་ཞིག་ཡོད་ལ། བོད་ཀྱི་རྫ་ཆས་ཁྲོད་ནས་སྤུས་ཀ་ལེགས་ཤོས་ཀྱི་གྲས་ཤིག་ཀྱང་རེད། “ལག་ཤེས་བྱང་ཆུབ་པའི་མི་ཞིག་གིས་ཉིན་གཅིག་ལ་བཟོ་དབྱིབས་མི་འདྲ་བའི་རྫ་ཆས་3ལས་ལྷག་པ་བཟོ་མི་ཐུབ། རྫ་ཆས་བཟོ་བའི་ལག་ཤེས་ནི་ཞིབ་ཚགས་པའི་ལས་ཀ་ཞིག་ཡིན་པས་རྫ་ཆས་རེར་བཟོ་མཁན་གྱི་བསམ་ཚུལ་མི་འདྲ་བ་རེ་འདུས་ཡོད”ཅེས་དག་པ་གྲོང་ཚོའི་ཕག་རས་ཚོགས་ཆུང་གི་ཚེ་རིང་གིས་ངོ་སྤྲོད་བྱས།
         དག་པའི་རྫ་ཆས་ལ་ལོ་རྒྱུས་ཡུན་རིང་ལྡན་པས་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ཟབ་མོ་འདུས་ཡོད། དག་པའི་རྫ་ཆས་དར་ནས་ལོ་ངོ་སྟོང་ཕྲག་ལྷག་ཙམ་སོང་བའི་ལོ་རྒྱུས་ནང་ལག་ཤེས་རྒྱུན་འཛིན་བྱེད་པར་དགེ་རྒན་གྱིས་དགེ་ཕྲུག་ཉར་བ་དང་ངག་རྒྱུན་ནས་སློབ་པའི་ཐབས་ཤེས་རྒྱུན་འཁྱོངས་བྱས་སྟབས། ཕན་ཚུན་སྤེལ་རེས་ཉུང་དྲགས་པའི་དབང་གིས་ལག་ཤེས་དང་བཟོ་རྩལ་ཐད་སྔར་བཞིན་སྲོལ་རྒྱུན་གྱི་རྣམ་པ་ཙམ་ལས་གོང་འཕེལ་དེ་ཙམ་བྱུང་མེད།

         ཉེ་བའི་ལོ་ཤས་རིང་མལ་གྲོ་གུང་དཀར་རྫོང་གིས་ཁྱད་ལྡན་ཐོན་ལས་ལ་སྲིད་ཇུས་ཀྱི་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། 2006ལོར་དག་པ་གྲོང་ཚོའི་དམངས་ཁྲོད་ཀྱི་སྲོལ་རྒྱུན་རྫ་ཆས་བཟོ་རྩལ་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོར་ཚུད། 2009ལོའི་ཟླ་10པར་མལ་གྲོ་གུང་དཀར་རྫོང་གིས་སྒོར་ཁྲི་100ལྷག་ཙམ་བཏང་ནས་དག་པའི་རྫ་ཆས་བཟོ་གྲྭ་བསྐྲུན་པ་དང་དེ་ནས་ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་གྱི་རོགས་སྐྱོར་ལ་བརྟེན་ནས་རྫ་བསྲེགས་སྒྲིག་ཆས་ཉོས། 2011ལོའི་ཟླ་11པར་མལ་གྲོ་གུང་དཀར་གྱི་དག་པའི་རྫ་ཆས་ཆེད་ལས་མཉམ་ལས་ཁང་དངོས་སུ་བཙུགས་པ་རེད། འདི་ལོ་དག་པ་གྲོང་ཚོའི་རྫ་ཆས་བཟོ་གྲྭའི་གཉེར་སྐྱོང་དོ་དམ་རྣམ་གྲངས་ལ་ཆོག་མཆན་ཐོབ་པས་སྒོར་ཁྲི་320ལྷག་ཙམ་བཏང་སྟེ་སྒྲིག་ཆས་གསར་པ་ཉོ་བ་དང་། ཤེས་ལྡན་པ་གསོ་སྐྱོང་། ཁྲོམ་རའི་དྲིལ་བསྒྲགས་ཇུས་འགོད་སོགས་ལ་སྤྱོད་རྒྱུ་རེད།

