ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

མངའ་རིས་རྫོང་ཁག་གི་མིང་གི་བྱུང་བ།

2020-10-21
        སྤུ་ཧྲེང་རྫོང་།
        སྤུ་ཧྲེང་ཞེས་པ་འདི་ནི་ཞང་ཞུང་གི་སྐད་ཡིན་ཞིང་། སྤུ་ནི་གངས་དང་། ཧྲེང་ནི་རི་ཡིན་པས་ཡུལ་དེར་གངས་རིས་བསྐོར་ཡོད་སྟབས་གངས་རིའི་དོན་ཞེས་དང་། ཡང་ཁྱུང་ལུང་གི་བུ་འབྲིང་བ་ར་སྐྱོང་ཨོ་ནག་ཞེས་པས་ང་སྤྲིན་པུར་པུར་བྱེད་སའི་ཡུལ་དུ་འགྲོ་གི་ཡིན་ཞེས་བརྗོད་སྟབས། པུ་རངས་ཞེས་པའི་མིང་དེ་ལྟར་བྱུང་ཚུལ་སོགས་མདོར་ན་པུ་རངས་དང་། སྤུ་རངས། སྤུ་ཧྲང་། སྤུ་ཧྲེང་བཅས་འབྲི་སྲོལ་མི་འདྲ་བ་ཙམ་ལས་དོན་གཅིག་ཡིན།
        རྩ་མདའ་རྫོང་།
        རྩ་མདའ་ཞེས་པ་ནི་སྔོན་གྱི་རྩ་རང་རྫོང་དང་མདའ་པ་རྫོང་གཉིས་མིང་མཉམ་དུ་བསྒྲིལ་ནས་རྩ་མདའ་ཞེས་གསར་དུ་བཏགས་པའི་མིང་ཡིན།
        སྒར་རྫོང་།
        སྒར་རྫོང་ཞེས་པ་ནི་ཁང་པ་མེད་པར་སྦྲ་གུར་སོགས་ཕུབ་པའི་སྡེ་ཚོའམ་དམག་སྒར་ལ་སྒར་ས་ཞེས་ཟེར། འདིར་སྒར་རྫོང་ཞེས་པ་ནི་རྒྱལ་པོ་དགའ་ལྡན་ཚེ་དབང་གིས་ལ་དྭགས་བཙན་འཛུལ་པ་མཐར་སྐྲོད་པའི་སྐབས་ཀྱི་དམག་སྒར་དབྱར་ས་དགུན་ས་ཞེས་བྱུང་བ་ལས་འདིའི་སྒར་ས་ནི་སེང་གེ་གཙང་འགྲམ་གྱི་དགུན་སར་གོ་བ་ཡིན།
        རུ་ཐོག་རྫོང་།
        རུ་ཐོག་ཅེས་པ་ནི་ཐོག་མར་ཧོར་ཤན་པ་རྨེ་རུ་རྩེའི་མཁར་རྫོ་མོ་རུ་རྫོང་ཞེས་པ་གནས་འདིར་ཡིན་པ་ལ། རྗེས་སུ་དེར་རྫོང་དགོན་བཏབ་པས་རུ་ཐོག་རྫོང་ཞེས་པ་དེ་ལྟར་བྱུང་ཞེས་དང་། ད་ལྟའི་རུ་ཐོག་རྫོང་ཡང་སྔར་མིང་རང་སོར་བཞག་པའི་རྫོང་ཞིག་ཡིན།
        དགེ་རྒྱས་རྫོང་།
        དགེ་རྒྱས་ཞེས་པ་ནི་སྔོན་མདོ་སྨད་དགེ་རྒྱས་ཞེས་པའི་ཡུལ་ནས་སྡེ་ཚོ་འཆམ་མཐུན་མ་བྱུང་བར་ཁག་གཅིག་གནས་འདིར་ཁྱིམ་གཞིས་ཆགས་པས། ཐོག་མར་སྡེ་ཚོ་དེར་དགེ་རྒྱས་དང་དེ་ནས་རིམ་བཞིན་ཡུལ་ལུང་ཡོངས་ལ་དགེ་རྒྱས་ཞེས་ཐོགས་པ་ཡིན་ཞེས་ཟེར།
        སྒེར་རྩེ་རྫོང་།
        སྒེར་རྩེ་ཞེས་པ་ནི་སྔོན་མདོ་སྨད་སྒེར་རྩེ་ཞེས་པའི་ཡུལ་ནས་མི་ཁག་གཅིག་གནས་དེར་ཡོང་ནས་འབྲོག་སྡེ་ཆགས་པས། རྗེས་སུ་སྡེ་ཚོ་འདིར་སྒེར་རྩེ་ཞེས་མིང་ཐོགས་པ་ཡིན་ཞེས་ཟེར།
        མཚོ་ཆེན་རྫོང་།
        མཚོ་ཆེན་ཞེས་པ་ནི་བཀྲ་རི་གནམ་མཚོའི་ནུབ་ངོས་སྤྱི་ལེ་བཅུ་ལྷག་ཙམ་གྱི་སར་གནས་ཡོད་སྟབས། མཚོ་མིང་རྫོང་ལ་ཐོགས་པས་མཚོ་ཆེན་ཞེས་དང་། ད་ལྟའི་རྫོང་གི་གནས་ཡུལ་ནི་སྨན་སྡོང་ཞེས་པར་ཆགས་ཡོད།
འབྲེལ་ཡོད་རྩོམ་ཡིག