(白塔寺)དགོན་པ་འདི་པེ་ཅིན་ཧྥུ་ཁྲེང་སྒོ་མོ་ཆེའི་ནང་དུ་ཆགས། ལེའོ་རྒྱལ་རབས་ཀྱི་ཧྲའུ་ཁྲང་ཁྲི་ལོ་གཉིས་པར(༡༠༩༦)ལོར་བཞེངས་ཤིང་། ཡོན་རྒྱལ་རབས་ཀྲི་ཡོན་ཁྲི་ལོ་བརྒྱད་པར(༡༢༧༡)ཉམས་གསོ་བྱས། ཁྲི་ལོ་བཅུ་དྲུག་ལ་དགོན་མིང་ཏ་ཧྲའུ་དབན་ཨན་དགོན་ཞེས་བཏགས། མིང་རྒྱལ་རབས་ཐན་ཧྲུའུ་ཁྲི་ལོ་དང་པོར(༡༤༥༧)རྨེའོ་དབྱིང་ཞེས་དགོན་མིང་བསྒྱུར། དགོན་ནང་མཆོད་རྟེན་དཀར་པོ་ཞིག་ཡོད་པས་སྤྱིར་མཆོད་རྟེན་དཀར་པོ་དགོན་ཏེ་པེ་ཐཱ་སི་ཞེས་འབོད། དགོན་པ་དེའི་ནང་གི་མཆོད་རྟེན་དཀར་པོ་དེ་ནི་པེ་ཅིན་དུ་བཞེངས་པའི་བོད་ལུགས་མཆོད་རྟེན་སྔ་ཤོས་དེ་ཡིན། དེའི་བཟོ་དབྱིབས་བོད་ལུགས་མཆོད་རྟེན་ལ་དཔེ་བླངས་པ་ཙམ་མ་ཟད། འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་ཡང་འབྲེལ་བ་ཡོད་པ་སྟེ། 《ཡོན་རྒྱལ་རབས་ཀྱི་ལོ་རྒྱུས》སུ། ཆོས་འཕགས་མཆོག་གིས་བལ་ཡུལ་གྱི་བཟོ་པ་བོད་དུ་མཆོད་རྟེན་བཞེངས་པར(ཀྲུང་ཐུང་ཁྲི་ལོ་དང་པོར)འབོད་མྱོང་བ་མ་ཟད། ལས་ཀའི་ལྟ་ཞིབ་ཏུ་ཨ་ནི་མགོ་བཀོད་ཅིང་། ཕྱི་ལོར་མཆོད་རྟེན་བསྒྲུབས། འོན་ཏང་ཨ་ནི་མགོས་རང་ཡུལ་དུ་ལོག་རྒྱུའི་རེ་བ་གསོལ་བར་ཏི་ཤིས(ཆོས་འཕགས་ལ་ཟེར)གོང་མ་མཇལ་བར་འགྲོ་དགོས་པའི་བསྐུལ་མ་མཛད་ནས་སྐྲ་ཕུད་བཞེས་ཏེ་སློབ་མར་རྗེས་སུ་བཟུང་། དེ་ནས་ཏི་ཤྲིའི་རྗེས་འབྲངས་གོང་མ་མཇལ་བར་བསྐྱོད་ཅེས་གསལ། ཨ་ནི་མགོ་ནི་འགྲོ་མགོན་ཆོས་འཕགས་ཀྱི་སློབ་མའི་ཚུལ་དུ་ཏ་ཏུའུ(པེ་ཅིན)ལ་སླེབས།དོན་དུ་ཆོས་འཕགས་མཆོག་ལྷ་སར་བཞུགས་སྐབས་ཨ་ནི་མགོའི་མཆོད་རྟེན་བཞེངས་པའི་འཇོན་ཐང་ལ་མཐོང་ཆེན་གནང་། དོན་དེ་ཡོན་རྒྱལ་རབས་ཀྱི་ལོ་རྒྱུས་ཐོག་འཁོད་པ་ཕུད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི《ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་གི་དཀར་ཆག་ཤེལ་དཀར་མེ་ལོང》ནང་དུའང་འཁོད་འདུག་པར་སྐབས་དེའི་ས་སྐྱའི་དཔོན་ཆེན་དང་པོ་ཤཱཀྱ་བཟང་པོས་བལ་ཡུལ་པ་ཨ་ནི་མགོ་ཀུ་ལི་ཀུང་ཞེས་བྱ་བ་མཆོད་རྟེན་བཞེངས་པའི་བྱ་ལས་སུ་གདན་དྲངས།གཞན་ཡང་ཆོས་འཕགས་ཀྱི་རིན་ཆེན་མུ་ཏིག་ལ་སོགས་པ་ཞལ་འདེབས་གནང་བའི་སྐོར་སོགས་ཀྱང་གསལ། ཆན་ལུང་ཁྲི་ལོ་བཅུ་གཉིས་པར(༡༧༥༣)མཆོད་རྟེན་དཀར་པོ་དགོན་ལ་ཉམས་གསོ་བྱེད་སྐབས་མཆོད་རྟེན་ནང་གཙོ་བོ་མན་ཇུ་དང་། སོག རྒྱ། བོད་བཅས་ཡིག་རིགས་བཞི་ལས་བྲིས་པའི་གཟུངས་བསྡུས་ཆ་ཚང་དང་བོད་ཡིག་གི(འཕགས་པ་དཔའ་བར་བགྲོ་བའི་ཏིང་ངེ་འཛིན་གྱི་ཐེག་པ་ཆེན་པོའི་མདོ)ཤིང་ཙནྡན་དཀར་པོ་ལ་བརྐོས་པའི་སྤྱན་རས་གཟིགས་ཀྱི་སྐུ་ཆ་ཚང་ཞིག་ཡོད་པའི་རྒྱབ་མདུན་གཉིས་སུ་ཆན་ལུང་གོང་མས་མ་ཎི་ཡིག་དྲུག་གི་མཚལ་ཡིག་ཕྱག་བསྟར་མ་བཀོད་པ་ཞིག་བཅས་ཡོད་འདུག།