         མལ་གྲོ་གུང་དཀར་རྫོང་གིས་དེའི་ཐད་འབྲེལ་ཡོད་ལས་དོན་མང་པོ་བསྒྲུབས་ཡོད། སླད་ཕྱིན་མུ་མཐུད་ནས་ཤུགས་སྣོན་བརྒྱབ་སྟེ་ལོ་ངོ་སྟོང་གི་རིག་གནས་དང་སྒྱུ་རྩལ་གྱི་ཉིང་བཅུད་འདུས་པའི་རྫ་ཆས་དེ་དག་དེང་སང་ཡང་སྤྱོད་གོ་ཆོད་པ་དང་སྔ་དེང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་མ་ཟད། ད་དུང་ལོ་རྒྱུས་རིག་གནས་དེ་དེང་རབས་ཀྱི་ཤེས་དཔལ་དང་། དེང་རབས་ཀྱི་སྒྱུ་རྩལ། དེང་རབས་ཀྱི་དར་སྲོལ། དེང་རབས་ཀྱི་ཚོང་གཉེར་བྱེད་སྟངས་བཅས་དང་ཟུང་འབྲེལ་བྱས་ནས་ཁྱད་དུ་འཕགས་པའི་མི་རིགས་ཀྱི་ཉམས་འགྱུར་ཞིག་ཏུ་འགྱུར་བ་བྱ་རྒྱུ་རེད།

         དག་པའི་རྫ་ཆས་ལ་སྣ་ཁ་ཧ་ཅང་མང་པོ་ཡོད་ཀྱང་དེའི་ནང་མང་ཆེ་བ་ནི་བོད་རིགས་མང་ཚོགས་ཚོའི་འཚོ་བའི་མཁོ་ཆས་ཡིན་པ། དཔེར་ན། རྫ་ཕོར་དང་། ཆང་ཕོར། ཆང་རྐྱན། ཇ་རྐྱན། སྣུམ་བན་སོགས་ཡོད་ལ། ཁོག་ལྟིར་དང་། བསང་ཕོར། རྫ་ཀོང་སོགས་ཀྱང་ཡོད། ད་ཆ་ཡུལ་སྐོར་ལས་རིགས་ཟམ་མི་ཆད་པར་འཕེལ་རྒྱས་སོང་བ་དང་བསྟུན་ནས་དག་པ་གྲོང་ཚོས་རྫ་ཆས་སྣ་ཚོགས་ཡུལ་སྐོར་དྲན་རྟེན་དངོས་རྫས་དང་མཛེས་རྒྱན་དངོས་ཟོག་གི་རྣམ་པའི་ཐོག་ནས་གསར་སྤེལ་དང་བརྒྱུད་བསྒྲགས་བྱས་ཏེ་དག་པའི་རྫ་ཆས་ཀྱི་སྙན་གྲགས་ཆེ་རུ་གཏོང་བ་དང་རིག་གནས་ཀྱི་སྤུས་རྟགས་གཏོད་རྒྱུར་གཞོལ་བཞིན་མཆིས། རྫ་ས་ནི་རྫ་ཆས་བཟོ་བའི་རྒྱུ་ཆ་མེད་དུ་མི་རུང་བ་ཞིག་ཡིན། རྫ་ས་སྤྱད་དེ་བཟོ་ལྟ་ཕུན་སུམ་ཚོགས་པའི་རྫ་ཆས་བཟོ་གི་ཡོད།
རྫ་ཆས་གསར་བཟོ་བྱས་པར་བརྟེན། མིའི་རིགས་ཀྱི་སྤྱི་ཚོགས་འདི་ཉིད་རྡོ་ཆས་རྙིང་མའི་དུས་རབས་ནས་རྡོ་ཆས་གསར་མའི་དུས་རབས་བར་འཕེལ་རྒྱས་བྱུང་སྟེ། མིའི་རིགས་ཀྱི་ཤེས་དཔལ་ལ་འཕེལ་རིམ་གལ་ཆེན་བྱུང་ཡོད། རྫ་ཆས་དེ་དག་ལ་ལོ་ངོ་སྟོང་གི་གཏམ་རྒྱུད་དང་འཛད་མཐའ་བྲལ་བའི་བསམ་བློ་མང་པོ་འདུས་ཡོད། དེ་ནི་མི་རྣམས་ཀྱིས་རང་བྱུང་ཁམས་ལ་ཉེ་བཅར་བྱས་པའི་ཐོན་རྫས་ཐོག་མ་ཡིན་ལ། མིའི་རིགས་ཀྱི་བྱེད་སྒོ་དང་འཕེལ་རྒྱས་ཀྱི་དྲན་ཤེས་ཤིག་དེ་བས་ཀྱང་རེད།
         བོད་ཀྱི་དམངས་ཁྲོད་ལག་བཟོས་རྫ་ཆས་ལ་ད་བར་ལོ་ངོ་4000ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། བོད་མིའི་འཚོ་བའི་ཁྲོད་དུ་རྫ་ཆས་ཀྱིས་གནས་བབ་ཧ་ཅང་གལ་ཆེན་པོ་བཟུང་ཡོད། གོ་ཐོས་ལྟར་ན། དུས་རབས་གོང་མའི་ལོ་རབས་བདུན་ཅུའི་གོང་དུ། བོད་རིགས་མང་ཚོགས་ཚོའི་འཚོ་བའི་ཁྲོད་ཀྱི་སྣོད་ཆས་གཙོ་བོ་ནི་རྫ་ཆས་ཡིན་ཏེ། ཇ་སྐོལ་བ་དང་ཆང་བསྙལ་བ་སོགས་གང་བྱས་ཀྱང་ཕལ་ཆེར་རང་ཡུལ་ནས་ཐོན་པའི་རྫ་ཆས་སྤྱོད་ཀྱི་ཡོད། ཡིན་ན་ཡང་། ལྕགས་རིགས་དང་འགྱིག་རིགས་སོགས་ཀྱི་སྣོད་ཆས་དར་ཁྱབ་ཕྱིན་པ་དང་བསྟུན་ནས། ལྗིད་ཚད་ལྕི་བའི་རྫ་ཆས་སྤྱོད་མཁན་རིམ་བཞིན་ཉུང་དུ་ཕྱིན་པ་དང་ཆབས་ཅིག རྫ་ཆས་སྒྱུ་རྩལ་པ་མང་ཆེ་བ་ཡང་ལོ་རྒྱུས་ཀྱི་གར་སྟེགས་ལས་བབས་ནས་རྫ་ཆས་བཟོ་རྩལ་གྱི་རྒྱུན་སྐྱོང་མཁན་ཧ་ཅང་ཉུང་ཉུང་ཡིན་པ་རེད།
         ཡིན་ན་ཡང་དགའ་འོས་པ་ཞིག་ལ། རྫ་ཆས་རྒྱུན་འཛིན་པ་དེ་དག་གིས་རྒྱུན་འཛིན་པ་གསར་པ་བཙལ་ནས་རྫ་ཆས་སྒྱུ་རྩལ་མུ་མཐུད་རྒྱུན་འཛིན་བྱེད་བཞིན་ཡོད། གནའ་བོའི་རིག་གནས་ལ་དད་ཞེན་ཡོད་པའི་གྲོང་ཁྱེར་བ་དག་རྫ་ཆས་བཟོ་ཁང་དུ་བསྐྱོད་དེ་རྫ་ས་ལས་བཟོས་པའི་ཐོན་རྫས་མྱོང་རོལ་བྱེད་ཀྱི་ཡོད། དེར་བརྟེན་སྤྱིར་བཏང་ཐག་རིང་ལུང་ཁུག་ཏུ་ཡོད་པའི་རྫ་ཆས་བཟོ་ཁང་དེ་དག་གྲོང་ཁྱེར་ཆེན་པོར་སྤོས་ནས། མི་རྣམས་ལ་བསམ་པའི་ལོངས་སྤྱོད་མཁོ་འདོན་བྱེད་ཀྱི་ཡོད། འདི་ནི་མི་རྣམས་ཀྱིས་ལྷད་མེད་རྣམ་དག་གི“བྱིས་དུས”ཀྱི་སྣང་བ་ཕྱིར་དྲན་བྱས་པ་ཞིག་དང་། ཡང་ན་བོད་ཀྱི་རྫ་ཆས་སྒྱུ་རྩལ་གྱི་གསོན་ཤུགས་གསར་པ་ཞིག་ཡིན་ཡང་སྲིད།
འབྲེལ་ཡོད་རྩོམ་ཡིག